༄༅མངའ་རིས་སྤུ་རངས་འཁོར་ཆགས་ཁུལ་གྱི་ཞིང་ལས་དང་འབྲེལ་བའི་གནའ་སྲོལ་ཆོ་གའི་སྐོར་རགས་ཙམ་བརྗོད་པ།

གུ་གེ་ཚེ་རིང་རྒྱལ་པོ། སྤེན་འཛོམས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 04-03



 གུ་གེ་ཚེ་རིང་རྒྱལ་པོ། སྤེན་འཛོམས།

གཅིག ཞིང་རྨོད་ས་སྒོ་འབྱེད་པའི་ཆོ་ག
          དཔྱིད་ཀ་ཞིང་རྨོ་བའི་དུས་སམ་རོལ་ཁ་ཚུགས་པའི་སྐབས་ཀྱི་ཚེས་བཟང་དུས་བཟང་ཞིག་ལ་ལུང་པའི་ཕུ་ལ་བསང་གསོལ་གཏོང་བ་དང་།  འཁོར་ཆགས་དགོན་པའི་མགོན་ཁང་ནང་ལ་བསྐང་གསོ་གཏོང་བ།  དུས་མཚུངས་སུ་ཡུལ་གྱི་ཨ་ཁུ་ཇོ་བ་ལ་ཞིང་ཁའི་ས་སྒོ་དུས་ཅི་ཙམ་ལ་འབྱེད་མིན་སྐོར་སྐད་ཆ་འདྲི་ཞིང་། ས་སྒོ་དངོས་སུ་འབྱེད་པའི་ཉིན་དེར་གྲོང་པའི་ཕ་རྒན་དེ་ཡིས་ཞྭ་མོ་འབོག་ཏོ་གྱོན།   མནའ་མས་རྒན་ཆུང①དང་སྐེའུ་བཏགས་ཤིང་སྐྱིད་ལྤགས་གྱོན་ཏེ་ཆང་ཕུད་དང་ཇ་ཕུད་འཁྱེར་ནས་ཞིང་ཁའི་དཀྱིལ་ལ་བྱོན། ཕ་རྒན་ཆོས་ཤེས་མཁན་ཚོས་སོ་སོས་ཕྱག་དཔེ་ཞལ་འདོན་བྱེད་པ་དང་གལ་ཏེ་ཆོས་མི་ཤེས་པ་ཞིག་ཡིན་ཚེ།  ཆོས་གནས་ཞིག་ངེས་པར་དུ་གདན་འདྲེན་ཞུ་དགོས།   དེ་ཚེ་ཆོས་གནས་ཀྱིས་ཐོག་མ་བསང་ཞིག་བཏང་ཞིང་སེར་སྐྱེམས་ཕུལ།  དེ་ནས་ཕྱག་དཔེ་བཀྲ་ཤིས་བརྩེགས་པ་དང་འཇམ་དཔལ་མཚན་བརྗོད་སོགས་ཀློག་པ་དང་སྦྲགས་གཡག་གམ་མཛོ་མོ་མགོ་སྦྲེལ་བ་ཞིང་ཁའི་ནང་ལ་ཕར་ཚུར་ཐེངས་གསུམ་བཏང་ནས་ཞིང་རྨོ་བའི་ས་སྒོ་དེ་དངོས་སུ་འབྱེད་ཀྱི་ཡོད།
          དེ་བཞིན་འཁོར་ཆགས་ཡུལ་གྱི་ཞིང་པ་ཚོས་ཞིང་རྨོད་མ་ཁད་དུ་སྨོན་ལམ་ཞིག་འདོན་གྱི་ཡོད་པ་ནི། ཡ་མཆོད་ཅིག  ཞིང་མ་དེ་ལ་གནས་པའི་ས་བདག་ཀླུ་གཉན་ཐམས་ཅད།   ཡར་དཀོན་མཆོག་ལ་མཆོད་པ་དང་མར་ངན་སློང་ལ་སྦྱིན་པ།  བར་དུ་ཕ་མ་དགེ་འདུན་ལ་བསྙེན་བཀུར་དང་ཞབས་ཏོག རྒན་རྒོན་རྣམས་ལ་ཕེ②འགམ། སྟག་ཤར་རྣམས་ལ་ཆང་འཐུང་། བྱིས་པ་རྣམས་ལ་ཡོས་ཟ།  ཤ་ཤི་ཡས་མཛོ་ལ་མེད།   གས་ཆག་ཐོང་གཤོལ་ལ་མེད།  མཁྱེན་མཁྱེན་ཞེས་ལོ་ལེགས་བྱུང་ན་ཅི་དང་གང་ཡང་བྱེད་རྒྱུ་ཡོད་པའི་དོན་ཡིན། ཞིང་ཁའི་ཟུར་རེ་ལ་བཙག་དམར་པོ་བྱུག་པའི་རྡོ་ཞིག་བཞག་པ་དང་ཞིང་དབུས་ལ་རྡོ་དཀར་རྐྱང་ཞིག་བཞག་པ་ནི་ཞིང་འདེབས་ཀྱི་རྟེན་འབྲེལ་ཐོག་མ་དེ་ཡིན།  ས་སྒོ་འབྱེད་པའི་ཆོ་ག་དེ་བྱས་ཟིན་རྟིང་ལ་ཞིང་ཁ་དུས་ཅི་ཙམ་ལ་འདེབས་ནའང་འགྲིག་པའི་མོད་ལ་མི་ཚང་སོ་སོའི་ཁོམ་པ་ཡོད་མེད་སོགས་ཀྱི་སྟབས་ལ་བསྟུན་དགོས།
          ཞིང་ཁ་འདེབས་དུས་ལྔ་སྡེ་དགོས་པ་ནི་མཛོ་བོའི་སྣ་འཁྲིད་③མཁན་མི་གཅིག་དང་།    ཐོང་གཤོལ་གཏོང་མཁན་མི་གཅིག  སོན་བཤོ་མཁན་མི་གཅིག  གེ་ལུ་④འཐེན་མཁན་མི་གཉིས་བཅས་ཁྱོན་བསྡོམས་མི་ལྔ་⑤དགོས།   དེ་ཚེ་དོར་གཅིག་དང་དོར་གཉིས་ཞེས་སེམས་ཅན་གཅིག་དང་གཉིས་ཅི་ཡང་ཡོད་སྲིད།  དོར་སྦྲེལ་བའི་མཛོ་བོ་ཡི་གཉའ་ལ་གླང་ཆེན་གཉའ་འབེབས་ཞེས་པའི་གཉའ་ཤིང་ལྗི་ལ་མཁྲེགས་པ་ཞིག་དང་སྣ་ལ་སྦུག་⑥རྒྱུས་ནས་ས་སྒོ་འབྱེད་ཀྱི་ཡོད།   མཛོ་ཡི་རྣ་ཅོག་ལ་སྟོང་སྐུད་དམར་པོ་བཏགས་པ་ནི་ས་སྟེང་གི་སྲོག་ཆགས་འབུ་འམ་སོགས་ཞིང་རྨོད་པའི་ལམ་ལ་མ་བསྡད་པར་བྲོས་པའི་ཆེད་དུ་རེད། གང་ལགས་ཤེས་ན་མཛོ་མོའི་རྣ་ཅོག་ལ་སྒྲོག་པའི་སྟོང་སྐུད་དམར་ལྷེབ་ཙམ་བྱས་ཚེ་འབུ་ཡོད་དོ་ཅོག་བྲོས་འགྲོ་གི་ཡོད་པ་ནི་དེ་གློག་དམར་འཁྱུག་ཙམ་བྱེད་པར་སྙམས་ལ་མཛོ་ཡི་སྐེ་ལ་དྲིལ་བུ་བཏགས་ཡོད་པ་དེའི་སྐད་ཐོས་མ་ཐག་འབྲུག་སྒྲ་ལྡིར་བར་མངོན། དེ་ཡང་ཞིང་རྨོད་འགོ་ཚུགས་པ་ནས་ངལ་གསོ་མ་བརྒྱབ་བར་དུ་རྨོད་མཁན་དེས་གཞས་གདངས་རིང་ཞིག་ཡང་ཡང་གཏོང་གི་ཡོད་པ་ནི། ཨོམ་མ་ནི་པེད་མེ་ཡར་ལ་ཧུམ་མོ་ཧྲེ་ཞེས་ཀྱི་ཡོད། ཨོ་ཧོ་ཞེས་པ་དང་མཛོ་མོ་དེ་ཕར་འགྲོ་བ་ལ་ཡང་ཁ་ཉལ་ཁ་ཉལ⑦ལ་མ་ནི་པད་མེ་ཧུམ་ཟེར་བ་དང་མཛོ་མོ་ཁ་ཚུར་བསྒྱུར་ནས་རང་བཞིན་གྱིས་ལོག་ཡོང་གི་ཡོད།
          ཞིང་རྨོད་དུས་ཐོང་གཤོལ་ལ་བུ་ཡིས་ལག་པ་འཆང་བ་ལས་བུ་མོས་ལག་འཇུ་མི་ཆོག་པ་ནི་རོལ་དམར་པོ་⑧ཡོང་ཞེས་ཀྱི་ཡོད།  ཞིང་ཁ་རྨོད་སློག་རྒྱག་པའི་རྗེས་དུས་ཚོད་ངེས་ཅན་ཞིག་འདས་རྗེས་སུ་ཞིང་ལ་ལྗང་པ་སྔོ་བེར་རེར་ཡར་ཐོན་པ་དང་བུད་མེད་ཚོས་ས་སྐྱོར་བརྒྱབ་ནས་གླིང་གྲུ་བཞི་མང་པོ་བཟོ་བ་དང་སྦྲགས་ཞིང་ནང་ལ་ཆུ་འདྲེན་འགོ་བཙུགས། འཁོར་ཆགས་ཁུལ་ལ་ཞིང་འདེབས་དུས་སྐྱེས་པ་ཕོས་ནུས་ཤུགས་གང་ཡོད་འདོན་པ་ལས་ཞིང་ལ་ཆུ་གཏོང་རྒྱུ་དང་།  ཡུར་མ་ཡུར་རྒྱུ་བཅས་ཐམས་ཅད་ནི་བུད་མེད་ཀྱི་ལས་ཀ་ཡིན།  རྒྱུ་མཚན་ནི་དབྱར་དུས་སུ་སྐྱེས་པ་བུ་ཚང་མས་ཚོང་བརྒྱག་པ་སོགས་ཕྱོགས་ལ་ཐོན་ནས་ཕྱི་ལས་བྱེད་ཀྱི་ཡོད།
          ཞིང་ཁའི་ཐོག་ལ་བརྒྱབ་ཡས་ཀྱི་ལུད་ནི་ར་ལུག་གི་རིལ་མ་ཕུད། སྔར་སྲོལ་ལ་ས་མང་པོ་བསགས་པའི་སྟེང་ལ་སེམས་ཅན་བ་དང་མཛོ་སོགས་ཉལ་དུ་བཅུགས་ཏེ། ལྕི་བ་དང་།  གཅིན་པ།  ཟ་ཡས་ཀྱི་རྩྭ་གཟན་སོགས་ཚང་མ་འདྲེས་པ་རུལ་དུ་འཇུག་པ་དེ་ལུད་ལེགས་པོར་འཛིན་ནས་བེད་སྤྱོད་གཏོང་གི་ཡོད།  སྤྱིར་བཏང་ཞིང་ཁ་མ་འདེབས་གོང་ལ་ལུད་བརྒྱབ་ཟིན་པ་བྱེད་དགོས། ཞིང་ཁ་ལེགས་པོ་ཡོད་ན་ལོག་བརྒྱབ་ཀྱིན་དུ་ལུད་གཏོར་གྱིན་ཡོད།   ལུད་གཏོར་ནས་ཞིང་མ་འདེབས་པར་དུས་ཚོད་རིང་པོ་ འཇོག་མི་ཉན།   གལ་ཏེ་དུས་ཚོད་རིང་པོ་འགོར་སོང་ན་ལུད་བསང་ནས་ནུས་པ་ཞན་པོ་ཆགས་འགྲོ་གི་ཡོད།   འཁོར་ཆགས་ཁུལ་དུ་ཞིང་ལ་ལུད་ཐེངས་གཅིག་ལས་བརྒྱབ་སྲོལ་མེད།  ཡང་ཞིང་ཁག་ཅིག་ཡག་པོ་མ་སྐྱེས་པའམ་སེར་པོ་ཆགས་ཀྱི་ཡོད་ན་ཁ་ལུད་ཞེས་པ་དེ་རྒྱག་དགོས་ཀྱི་ཡོད།  འོན་ཀྱང་དེ་འདྲ་བྱེད་པ་ཉུང་ཉུང་ཡིན། 
གཉིས། ཆོས་⑨དཔུང་འཁུར་རམ་ཆོས་གདན་ཞུའི་ཆོ་ག
          ཆོས་གདན་འདྲེན་ཞུ་བའི་ཆོ་གའི་དུས་ནི་ཞིང་ནང་གི་སྲན་མའི་མེ་ཏོག་འཆར་བ་དང་ནས་ཀྱི་སྙེ་མ་འབུས་པའི་སྐབས་སུ་ཡིན།   སྟོན་ཐོག་ལེགས་པོ་བྱུང་བའམ་ལོ་ཉེས་ཅི་བྱུང་ཡང་ཆོས་དཔུང་འཁུར་ཞེས་པའི་ཆོ་ག་དེ་དབུས་གཙང་ཁུལ་གྱི་འོང་སྐོར་དང་འདྲ་བར་འཁོར་ཆགས་ཡུལ་གྱི་སྐྱེ་བོ་ཕོ་མོ་རྒན་གཞོན་ཚང་མས་རྒྱན་གོས་ལེགས་པར་ཀླུབས་ཤིང་མདའ་དར་དང་རོལ་མོ་སོགས་ཐོགས་ཏེ་ཞིང་ལ་སྐོར་བ་བསྐོར་ཏེ་དགའ་སྟོན་དང་སྨོན་ལམ་འདེབས་པའི་ཡུལ་སྲོལ་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་གཅིག་ནས་སྟོན་ཐོག་ལ་གྲང་ངད་ཕོག་པས་ཪྙིད་ཅིང་རོ་བཅུད་དང་འབྲས་བུ་མི་གྲུང་བར་འགྱུར་བའི་འཁྱགས་སྐྱོན་སད་དང་སེར་བ་སོགས་ཀྱིས་གནོད་པ་ཕྲ་མོ་ཙམ་ཡང་མི་འབྱུང་བར་འགོག་པའི་ཆེད་དང་། གཉིས་ནས་ཆོས་ཀྱི་བྱིན་གྱིས་བརླབས་པས་ཆང་བཏུང་ནའང་འདྲ་རྩམ་པ་ཟ་ནའང་འདྲ་རོ་བཅུད་ཧ་ཅང་ཆེན་པོ་ལྡན་ལ་ཕུན་སུམ་ཚོགས་པ་ནམ་ཡང་རྫོགས་རྒྱུ་མེད་པར་མངོན། གསུམ་ནས་ཆོས་ཀྱི་བྱིན་གྱིས་བརླབས་ནས་ཞིང་ནང་གི་སེམས་ཅན་འབུ་སྲིན་སོགས་ལའང་གནོད་པ་མེད་པ་དང་མི་ལ་བསོད་བདེ་བསོད་ནམས་ལྡན་པར་མངོན།
          བསྐོར་བ་རྒྱག་སྐབས་སུ་ཕྱག་དཔེ་འཁུར་ནས་ཆོས་ཤེས་མཁན་ཚོས་ཁ་འདོན་བྱེད་ཅིང་མ་ནི་འདྲེན་ཀྱིན་འགྲོ་ལ་ན་ཆུང་ཆོས་མ་ཤེས་པ་དེ་ཚོ་ཡིས་གླུ་ལེན་ཞིང་འགྲོ་གི་ཡོད།  སྤྱིར་ན་ལེགས་ཤོས་བྱུང་ན་མི་ཚང་རེ་ནས་མི་གང་མང་དང་ཉུང་ཐར་ཡང་མི་རེ་ངེས་པར་དུ་ཐོན་དགོས།  འཁོར་ཆགས་ཡུལ་མི་ཚང་མ་ཆོས་དད་ཆེ་བས་ལོ་གཅིག་དུས་གཅིག་གི་ཆོ་ག་དེ་ཡི་ཚེ་རང་འགུལ་གྱིས་མི་གང་མང་ཐོན་ཐུབ་པ་བྱེད་ཀྱི་ཡོད་པ་ལས་དེ་ལ་བཀོད་པ་གཏོང་བའམ་ཚོད་འཛིན་བྱེད་སྲོལ་མ་མཆིས།  དེའི་ཉིན་ཐོག་མ་འཁོར་ཆགས་དགོན་པའི་དགེ་འདུན་ཚོ་ལ་སྐུ་འགྱེད་ཕུལ་ཏེ་མཆོད་འབུལ་བྱས་ཤིང་དགེ་འདུན་ཚོས་ཀྱང་མགོན་ཁང་ནང་ལ་ཕེབས་ནས་བསྐང་གསོ་གཏོང་གི་ཡོད།
          ཆོས་རྒྱབ་ལ་འཁུར་ཡས་ནི་ཆོས་ཁང་ཆེན་མོའི་ནང་གི་བཀའ་འགྱུར་དང་བསྟན་འགྱུར་རམ་ཡུམ་ཆེན་པོད་ཏི་བཅུ་དྲུག་སོགས་ཡིན་ཞིང་དེ་དག་ལོ་རེ་ལ་མི་ཚང་སོ་སོས་བརྗེ་པོ་བརྒྱབ་ནས་འཁྱེར་བ་ལས་གཅིག་རང་ངེས་གཏན་གྱིས་འཁྱེར་སྲོལ་མེད།  དེ་ཚེ་སྐྱེས་ཕོ་མོ་རྒན་དར་གཞོན་བྱིས་པ་ལ་སོགས་པ་ཚང་མས་རྒྱན་གོས་ལེགས་ལ་གཟབ་མཆོར་སྤྲས་ཏེ་ཇོ་ཁང་གི་སྒོ་མདུན་དུ་འཛོམས་རྗེས་སུ་དཀོན་གཉེར་གྱི་མི་རེ་རེར་རྩིས་སྤྲོད་བྱེད་ཀྱི་ཡོད། དེ་རྟིང་ན་ཐོག་མར་གྲྭ་བའི་སེར་སྒྲེང་ཐོན་གྱི་ཡོད་དེ་ཨང་དང་ཤོས་ལ་བརྡ་རྔ་འཁྱེར་ཏེ་བྱོན། དེ་མཚམས་སུ་བྱོན་མཁན་གྲྭ་བ་དེས་དར་ལྕོག་ཆབ་དར་རམ་གསང་དར་འཁྱེར། དེ་ནས་དགེ་འདུན་བགྲེས་པ་འཁྲུས་གསོལ་བྱེད་མཁན་དང་གཞོན་པ་རྔ་དང་དུང་རྒྱ་གླིང་འཁྱེར་མཁན་དེ་དག་རིམ་གྱིས་བྱོན། དེ་རྗེས་སུ་ཇོ་ཁང་གི་རྟེན་གཙོའི་གྲས་རྗེ་བཙུན་སྒྲོལ་མ་གསུང་བྱོན་བསྣམས་པ་དེ་ཐོན།  དེ་འཁྱེར་མཁན་ངེས་པར་དུ་སྐྱ་མི་ཞིག་དགོས།   དེ་ནི་ཡུལ་པ་དམངས་ཚོགས་ནང་ནས་བྱ་སྤྱོད་ལེགས་ཤིང་ཚང་མས་གདེང་འཇོག་ཆེ་ལ་བློས་འཁེལ་ཆོག་པ་ཞིག་འདེམས་ཀྱི་ཡོད། དེ་བཞིན་མི་དེའི་ཆ་རྐྱེན་གཞན་ཞིག་ནི་ཕ་མ་གཉིས་འཛོམས་དང་། ཕྲུ་གུ་བུ་འཛོམས་ཡོད་མཁན། ཡན་ལག་སོགས་ལ་སྐྱོན་མེད་མཁན་ཞིག་དགོས།   དེ་ནི་ཡུལ་པའི་འགོ་བྱེད་མཁན་གྱིས་འདེམས་སྲོལ་ཡོད།  སྤྱིར་ན་ཁོ་ལོ་བསྟུད་མར་འགྲོ་དགོས་ཀྱང་དམིགས་བསལ་གནས་ཚུལ་བྱུང་ཚེ་བརྗེ་པོ་རྒྱག་པ་སོགས་ཀྱང་ཡོང་སྲིད། ཁོ་ལ་ཐོབ་ཐང་སོགས་ཅི་ཡང་མེད་མོད་ཀྱང་ཚུར་ལོག་ཡོང་དུས་ཁ་གཏགས་དཀར་གཙང་ཞིག་གཡོགས་སྲོལ་མཆིས།
          སྒྲོལ་མ་གསུང་བྱོན་གྱི་སྐུ་འཁྱེར་མཁན་མི་དེའི་རྗེས་སུ་སྐྱེ་ཕོ་ཚང་མའི་རྒྱབ་ལ་ལྷ་སྐུ་དག་འཁྱེར་བ་དང་བུ་མོ་ཚོས་བཀའ་བསྟན་འགྱུར་དང་ཡུམ་དང་ཉི་ཁྲི།   བརྒྱད་སྟོང་སོགས་འཁྱེར། ཕྲུ་གུ་ཆུང་ཆུང་དག་ལ་སོ་སོའི་ནང་གི་ཀུན་དགའ་ར་བའི་ནང་ན་མཆོད་པའི་བར་དོ་ཐོས་སྒྲོལ་ལ་སོགས་ཕྱག་དཔེ་ཆུང་ཆུང་དེ་དག་འཁྱེར་ཏུ་འཇུགས།  མདོར་ན་ཕོ་མོ་རྒན་རྒོན་དང་། དར་མ། ན་གཞོན། བྱིས་པ་སུ་ཡིན་ནའང་ཕྱག་དཔེ་དང་སྐུ།  མ་ནི་སོགས་འཁྱེར་ཡས་མེད་ན་ལུས་སྟོང་པར་ཞིང་བསྐོར་ལ་འགྲོ་བའི་ལུགས་སྲོལ་མེད།  ཕྱག་དཔེ་སྒལ་བར་འཁྱེར་ལུགས་ནི་ཡར་ཀྲོང་ཀྲོང་སླངས་ནས་འཁྱེར་འགྲོ་བ་ལས་མར་ཕྲད་ལ་བསྙལ་ནས་འཁྱེར་མི་ཆོག  འཁོར་ཆགས་ཡུལ་ན་གནས་སྡོད་བྱེད་པའི་གྲོང་པ་མང་ཆེ་བར་སྒེར་གྱི་མཆོད་ཁང་ནང་ལ་ཡུམ་ཆེན་པོ་ཏི་བཅུ་དྲུག་ཆ་ཚང་བ་ཡོད་གཤིས།  མི་ཚང་མང་པོ་ཞིག་གིས་དེ་ཚོ་འཁྱེར་ནས་སྐོར་བ་བསྐོར་བའང་ཡོད།  མདོར་ན་ཆོས་དཔུང་འཁུར་བ་ཚོས་ཐོག་མ་འཁོར་ཆགས་དགོན་པ་ལ་སྐོར་བ་བརྒྱབ་ཅིང་དེ་ནས་ལ་ལུང་མང་པོ་བརྒྱབ་ནས་ལ་མ་ལུང་⑩ཞེས་པ་དེར་སླེབས་དུས་ཚ་ཕོག་བརྒྱབ་པའང་གྲོ་གཟན་ཟས་ནས་དབུགས་ངལ་ཕྲན་བུ་གསོ་བ་དང་སྦྲགས་ཆུ་མིག་དྭངས་གཙང་དེར་རྗེ་བཙུན་སྒྲོལ་མའི་སྐུ་ལ་འཁྲུས་གསོལ་བྱེད་ཅིང་ཡང་ལུང་པ་རེ་རེའི་ནང་སླེབས་མ་ཁད་སྒྲོལ་མའི་སྐུ་ལ་འཁྲུས་གསོལ་ཐེངས་རེ་བྱེད་ཀྱིན་བྱོན།
          མཐར་དགོང་ག་དུས་སུ་ཟམ་འོག་མཚོ་ཆེན་ཞེས་པའི་ན་ཁ་ཆེན་པོ་དེར་མཉམ་འཛོམས་བྱས་ཤིང་མི་ཚང་སོ་སོའི་ཟ་རིགས་བཅུད་ལྡན་ཡོད་དོ་ཅོག་འདོན་ཡོང་ནས་ཚང་མས་མཉམ་བཟའ་མཉམ་འཐུང་གིས་ལོངས་སྤྱོད་བྱེད་ཀྱི་ཡོད་ལ་ཆང་བཏུང་བ་དང་གཞས་གཏོང་ཞབས་བྲོ་འཁྲབ་ཅིང་རྒྱུག་ཤར་གློད་པ་དང་བུ་དང་བུ་དབར་ལ་ཨབ་ཏང་འཆང་བ་དང་ཡང་མཚམས་རེ་བུ་རེ་དང་བུ་མོ་གཉིས་རེ་བྱས་ནས་བརྡབས་རེས་དང་དབྱུགས་རེས་བྱེད།  དེ་ནས་ཡང་བསྐྱར་དགོན་པར་བཅར་ནས་སྐོར་བ་ལན་གསུམ་བརྒྱབ་ཅིང་དགོན་པའི་ནང་ལ་ཆོས་མཇལ་ཞུས།  དེ་ནས་དགོན་པའི་མདུན་གྱི་རྡོ་གཅལ་ག་ལ་བ་དེར་འཛོམས་ནས་ཆང་བཏུང་བ་དང་གཞས་བཏང་བ། ཞབས་བྲོ་འཁྲབ་གྱིན་ལོ་དེར་ཆོས་དང་སྐུའི་བྱིན་རླབས་ཀྱིས་སད་དང་སེར་བ་མི་ཡོང་བ།   ཐན་པ་དང་ཆུ་སྐྱོན་མི་ཡོང་བ།  མི་ཕྱུགས་ལ་གནོད་པ་མི་ཡོང་བའི་དགེ་མཚན་དུ་མ་ཡོང་བའི་ཡིད་རྟོན་གྱི་བློ་ཡིད་ཚིམ་ཞིང་དགའ་སྐྱིད་ཀྱི་འཚོ་བར་རོལ་བར་བྱེད་དོ།།
གསུམ། རྩྭ་ཡན་དང་འབུ་སྐྱོན་མེད་ཐབས་ཆོ་ག
          དབྱར་དུས་སུ་ཞིང་ནང་ལ་རྩྭ་ཡན་སྐྱེ་བའི་གནོད་པ་དང་འབུ་སྐྱོན་བྱུང་ནས་སྟོན་ཐོག་ལེགས་པོ་མ་བྱུང་ཚེ་འཁོར་ཆགས་དགོན་པའི་དགེ་འདུན་ཚོ་ཞིང་ནང་ལ་གདན་འདྲེན་ཞུས་ནས་རྩྭ་འདོན་འབུ་འདོན⑾ཞེས་པའི་ཆོ་ག་གཏོང་སྲོལ་ཡོད། དེའི་ཚེ་འཁོར་ཆགས་སྟོད་པ་གྲོང་ཚོ་⑿དང་སྨད་པ་གྲོང་ཚོ་⒀བར་ལེ་⒁གྲོང་ཚོ་གསུམ་གྱི་བསྡུ་བྱ་བསྡུས་ནས་དགེ་འདུན་པ་ཚོ་ལ་ཉིན་གསུམ་རིང་མཆོད་ཆང་དང་གསོལ་ཇ་ཞུས།   དགེ་འདུན་པ་ཚོས་རྩྭ་འདོན་འབུ་འདོན་གྱི་ཆོ་ག་གཏོང་བ་ནི་སྐྱེར་བ་⒂ཟེར་བའི་ཕུར་བ་ཕྱོགས་བཞི་ལ་བརྒྱག་གི་ཡོད་ཅིང་དེའི་ལོག་ལ་ཨ: ་ཀ: ་ས: མ: ་ར: ་ཙ: ་ཤ: ད: ་ར: ་ས: མ: ་ར: ་ཡ: ་ཕགས་ཞེས་པ་བྲིས་ཡོད།  སྐུ་རིམ་དེ་བཏང་བའི་རྗེས་སུ་འབུ་ཚང་མ་ཤི་ནས་ཞིང་ལེགས་པར་སྐྱེས་ཀྱི་ཡོད་པའང་ཆོ་གའི་གོ་རིམ་ནང་མི་ཚང་མས་ཞིང་ལ་བདག་སྐྱོང་ལེགས་པར་བྱས་པའི་དབང་གིས་ཡིན།
བཞི། སྟོན་ཐོག་བསྡུ་འགོ་བཙུགས་པའི་ཆོ་ག 
          སྟོན་ཁ་སྟོན་ཐོག་ཚུར་བསྡུ་བའི་སྐབས་སུ་ཐོག་མ་ཡུལ་མི་རྒན་གྲས་ཀྱི་ངག་རྒྱུན་དང་། ཞིང་ཁའི་གནས་འབབ། ཚེས་ཆ་ལེགས་མིན་སོགས་ལ་བལྟས་ནས་ཇོ་བ་16ཡིས་རྩིས་བརྒྱག་དགོས།  བཙས་མ་ག་དུས་བརྔས་ན་ལེགས་མིན་ལ་རྩིས་གཤགས་ནས་ཚེས་ཆ་ལེགས་པ་ཞིག་ལ་གཏན་འཁེལ་བྱས།   དེ་ནས་ཉིན་དེར་སྟོན་ཐོག་གི་ཕུད་དཀར་ལྟས་17ཞེས་ཏོག་ཙམ་ཞིག་བརྔས།  དེའི་ཞོགས་པ་སྔ་བོ་ནས་དགོན་པའི་བཙུན་ཆུང་དག་ཞིང་ནང་ལ་བྱོན་ཏེ་རྔ་དང་རོལ་མོ་བཀྲོལ་ནས་ཆོ་ག་བྱས་རྗེས་སུ།   ནས་དང་སྲན་མའི་སྙིང་པོ་འཁྱེར་ཡོང་ནས་མེ་ལ་ཕུར་ཕུར་བཏང་བ་དང་སྦྲགས་འཁོར་ཆགས་ཇོ་བོའི་སྐུ་མདུན་ལ་ཕུལ། དེ་མ་ཉིད་དུ་ཁྱིམ་ཚང་ཡོད་དོའི་ཉུང་དཀར་དང་། ནས།  སྲན་མ།  ནས་སྲན་འདྲེས་པའི་སྐྱེར་རྩེ་ཞེས་པ་སོགས་ཀྱི་ཕུད་ཕྱག་པ་འཁྱེར་ཡོང་ནས་ཇོ་བོ་དངུལ་སྐུ་མཆེད་གསུམ་གྱི་སྐུ་མདུན་ལ་ཕུལ་ལ་ཞོག་ཁོག་དང་ལ་ཕུག་སོགས་ཀྱི་ཕུད་ཀྱང་ཇོ་བོའི་སྐུ་མདུན་ལ་ཕུལ་གྱི་ཡོད།
          འཁོར་ཆགས་ཁུལ་གྱི་ཞིང་པས་བཙས་མ་བརྔ་ཆས་ལག་ཆ་དེ་ཟོར་བ་ཡིན།  སྟོན་ཐོག་བསྡུ་སྐབས་ནས་རྡོག་ཅིག་དང་སྲན་མ་སྲན་རྡོག་གཅིག་ཀྱང་འཕྲོ་བརླགས་སུ་གཏོང་གི་མེད།  སྤུས་ཚད་ཨང་དང་པོར་འཇོགས་ནས་ག་ལེར་བྱས་ཏེ་ཐོན་བུ་18ཞེས་ནས་རྡོག་ཅིག་ཙམ་ཡང་མ་ལུས་པར་གཙང་མ་གཙང་རྐྱང་འཐུ་དགོས།   དེ་ཚེ་དུས་ཚོད་དམ་འཛིན་བྱེད་ཀྱི་ཡོད་པ་ནི།   མི་ཚང་དག་གིས་བཙས་མ་བརྔ་མཁན་ཚོས་ཉལ་ཆས་ཞིང་སྟེང་ལ་འཁྱེར་ནས་ཆུ་ཚོད་རེ་གཉིས་ཙམ་གཉིད་རྩེ་བཅག་སྟེ་ལམ་སེང་ལས་ཀ་བྱེད་དགོས་པ་མ་གཏོགས་ངལ་གསོ་རྒྱག་ཡས་ཉུང་ཉུང་ཡིན།  བཙས་མ་བརྔ་མ་ཐག་དེ་མ་ཉིད་དུ་དུད་འགྲོ་ལ་བཀལ་ནས་ལྕག་པོ་གཟབ་གཟབ་ནན་ནན་གྱི་སྒོ་ནས་དབོར་འདྲེན་བྱེད་དགོས།  དབོར་ཟིན་རྟིང་ཤུལ་ལ་སྙེ་མ་རྩ་བ་ནས་མཐོང་ཡས་མེད།  དེ་ནས་ལྕོག་བཟོས་ཏེ་ཉི་མ་བཅུ་གྲངས་འཇོགས་གཡུལ་ཁ་གཙང་མ་བཟོས་ནས་གཡུལ་ལས་བྱེད་དུས་འབྲི་དང་རྟ་འམ་མཛོ་སོགས་སེམས་ཅན་བདུན་སྦྲེལ་གྱིས་སྙེ་མ་བརྡུངས་བསལ་རྗེས་རླུང་པོར་འཕྱར་ཏེ་སྔོན་མོ་འབྲུ་དག་སྟང་རྩེ་19དང་ད་ཁལ་20སོགས་ནང་བླུགས་ཏེ་འབྲུ་ཡི་བང་མཛོད་ནང་ལ་དབོར་བ་དང་ཡང་འབྲུ་ཡི་བང་ཁྲི་ཤིང་གི་སྒམ་སོགས་ཀྱི་ནང་ལའང་བླུགས་ནས་གསོག་འཇོག་བྱེད་དོ།། 
ལྔ། དཀར་མོ་ནས་ཀྱི་མདའ་དར་བཙུགས་པ།
          འཁོར་ཆགས་ཡུལ་གྱི་སྦྲེ་དཀར་མོ་21ཞེས་ཁྱིམ་ཚང་ཐམས་ཅད་གཅིག་མཚུངས་བེད་སྤྱོད་གཏོང་ཡས་ཀྱི་འབྲུ་ཤར་བྱེད་ཀྱི་སྣོད་ཆས་ཤིག་ཡིན། དེ་ཡིས་ཤར་ཏེ་བང་ཁྲིའི་ནང་ལ་བླུགས་ཟིན་རྗེས་སུ་འབྲུ་ཡི་སྟེང་ལ་མདའ་དར་བཙུགས་ཀྱི་ཡོད།    རྒྱུ་ཕྱུག་ལ་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བ་ཚོ་ལ་ལོ་ཁ་ཤས་འཇོག་ཡས་ཀྱི་འབྲུ་ཡོད། བང་མཛོད་ནང་བླུགས་པའི་འབྲུ་ཡི་ཐོག་ལ་མདའ་དར་བཙུགས་ཡས་ཀྱི་དམིགས་ཡུལ་ནི།  དཀར་མོ་ནས་ཀྱི་བང་སྟེང་ལ་མཚོན་མདོག་ལྔ་ཡི་མདའ་དར་བཙུགས་ཞེས་དེ་གཡང་བཀུག་ཀྱི་ཕྱག་དཔེའི་ནང་ལ་ཐོན་གྱི་ཡོད།   འབྲུ་དཀར་མ་ཉམས་སྦྲེ་གང་མཚོན་པ་ལ། མདའ་མོ་དར་སྣས་རྒྱན་པ་བཙུགས་ཞེས། མདའ་དར་དེ་ནང་གི་གཡང་དེ་ཕྱི་ལ་མི་ཤོར་བ་བྱེད་མཁན་གྱི་སྲུང་མ་ཡིན་པར་མཚོན། གཡང་དར་དེ་ནི་གཡང་དང་བསོད་བདེ་ཚུར་འགུགས་ཡས་ཀྱི་ལག་ཆ་མེད་དུ་མི་རུང་བ་ཡིན།   གཡང་ནང་ལ་བཀུག་ན་འཚོ་བ་གྲ་རྒྱས་ཤིང་ཕུན་སུམ་ཚོགས་པ་ཡོང་བས་འཇིག་རྟེན་གྱི་ཆོས་ཉིད་དང་མཐུན་པར་བརྗོད། མདའ་དར་དེའི་སྒྲུབ་ཆ་ནི། མདའ་དང་། ས་ཆུ་མེ་རླུང་གཟུགས་སོགས་མཚོན་བྱེད་དམ་དབང་པོ་ལྔ་མཚོན་བྱེད་ཀྱི་དར་མཚོན་སྣ་ལྔ་།  བྱ་རྒོད་པོའི་གསོན་སྒྲོ་ཁག་གསུམ། མདེའུ་ལྕགས་ཟུར་གསུམ་རྩེ་རྣོ་བ་གཅིག གཡུ་གཅིག མེ་ལོང་གཅིག  དེས་གཡང་ག་ནས་ཡོད་པ་དག་གསལ་བས་ཚུར་ལམ་སེང་ལེན་ཐུབ་པའི་དོན། བྱུ་རུ་དམར་པོ་གཅིག དེས་མི་ཚེ་རིང་བ་དང་ཁམས་གསུམ་དབང་དུ་བསྡུ་བའི་དོན། གཡུ་སྔོན་མོ་གཅིག དེས་ཕྱི་ནང་གི་བར་ཆད་ཐམས་ཅད་འདོགས་པའི་དོན་བཅས་ཡིན། དེ་བཞིན་གཉེན་སྒྲིག་ཀྱི་མདའ་དར་ལ་གྲུམ་བུ་གཅིག་འདོགས་ཡོད་པ་དེ་ནི་མོ་ཡི་གཡང་ཡིན་པས་བླ་འདོགས་གཏོང་དུས་བུ་དང་བུ་མོ་གཉིས་ཀྱི་ལྷམ་སྒྲོག་སྣེ་ལྔ་ཡིས་བསྡམས་ཤིང་ལྷ་ལ་བསྒྲོགས་ནས་ཁོ་གཉིས་ནམ་འཆི་བར་དུ་འཇོགས། གྲུམ་བུ་ནི་མོ་མཚན་ནམ་ཕྲུ་གུ་ཆགས་སའི་བུ་སྣོད་ཀྱི་མཚོན་རྟགས་ཡིན།    གལ་ཏེ་ཁོ་གཉིས་ཁ་གྱེས་སོང་ན་མདའ་དར་ཡང་ཁ་འབྱེད་པ་ལས་མཉམ་དུ་བསྡམས་ནས་འཇོགས་སྲོལ་མེད།  བུ་ཡི་མདའ་དར་ལ་མེ་ལོང་བསྒྲོགས་ནས་ཡོད་པར་མེ་ལོང་ནི་ཕྱི་གསལ་ནང་གསལ་ཆོས་དང་འཇིག་རྟེན་གྱི་བྱ་བ་ཅི་ལའང་མི་རྨོངས་པ་ཏེ་སྐྱེ་ཕོ་རབ་ཀྱི་རྟགས་མཚན་ཡིན།   དེ་ཡང་མདའ་དར་ལ་གླུ་ཞིག་ཡོད་པར་དེའི་ཚིག་དོན་ནི་མདའ་མོའི་མདའ་སྟོད་དེ་དཀར་མོའི་མར་གྱིས་གསོས།   མདའ་མོའི་མདའ་སྐྱེད་དེ་དར་མཚོན་སྣ་ལྔས་གསོས།  མདའ་མོའི་མདའ་གཤམ་དེ་ནག་པོའི་ལྕགས་ཀྱི་གསོས་ཞེས་སོ།། 
དྲུག གཡུལ་སྐོར་ཆོ་ག
          ལྕོག་བརྒྱབ་པའི་ནས་ཀྱི་སྙེ་མ་དག་སྐམ་རྗེས་སུ་གཡུལ་ཁའི་ནང་ལ་དབོར་ཏེ་གཡུལ་ལས་བྱེད་འགོ་འཛུགས།    དེ་ཚེ་འཁོར་ཆགས་ཡུལ་གྱི་ཁྱིམ་ཚང་རེ་རེ་བཞིན་གྱིས་ཐོག་མ་སྲུང་མ་རྡོ་རྗེ་གཡུ་སྒྲོན་མ་གཡུལ་སྟེང་ལ་སྤྱན་འདྲེན་ཞུས་ནས་གཡུལ་ཁར་རབ་གནས་བརྒྱབ་ཏུ་འཇུག  མི་ཚང་ཚང་མས་སྲུང་མ་རྡོ་རྗེ་གཡུ་སྒྲོན་ལ་ཆང་པ་རིལ་གང་རེ་ཞུས་རྗེས་ཁོང་གིས་མཆོད་ཆང་ཞེས་མ་ཐག་འབྲུ་ཕུད་སྦར་མོ་སྒང་བསྣམས་ནས་གཡུལ་ཁར་གཏོར་ནས་རབ་གནས་སྐྱོན་པས་མི་ཚང་མ་བློ་བདེ་བག་ཕེབས་ངང་གཡུལ་ལས་བྱེད་པའི་འགོ་བཙུགས་ཀྱི་ཡོད།
          གཡུལ་ཁར་སྙེ་མ་བརྡུངས་བསིལ་མ་བྱེད་གོང་ལ་སྨོན་འདེབས་གཡུལ་གླུ་སྙན་འཇེབས་ལྡན་པ་དག་གཏོང་གྱིན་གཡུལ་བཅར་བྱེད། ཆོབ་ཆོབ་ཆོབ་ཆོབ་ཞེས་སྙེ་མ་ལ་བརྗོད་ཅིང་ཧོ་ཡོ་ཧོ་ཡོ་ཞེས་པ་ནི་དུད་འགྲོ་ལ་སྐུལ་མ་གཏོང་བའི་བརྡ་ཡིན།  དེ་ཡང་སྨོན་འདེབས་གཞས་ཚིག་ནི། སྐོར་གཅིག་སྐོར་གཉིས་སྐོར་དང་གསུམ། སྐོར་གསུམ་ལ་ཡི་རྩེ་མོ་ནས། མ་འོང་རྡོ་རྗེ་ཕུར་པ་22འདྲ། གླང་ཆེན་མཐའ་སྐོར་གཤོག་པ་འདྲ།  བསྐོར་བ་རེ་ལ་ཁལ་རེ་ཤོག གཉིས་བསྐོར་རེ་ལ་སྦྲེ་རེ་ཤོག མདའ་ཉལ་སྐེད་པ་ཉིལ་ལེ་ལེ། ནས་དང་ཕུང་མ་བསིལ་ལེ་ལེ། ནས་དོག་དཀར་མོ་ཉིལ་ལེ་ལེ། བསྐོར་བ་རེ་ལ་ཁལ་རེ་ཤོག གཉིས་བསྐོར་རེ་ལ་སྦྲེ་རེ་ཤོག བསྐོར་བ་རེ་ལ་ཁལ་རེ་ཤོག གཉིས་བསྐོར་རེ་རེ་ལ་སྦྲེ་རེ་ཤོག བཙས་མ་བརྔ་བ་སྐྱ་ཁྲོད་སྐྱ་ལ་ཁྲོད། ཞིང་མོ་ཁྱོད་ཀྱི་ནང་ལ་རྟ་བོ་རྒྱུག་རྒྱུ་བྱུང་ན། ཞིང་མོ་ཁྱོད་ཀྱི་སོག་མ་རྒྱ་ཤོག་རྒྱ་རེ་སྒྲིལ།  སོག་མ་སྙེ་མགོ་ཅིག་ལ་སྦྲེ་གང་ཡོང་བར་སྨོན།
          དེ་ནས་འབྲུ་ལྷག་པར་འཕྱར་དུས་ཀྱང་གླུ་གཏོང་གི་ཡོད་པར་དེའི་ཚིག་ནི། ཀུ་རུ་ཤོག་དང་ལ་ལུང་མ། འོང་བ་ཆེན་མོ་དེ་ནས་འདུག ལ་ལུང་མ་ལ་ཕ་ཡུལ་མེད། ཕ་ཡུལ་ཡོད་ཀྱང་སྡོད་དབང་མེད། འོང་བ་ཆེན་མོ་འདི་ནས་འདུག  དེ་རིང་འདི་ན་མགྲོན་ལ་ཕེབས།  ཀུ་རུ་གསོལ་གསོལ། ཀུ་རུ་ཀུ་རུ་ཞེས་གདངས་རིང་གི་གླུ་ཞིག་གཏོང་གི་ཡོད།
          འཁོར་ཆགས་ཡུལ་གྱི་གཡུལ་བརྡུངས་བསིལ་བྱེད་ཡས་ཀྱི་དུད་འགྲོ་སེམས་ཅན་མང་ཆེ་བ་རྟ་ཡིན།   རྟ་ནི་ཤུགས་ཆེ་ལ་སྡུག་རུས་ཐེགས་པ་མི་སྐད་གོ་བ་བཅས་ཀྱི་ཁྱད་ཆོས་ཡོད། དེ་ཡང་རྟ་གསར་ལ་སྒ་བརྒྱག་དུས་གཅོད་གཏོར་གཏོང་སྲོལ་ཡོད་པ་ནི།  ཐོག་མ་གྲོང་པའི་ཕ་རྒན་སོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས།   ནང་གི་རྟ་ཆས་ཏེ་དངུལ་སྲབ་དང།  གསེར་སྒ། བེམ་པོ།  གློ་སྨད། གཡུ་ཡི་ཐུར་མགོ་བཅས་འཁྱེར་ནས་རྟ་ལ་སྒྲོན་ཅིང་རྟ་ཐོག་ལ་ཞོན།  ཞོན་དུས་ཡང་གང་བྱུང་ཅི་འདོད་བྱེད་མི་ཆོག་པ་ནི། ཡོབ་གཡས་ནས་གཡོན་དུ་ཞོན་པ་སངས་རྒྱས་བསྟན་པ་དར་བའི་རྟེན་འབྲེལ་ཡིན་པར་མཚོན།  རྟ་ཐོག་ནས་འབབ་དུས་གཡོན་ནས་འབབ་དགོས་པ་ནི་དགྲ་བོ་འདུལ་བའི་རྟེན་འབྲེལ་ཡིན་པར་མངོན།  དེ་ཡང་གཡས་ནས་ཞོན་གཡས་ལ་འབབ་ན་འགྲིག་གི་མེད་དོ།།
          མཆན་འགྲེལ།
          ①རྒན་ཆུང་། སྤུ་རངས་ཀྱི་ཤོན་ཆས་ཡིན། སྤྱིར་ལྷོ་ཕྱོགས་རིགས་ལྡན་ཡུལ་ཡན་ཆོད་ནས་བྱང་ཕྱོགས་ལྔ་ལྡན་ཡུལ་མན་ཆོད་ལ་རྒན་ཆུང་དང་སྐྱེའུ་མཆོད་པའི་ལུགས་སྲོལ་ཡོད་པ་ལས་ཡུལ་གཞན་གྱི་མི་ལ་རྒྱན་གོས་དེ་རྩ་བ་ནས་མེད། ལྷོ་ཕྱོགས་རིགས་ལྡན་ཡུལ་དེ་དེང་བལ་ཡུལ་ཛུམ་ལང་ལ་ཡོད། བྱང་ཕྱོགས་ལྔ་ལྡན་ནི་མ་ཕམ་མཚོའི་རྒྱུད་ལ་བརྗོད།
          ②ཕེ། མངའ་རིས་ཁ་སྐད་དེ་དོན་དུ་ཕྱེ་ཞེས་པ་ནི་རྩམ་པ་ལ་གོ་དགོས། མངའ་རིས་ཁ་སྐད་ལ་ཡ་བཏགས་བསྐྱུར་བ་མང་བར་དཔེ་ན་ཕྱི་ལ་འགྲོ་ཞེས་པར་ཕི་ད་ལ་འགྲོ་ཟེར་བ་དང་སེམས་ཅན་ཕྱི་བ་ལ་ཕི་བ་ཞེས་པ་སོགས་སོ།
          ③སྣ་འཁྲིད། སྣ་འཁྲིད་མཁན་དེ་དོར་གཅིག་ལ་དགོས་པ་ལས་དོར་གཉིས་མ་ལ་དགོས་ཡས་མེད།  སྤུ་རངས་ཀྱི་ཡུལ་སྐད་ལ་མཛོ་བཀྱགས་ཀྱང་འབོད།
          ④གེ་ལུ། ས་སྙོམས་བྱེད་ཀྱི་ཤིང་ངམ་ལག་ཆ་དེ་ལ་བརྗོད། གེ་ལུ་འཐེན་མཁན་མི་གཉིས་ནི་གཅིག་གིས་རོལ་ཁ་སྟོན་པ་དང་གཞན་ཞིག་གིས་ས་ཞིང་ལ་འཇམ་སྟོན་གྱི་ཡོད་པར་བརྗོད།
          ⑤མི་ལྔ་པོ།  ཐོང་གཤོལ་འཛུགས་མཁན་དང་།  སོན་ཤོ་མཁན། མཛོ་སྣ་འཁྲིད་མཁན། གེ་ལུ་འཐེན་མཁན་མི་གཉིས་ཁྱོན་བསྡོམས་མི་ལྔ་ཡོད་པ་དེ་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་ཞིང་ནང་ལ་བྱོན་ཏེ་སད་དང་སེར་བ་མ་གཏོང་བའི་ཆེད་དུ་བཀྲ་ཤིས་བརྩེགས་པ་དང་རྣམ་སྲས་སྣང་བརྒྱད་བཅས་ཞལ་འདོན་བྱས་རྟིང་ཕྱེ་མར་ཟ་བ་དང་མཆོད་ཆང་གི་ཕུད་བཏུང་ནས་མཛོ་བོའི་གཉའ་དངོས་སུ་བཅགས་ཞེས་ཞིང་ཁ་འབྱེད་པའི་ཆོ་ག་བྱེད།  དེ་ནས་བཟུང་དུས་ངེས་མེད་དུ་ཞིང་འདེབས་ཆོག་གི་ཡོད།
          ⑥སྣ་སྦུག མཛོ་ཡི་སྣ་ལ་ཨི་ཁུང་སྦུག་པ་དེར་བརྗོད་གལ་ཏེ་མཛོ་ཡི་སྣ་ལ་ཨི་ཁུང་གསར་པ་སྦུག་དུས་ཇོ་བས་རྩིས་གཤགས་ནས་ཚེས་ཆ་ལེགས་མིན་ལ་ལྟ་དགོས་ཤིང་གླང་ཆེན་གཉའ་འབེབས་ཀྱི་གཉའ་ཤིང་འགལ་དུས་ཀྱང་དེ་ལྟར་ཡིན།
          ⑦ཁ་ཉལ་ཁ་ཉལ། ཁ་ཉལ་ཁ་ཉལ་ཞེས་སྐབས་ཞིང་གི་མཐའ་ཟུར་ལ་སྐོར་བ་བསྐོར་ནས་འདེབས་པ་ལ་མཐའ་ཟུར་གྱི་ས་སྟོང་ལྷེབ་ཙམ་ཡང་མ་ལྷག་པའི་ཆེད་དུ་ཡིན།
          ⑧རོལ་དམར་པོ།  སྟིག་པ་ཆེ་བའམ་འབུ་བསད་ནས་ཁྲག་དམར་རོལ་ལ་འགོས་པའི་དོན།
          ⑨ཆོས། མངའ་རིས་སྐད་ལ་ཆོས་ནི་ཕྱག་དཔེ་ལ་གོ་དགོས། དཔེར་ན་ཆོས་བསིལ་ཞེས་པ་ནི་ཕྱག་དཔེ་ཁ་འདོན་བྱེད་པའི་དོན་ཡིན།
          ⑩ལ་མ་ལུང་། ལ་མ་ལུང་ནི་ས་ཆའི་མིང་ཡིན་ལ་ཆུ་མིག་རྩ་ཆེན་ཞིག་ཀྱང་ཡོད།   ཆོས་དཔུང་འཁུར་གྱི་མི་ཚང་མ་ལང་ལང་པར་འཁྲུས་གསོལ་བྱེད་ཅིང་དེ་ནས་ཆགས་ས་དང་།   ཀླུང་ཆེན། ན་བག་བུར། ཤང་ཤང་། ཀླུང་སྨད། ཤང་རྩ་ལ། མཚོ་ཆེན་སོགས་རྒྱུད་མཐར་འཁོར་ཆགས་དགོན་ཡོད་སར་ལོག
          ⑾རྩྭ་འདོན་འབུ་འདོན།   ཞིང་ལ་ཐེན་པ་བསྟན་ནས་རྩ་སོགས་མ་སྐྱེས་ཚེ་ཆོ་ག་དེ་བྱེད་དགོས།
          ⑿སྟོད་པ་གྲོང་ཚོ།  སྔར་འཁོར་ཆགས་ཡུལ་གྱི་རྒྱལ་སྒོ་ཡར་ལྡབས་ལ་སྟོད་པ་གྲོང་ཚོ་ལ་བརྗོད།
          ⒀སྨད་པ་གྲོང་ཚོ། རྒྱལ་སྒོའི་མར་ལྡབས་ལ་སྨད་པ་གྲོང་ཚོ་བརྗོད།
          ⒁བར་ལེ།   སྟོད་པ་དང་སྨད་པའི་དབར་ཏུ་གནས་པའི་གྲོང་ཚོ་ལ་བརྗོད།  ད་དུང་ལང་ལོང་ཞེས་མི་ཚང་དྲུག་བདུན་ཙམ་ཡོད་པ་སྤུ་རངས་རྫོང་དཔོན་སྐབས་ཁོ་ཚོ་ཁྲལ་བརྒྱབ་མི་དགོས་པ་ནི་རྒན་རྒོན་སོ་སོར་ཕྲུ་གུ་སོགས་བརྟན་ས་མེད་པའི་མི་ཚང་ལ་བརྗོད།
          ⒂སྐྱེར་བ།  ཤིང་སྐྱེར་པས་བཟོས་པའི་ཕུར་པ་ཟུར་གསུམ་མ་དེའོ་ལོག་རྩེ་ལ་སྔགས་ཡིག་ཨོམ་དང་མཇུག་ལ་སོ་ཧ་ཞེས་བྲིས་ཡོད།  དེ་ནི་སེང་གདོང་མའི་སྔགས་ཡིན་པ་རྡོ་རྗེ་གདན་པས་མར་པ་ལོ་ཙྭ་ལ་གནང་བར་གྲགས།
          16ཇོ་བ། སྐྱ་མི་ཆོས་པ་ཞིག་སྟེ་དབུས་གཙང་ཁུལ་གྱི་སྔགས་པ་དང་འདྲ། སྤུ་རངས་ཚོ་དྲུག་ལ་ཇོ་བ་རེ་ཡོད་དེ་ཁྲི་སྡེ་ཇོ་བ་དང་ལྟོ་གཡོ་ཇོ་ཆུ་བདག་ཟེར།   དེ་ནི་ཕ་ཚ་བུ་རྒྱུད་འཛིན་པ་ཤ་སྟག་ཡིན།  དེ་ལ་རྩིས་གཞུང་ཕྱག་དཔེ་འབྲས་རྩིས་སོགས་རྒྱས་བསྡུས་མང་པོ་ཡོད་པ་དེའི་ནང་ན་ཞིང་རྔ་དུས་ཀྱི་གཟའ་སྐར་དུས་ཚོད་དག་འཁོད།   ཇོ་པའི་རྩིས་རྒྱག་པར་གླ་རིན་སྤྲོད་མི་དགོས་ཤིང་ཡུལ་སྤྱི་ཡི་དོན་ཡིན་ཚེ་ཁ་བཏགས་ཤིག་གཡོག་དགོས།
          17དཀར་བལྟས། སྲན་མའི་གམ་བུ་དང་ནས་ཀྱི་སོག་མ་སོགས་ཀྱི་ཕུད་ལ་བརྗོད་དེ་འཁོར་ཆགས་ཇོ་བོའི་སྐུ་མདུན་དུ་ཕུལ་ཟིན་རྗེས་སུ་ཞིང་དག་དུས་ངེས་མེད་ལ་བརྔ་ཆོག་སྐེ་ཡོད།
          18ཐོན་བུ། མངའ་རིས་སྐད་དེ་དོན་དུ་བཙས་མ་བརྔ་དུས་ནས་ཀྱི་སྙེ་མའམ་ནས་དོག་ས་ལ་ལྷུང་བའི་བསིལ་མ་དག་ལ་བརྗོད།
          19སྟང་རྩེ། ར་སྤུ་དང་གཡག་གི་ཁུ་ལུ་སོགས་ལས་བཏགས་པའི་འབྲུ་རིགས་བླུགས་སའི་སྣོད་ཆས་ལ་བརྗོད།
          20ད་ཁལ། ར་སྤུ་དང་གཡག་གི་ཁུ་ལུ་སོགས་ལས་བཏགས་པའི་འབྲུ་རིགས་བླུགས་སའི་སྣོད་ཆས་ཏེ་དབུས་ལ་ཁ་བཟོས་པ་ཞིག་ཡོད།
          21སྦྲེ་དཀར་མོ། འཁོར་ཆགས་ཡུལ་ལ་བཀྲ་ཤིས་སྦྲེ་དཀར་གྱི་གླུ་ཞིག་གཏོང་གི་ཡོད་དེ།  དེའི་གླུ་ཚིག་ནི།  མདའ་མོ་དང་པོ་སྔོན་མོའི་དགུང་ལ་གཏད།    གཞོན་པ་འདིར་བཞུགས་དེ་དབུ་འཕང་དགུང་ལས་མཐོ།   མདའ་མོ་གཉིས་པ་གཅིག་དཀར་པོའི་གངས་ལ་གཏད།    གཞོན་པ་འདིར་བཞུགས་ཅིག་ཞལ་གདོང་གངས་ལས་དཀར།  མདའ་མོ་གསུམ་པ་དེ་སྲ་བའི་བྲག་ལ་གཏད། གཞོན་པ་འདིར་བཞུགས་ཅིག་སྐུ་གཞུགས་བྲག་ལས་སྲ། མདའ་མོ་གསུམ་པ་དེ་མཐུག་པོའི་སྤང་ལ་གཏད། གཞོན་པ་འདིར་བཞུགས་ཚོའི་རྒྱུ་ནོར་སྤང་ལས་མཐུག  མདའ་མོ་ལྔ་པ་དེ་སྔོན་མོའི་ཆུ་ལས་གཙང་བ་ཡོད། གཞོན་པ་འདིར་བཞུགས་ཚོའི་མི་རྒྱུས་ཆུ་ལས་རིང་བ་ཤོག  གླུ་གཅིག་ལེན་ན་བཀྲ་ཤིས་སྦྲེ་དཀར་ལེན།  ཆང་ཞིག་མཆོད་ན་གསུམ་སྒྲོན་གཉེས་དག་མཆོད། གླུ་དེ་བག་ལེན་དང་ཁང་གསོལ་སོགས་སྐབས་སུ་གཏོང་།
          22མ་འོང་རྡོ་རྗེ་ཕུར་པ་། རྟའམ་མཛོ་སོགས་འགོ་འདྲེན་གྱི་སེམས་དེ་བརྟན་པོ་ཚགས་ཚུགས་པོ་རྡོ་རྗེའི་ཕུར་པ་རྒྱག་པ་ལྟར་ཡོད་པའི་དོན་ཡིན།  དེ་གཟུགས་ཆུང་ལ་ཤེད་མོ་ཆེ་བ་ཞིག་དགོས་ཤིང་ལུས་ལ་ཀ་པ་ལི་ཅིག་འདོགས་ཡོད།   དེ་ནས་ཨུལ་སྙོགས་ཀྱི་དུད་འགྲོ་དག་རིམ་གྱིས་ཆེ་རུ་ཆེ་རུ་གཏོང་བ་གླང་ཆེན་མཐའ་སྐོར་ཞེས་པ་ཆེ་ཤོས་དེ་ཡིན།  གཡུལ་བསིལ་དུས་དུད་འགྲོ་མང་ཤོས་ལ་བརྒྱད་དང་ཉུང་ཤོས་ལ་དྲུག་ཙམ་དགོས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1