༄༅།། བུད་མེད་དུས་ཆེན་བསུ་བའི་ཀ་ཕྲེང་ཚངས་སྲས་མྱོས་པའི་རོལ་དབྱངས།

ཁ་སྒང་སངས་རྒྱས་རྒྱ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-02



ཐེན་ཅིན། ཁ་སྒང་སངས་རྒྱས་རྒྱ་མཚོ།
ཀ་དག་རིང་ནས་ཚོགས་གཉིས་བསགས་པས་སྐྱེད་ཡུམ་མ་ལོའི་ཞལ་འཛུམ་མཐོང་། །
ཁ་སྒོ་སྐྱེས་འབྲས་མིག་ལ་མཛེས་ཤིང་བྱམས་བརྩེའི་དྲོད་ཁོལ་ཡིད་དུ་འོང་། །
ག་ལེར་ངོ་མཚར་བལྟས་ནི་མེད་ཀྱང་རང་ཁྱིམ་གྲུ་བཞིར་བཀྲག་མདངས་བསྣན། །
ང་ཚོའི་འཚོ་བའི་གྲུ་ཟུར་རེ་ན་བུད་མེད་མཛད་རྗེས་ཕྱུར་བུར་སྤུངས། །
ཅ་ལ་བཏགས་ནས་འཇོ་སྒེག་བསྟན། །
ཆ་ལུགས་བསྒྱུར་ནས་རྒྱལ་ཁམས་འགྲིམས། །
ཇ་ཆང་གསོལ་ནས་བཞུགས་ན་ཡང་། །
ཉ་མོ་འཁྱུག་ལྟར་བརྩོན་པ་རྨད། །
ཏ་ལེན་ཆུང་ཆུང་གི་ནང་དུ། །
ཐ་ཆུང་གཅེས་ཕྲུག་དེ་ཁུར་ནས། །
ད་འདུག་དབེན་དགོན་དུ་ཕེབས་པའི། །
ན་ཆུང་བུ་མོ་དེ་བསྔགས་འོས། །
པ་ཏྲའི་རི་མོ་ལྟ་བུའི་གཙགས་དྲུབ་སོགས། །
ཕ་མེས་སྲོལ་བཟང་རྒྱུན་འཛིན་བྱེད་པ་དང་། །
བ་གམ་ཁང་བཟང་ཕུགས་སུ་བཞུགས་པ་ཡི། །
མ་ལོར་སྲི་ཞུ་སྒྲུབ་མཁས་བུ་མོ་རྨད། །
ཙ་རིའི་དགོན་སྡེར་ཟས་བཟང་ཕུལ་བ་དང་། །
ཚ་ཟིང་གྲོང་ནས་སྔོ་ཚོད་ཉོ་བ་སོགས། །
ཛ་ཡས་གསུང་རབ་གཙུག་གིས་བཀུར་བ་ཡིས། །
ཝ་མོའི་གཡོ་སྒྱུ་སྤངས་པའི་བུ་མོ་རྨད། །
ཞྭ་སེར་བསྟན་ལ་ལྷག་བསམ་དག་པས་འཇུག །
ཟ་མ་ཏོག་སོགས་དག་ཡིག་ཚལ་བརྒལ་ནས། །
འ་ཅག་བྷོ་ཊའི་གཤིས་མཚོན་སྙན་པའི་ངག །
ཡ་རབས་སློབ་གསོ་སྤེལ་མཁས་བུ་མོ་རྨད། །
ར་མའི་ཁ་བཞིན་འདོད་ཧམ་ཆེན་པོ་ཡིས། །
ལ་ལུང་གང་སར་བཞུད་ནས་ཁྱིམ་ཚང་ལ། །
ཤ་ཚའི་སྒོ་ནས་ཅ་ལག་གསོག་མཁས་པའི། །
ས་ཕྱོགས་ཀུན་གྱི་བུ་མོ་བསྔགས་པའི་ཡུལ། །
ཧ་ཅང་མནོ་བསམ་ཞིབ་མོ་བཏང་ཚེ་བུད་མེད་མཛད་རྗེས་བརྗོད་མི་ཚར། །
ཨ་ལ་འདི་ལྟར་ངག་ནས་ཐལ་ཚེ་ཁ་ཅིག་དགོད་ཁ་འཆོར་ཡང་སྲིད། །
ཧ་ཧོ་ཟེར་ནས་བུ་མོར་མ་འཕྱ་དུས་སྐབས་གསར་པའི་སྟག་ཤར་ཚོ། །
ཨ་མ་ཨ་ནེ་ཨ་ཅེ་སྲིང་མོ་དེ་ཡི་ཁྲོད་དུ་འདུ་བས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1