དམངས་སེམས་ལ་རྒྱུས་ལོན་བྱས་ནས་དམངས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པ།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-02


        འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པའི་ལས་ཀ་སྤེལ་མགོ་བཟུང་པ་ནས།  མང་ཚོགས་ཀྱི་ལས་ཀ་ལེགས་པོར་སྒྲུབ་པ་རྩ་དོན་དུ་བཟུང་ནས་ལས་ཀ་སོ་སོ་གོ་རིམ་ལྡན་པའི་སྒོས་ནས་སྤེལ་བཞིན་ཡོད། 2018ལོའི་ཟླ11པའི་ཚེས28ཉིན་ཁུལ་ཡོངས་ཀྱི་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པའི་ལས་ཀའི་སྐུལ་སྤེལ་ཚོགས་འདུའི་སྟེང་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པའི་སྐོར་ནས་གསུང་བཤད་གལ་ཆེན་གནང་བ་རེད།
        ཁུལ་ཨུས་བརྟན་ལྷིང་གིས་སྣེ་ཁྲིད་འོག འབར་ཁམས་གྲོང་ཁྱེར་གྱི་ལས་བྱེད་པ་ཚོ་གཞི་རིམ་གྱི་ཕྱུགས་ལས་དང་ཞིང་ཁ་སོ་སོར་སོང་ནས། གནས་སྤོར་ཁྱིམ་ཚང་དང་ཐག་རིང་ས་དཀྱོག་གི་སྡེ་བ་སོགས་སུ་སོང་སྟེ། མང་ཚོགས་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་ཡོང་སྒོ་སོགས་ལ་རྒྱུས་ལོན་བྱས་པ་དང་། མང་ཚོགས་ཀྱི་སྐྱིད་སྡུག་སེམས་ལ་ཉར་ནས་གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱེད་བཞིན་ཡོད།
        གཞི་རིམ་མང་ཚོགས་ཀྱིས་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པའི་ལས་ཀ་སྤེལ་བ་དེས་ལས་བྱེད་པའི་སྤྱོད་ཚུལ་ཤེས་ཐུབ་པ་དང་། ལས་བྱེད་པས་མང་ཚོགས་ལ་ཐུགས་ཁུར་བྱེད་མིན་ཤེས་པས་ལས་ཀ་འདི་ཧ་ཅང་བཟང་ཞེས་མང་ཚོགས་མང་པོས་མགྲིན་གཅིག་ཏུ་དེ་ལྟར་བཤད་པ། ལས་བྱེད་པ་ཚོས་བཤད་རྒྱུར། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུལ་ལ་ཁྱབ་པའི་ལས་ཀ་སྤེལ་བ་དེས་དམངས་ཀྱི་འདོད་བློ་ཤེས་སུ་འཇུག་ཐུབ་པས། དམངས་ཀྱི་དཀའ་ངལ་སེལ་ན་དམངས་སེམས་ལ་བདེ་སྐྱིད་སྐྲུན་ཐུབ་ཟེར།

དམངས་ཕན་དོན་དངོས་སྒྲུབ་པ་གཙོ་བོར་འཛིན།། དཀའ་ངལ་ཐག་གཅོད་བྱེད་པ་རྩ་བར་འཛིན།།
        ཉིན་འདི་དག་གི་རིང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ། འབར་ཁམས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཀྲང་ཕེ་ཡུན་གཞི་རིམ་གྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ། མ་ཚད་སྡེ་བ་སོ་སོ་དང་ཁྱིམ་ཚང་རེ་རེའི་ཁྱིམ་དུ་སོང་སྟེ། དམངས་སེམས་ལ་རྒྱུས་ལོན་དང་མི་དམངས་ཀྱི་བསམ་འདུན་ལ་ཉན་པ་དང་། མང་ཚོགས་ཀྱི་དཀའ་ངལ་སེལ་བ་དང་མང་ཚོགས་ཀྱི་འདོད་བློ་བསྐངས། འབྲེལ་བ་བྱེད་སའི་ཁྱིམ་ཚང་ལུག་སྐྱིད་ཐར་ཚང་གི་ཁྱིམ་ནས་ཀྲང་ཕེ་ཡུན་དང་བཟའ་མི་ཚོས་སྒྱེད་པུའི་རྩར་སྐོར་ནས་ཁ་བརྡ་བྱས། ཁོ་ཚོའི་ཁྱིམ་གྱི་གནས་ཚུལ་དང་འགྱུར་བ་སོགས་ཀྱི་སྐོར་ནས་གླེང་མོལ་བྱས་པ་དང་། ཀྲང་ཕེ་ཡུན་གྱིས་ལུག་སྐྱིད་ཐར་ཚང་དབུལ་བྲལ་ཕྱུག་འགྱུར་ཡོང་བ་མཐོང་ནས་སེམས་ལ་དགའ་སྤྲོའི་ཁེངས།
        འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པའི་ལས་ཀ་སྤེལ་མགོ་བཟུང་བ་ནས། འབར་ཁམས་གྲོང་ཁྱེར་གྱི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ་ཚོ་གཞི་རིམ་གྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ། སྡེ་བ་སོ་སོ་དང་ཁྱིམ་ཚང་རེ་རེའི་ཁྱིམ་དུ་སོང་སྟེ། དམངས་སེམས་ལ་རྒྱུས་ལོན་དང་མི་དམངས་ཀྱི་བསམ་འདུན་ལ་ཉན་པ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་གནས་པའི་དཀའ་ངལ་ལ་རྒྱུས་ལོན་དང་། མང་ཚོགས་ཀྱི་འདོད་བློ་སྐོང་བར་བྲེལ་བཞིན་ཡོད་ཅིང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དང་། གྲོང་ཁྱེར་རིམ་པའི་སྡེ་ཁག་གིས་སྡེ་བར་འབྲེལ་བ་བྱེད་པ་རྩ་དོན་དུ་བཟུང་ནས།  ཁོ་རིམ་ལས་བྱེད་པས་ཁྱིམ་ཚང་ལ་འབྲེལ་བ་བྱེད་པ་དང་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པས་འབྲེལ་བ་ཀུན་ལ་ཁྱབ་པ་དང་ཡོངས་ཁེབས་བྱེད་པ་ཁག་ཐེག་བྱས་ཏེ། གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་གྲོང་ཁྱེར་རིམ་པའི་སྡེ་ཁག་གི་ཁོ་རིམ་ལས་བྱེད་པ།  ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་དང་འབྲེལ་བ་བྱེད་ཡུལ་གྱི་ཁྱིམ་ཚང་གི་གྲངས་ཀ་སོགས་ཕྱོགས་ཡོངས་ནས་བསྡོམས་རྩིས་བྱས་ཏེ། རིགས་དབྱེ་ནས་རྩིས་ཐོ་བཀོད་པ་མ་ཟད། འགོ་ཁྲིད་གཅིག་གིས་ཁྱིམ་ཚང་མང་པོར་རོགས་རམ་བྱེད་པ་དང་། ཁྱིམ་ཚང་གཅིག་ལ་འགོ་ཁྲིད་དང་ལས་བྱེད་པ་མང་པོས་རོགས་རམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་འབྲེལ་བ་བྱེད་ཡུལ་གྱི་ཁྱིམ་ཚང་ལ་ཞབས་འདེགས་གང་ལེགས་སྒྲུབ་པར་ཁག་ཐེག་བྱས།
        སྔོན་ཆད་མང་ཚོགས་ཀྱི་ལས་ཀ་ཞིག་སྒྲུབ་དགོས་ན་སྡེ་བ་ནས་ཡུལ་ཚོ་དང་། ཡུལ་ཚོ་ནས་རྫོང་གི་ལས་ཁུངས་ལྟར། རྙོག་འཛིང་ཆེ་བའི་རིམ་པ་མང་པོ་ཞིག་བརྒྱུད་དགོས་པས་མང་ཚོགས་ཀྱི་ལས་དོན་སྒྲུབ་པར་དཀའ་ཁག་ཆེན་པོ་ཡོད་མོད། ད་ལྟ་ཏང་ཡོན་ལས་བྱེད་པ་དང་སྡེ་བར་སྡོད་པའི་ལས་བྱེད་པ་ཚོ་མང་ཚོགས་ཀྱི་ཁྱིམ་དུ་ཡོང་ནས་མང་ཚོགས་ཀྱི་སྒྲུབ་དགོས་པའི་ལས་ཀ་སྒྲུབ་རོགས་དང་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་བཞིན་ཡོད་པས་རང་གི་འཚོ་བར་ཡིད་ཚིམས་ཡོད་ཅེས་གསེར་མཛོད་གྲོང་རྡལ་ཀྰ་པོ་སྡེ་བའི་མང་ཚོགས་ཀྱིས་སྡེ་བར་སྡོད་པའི་ལས་བྱེད་པར་དགའ་སྤྲོའི་ངང་ཁ་བརྡ་བྱེད་བཞིན་ཡོད།
        འབར་ཁམས་གྲོང་ཁྱེར་གྱི་རིམ་པ་ཁག་གི་སྡེ་ཁག་སོ་སོ་གཞི་རིམ་དུ་སོང་ནས། དབུལ་སྐྱོར་དང་སློབ་སྐྱོར། སྨན་བཅོས་སྐོར་སྐྱོད། རང་འདུན་པས་ཞབས་ཞུ་སྒྲུབ་པ་སོགས་ཀྱི་ཐབས་ལམ་སྤྱད་ནས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། འབར་ཁམས་གྲོང་ཁྱེར་གྱིས《འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀའི་རྩིས་ཐོ》བཙུགས་ནས། སློབ་གསོ་དང་འཕྲོད་བསྟེན། ཞིང་ཕྱུགས། ཁྲིམས་འཛིན། དམངས་སྲིད་སོགས་ལས་ཁུངས་ཀྱིས་གོང་རིམ་ལས་ཁུངས་ལ་འབྲེལ་བ་བྱས་ནས། མཉམ་འབྲེལ་གྱི་རྣམ་པས་ཆེད་ལས་རང་བཞིན་ཀྱི་ཞབས་ཞུ་སྒྲུབ་པར་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད་པ་རེད།  

        འབར་ཁམས་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པས་གཞི་རིམ་མང་ཚོགས་ལ་བཟུང་བའི་བརྩེ་བ་སེམས་ལ་བཅུག་ནས་གོམ་ཁ་གཞི་རིམ་ལ་བསྒྱུར་ཏེ། གཞི་རིམ་མང་ཚོགས་ཀྱི་སྐྱིད་སྡུག་སེམས་ལ་བཅིང་བ་དང་གཞི་རིམ་མང་ཚོགས་ཀྱི་བསམ་འདུན་སེམས་ལ་ཉར་ནས། ནམ་རྒྱུན་གཞི་རིམ་ན་རྒྱ་ཆེའི་མང་ཚོགས་དང་སྐྱིད་སྡུག་མཉམ་ཁུར་བྱས་ཏེ། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཁྱིམ་ཚང་སོ་སོ་དང་རྒྱ་ཆེའི་རོང་འབྲོག་པ་རེ་རེས་སེམས་ལ་ཟུག་པར་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱི་བསྟོད་པའི་མཐེ་བོང་བསྒྲེང་བཞིན་ཡོད་པ་རེད།

དམངས་ཀྱི་འདོད་བློ་སྐོང་བ་རྩ་བར་འཛིན།། དམངས་ལ་སྐྱིད་སྣང་སྟེར་བ་གཙིགས་སུ་འཛིན།།
        གནད་དོན་ལ་རྒྱུས་ལོན་བྱེད་ཐུབ་མིན་དང་གནད་དོན་ལ་དག་ཐེར་དང་ལེགས་བཅོས་བྱས་ཡོད་མེད་དེ་མང་ཚོགས་ཀྱི་སེམས་སུ་ཡོད།
        འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀའི་ཁྲོད་དུ་འབར་ཁམས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་གཞིས་ཁུལ་དང་སྡེ་བ། ཁྱིམ་ཚང་དང་སློབ་གྲྭ། དགོན་པ་སོགས་སུ་སོང་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་སྒྲུབ་པ་དང་། འཕྲོད་བསྟེན་སྡེ་ཁག་གི་ཏང་ཡོན་ལས་བྱེད་པ་ཚོ་སྨན་ཁང་སོ་སོ་དང་གཞི་རིམ་གྱི་འཕྲོད་བསྟེན་ཁང་སོ་སོར་སོང་ནས། ཞབས་ཞུ་སྒྲུབ་པའི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། གཞི་རིམ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་མ་ཟད་རེ་རེ་བཞིན་ཐག་གཅོད་བྱས་པ་རེད།
        ཉེ་ཆར། འབར་ཁམས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏེ་ཧྲུའུ་ཧུའེ་གདོང་བརྒྱད་ཡུལ་ཚོ་ཀ་མྱོས་སྡེ་བ་སོང་བ་ནས། ཁོས་དགུང་ལོ་76ལོན་པའི་བཀྲ་ཤིས་ཀྱི་ཨ་མ་ལྷ་མོ་ཐར་གྱིས་ལོ་16གི་རིང་དུ་རྒན་གསོའི་འགན་བཅོལ་མ་དངུལ་མ་ལོན་པའི་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཏེ་ཧྲུའུ་ཧུའེ་ཡུལ་ཚོའི་ཏང་ཨུ་དང་ཡུལ་ཚོའི་སྲིད་གཞུང་། སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་ལ་སོང་ནས་བསམ་འཆར་བརྗེ་རེས་བྱས་པ་མ་ཟད། གྲོང་ཁྱེར་སྨན་བཅོས་འགན་ལེན་གྱི་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་བ་བྱས་ནས། མགྱོགས་མྱུར་གྱིས་ཨ་མ་ལྷ་མོ་ཐར་གྱི་རྒན་གསོའི་འགན་བཅོལ་མ་དངུལ་མ་ལོན་པའི་གནད་དོན་ཐག་གཅོད་བྱས་པ་རེད། ཏང་དང་སྲིད་གཞུང་གི་བརྩེ་བའི་འོད་ཟེར་ཞིང་ཁ་སོ་སོ་དང་གཞི་རིམ་མང་ཚོགས་ཀྱི་སེམས་ཁོངས་སུ་འོད་དུ་འཚེར་ཡོད་ཅིང་། སྲིད་གཞུང་གིས་རིན་མེད་སྒོས་ང་ཚོའི་ལུས་པོར་བརྟག་དཔྱད་བྱེད་པ་དང་། སློབ་མའི་གྲོན་དངུལ་བཅག་བཞིན་ཡོད་ཅེས་འབར་ཁམས་གྲོང་ཁྱེར་གདོང་བརྒྱད་ཡུལ་ཚོ་ཀ་མྱོས་སྡེ་བའི་མང་ཚོགས་བཀྲ་ཤིས་ཀྱིས་དགའ་མགུ་ཡི་རང་གིས་དེ་ལྟར་བཤད།
        འདི་དང་འདི་ལྟ་བུའི་གནས་ཚུལ་མང་པོ་ཡོད་དེ། མང་ཚོགས་ཀྱིས་བཤད་རྒྱུར། ནམ་རྒྱུན་ཏང་ཡོན་ལས་བྱེད་པ་ཚོ་རང་ཁྱིམ་དུ་ཡོང་ནས་ང་ཚོའི་དཀའ་ངལ་ཐག་གཅོད་བྱེད་བཞིན་ཡོད་པས། ཁོ་ཚོ་ཐོན་ན་ནང་མི་ལྷན་འཛོམས་ཀྱི་སྣང་བ་ཞིག་སྟེར་སྲིད་ཟེར།
        མང་ཚོགས་གྱིས་ཁེ་ཕན་རེག་ཐུབ་པ་ནི་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀའི་དམིགས་འབེན་གཙོ་བོ་ཡིན་ཅིང་། དུས་དང་རྣམ་པ་ཀུན་ཏུ་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་སོང་ནས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་རྒྱུས་ལོན་དང་ཁོ་ཚོའི་དཀའ་ངལ་ཐག་གཅོད་བྱས་པས། མང་ཚོགས་ཀྱིས་ཏང་ཡོན་ལས་བྱེད་པ་ཁས་ལེན་བྱེད་ཚད་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད།
གོང་འོག་མཐུན་སྒྲིལ་བྱེད་པ་ལྟེ་བར་འཛིན།།སྤྱོད་ཚུལ་གཙང་མ་སྐྱོང་བར་འབད་པ་བྱེད།།
        འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་མང་ཚོགས་ལས་ཀ་སྤེལ་མགོ་བཟུང་བ་ནས། འབར་ཁམས་གྲོང་ཁྱེར་གྱིས《འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པའི་ལྟ་སྐུལ་དང་འགན་ཁུར་ལག་བསྟར་ཇུས་གཞིའི》ལམ་ལུགས་བཙུགས་ནས། ཏང་ཡོན་ལས་བྱེས་པས་སྤྱོད་ཚུལ་ཚད་ལྡན་གྱིས་ཁྱིམ་འབྲེལ་དམངས་འདྲིས་བྱེད་པ་ཀུན་ལ་ཁྱབ་པར་ཁག་ཐེག་བྱེད་བཞིན་ཡོད།
        གཞི་རིམ་དུ་འགྲོ་བར་དཀའ་ངལ་མེད་མོད། གཞི་རིམ་དུ་སོང་ནས་རོགས་རམ་ཧུར་ཐག་བྱེད་པ་ནི་དཀའ་ངལ་ཞིག་ཡིན་པས། འབར་ཁམས་གྲོང་ཁྱེར་གྱིས་འགན་ཁུར་ནན་མོས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཆེས་ཉུང་ན་ཐེངས4ལ་གཞི་རིམ་གྱི་དགོན་པ་དང་སྡེ་བར་འགྲོ་དགོས་པ་དང་། འགྲོ་ཡུན་ཉིན་12ལས་ཉུང་བ། འབྲེལ་བ་བྱེད་མཁན་གྱི་ལས་ཁུངས་ལོ་རེར་ཆེས་ཉུང་ན་ཐེངས4དང་། ཁོ་རིམ་གཞོན་པ་ཡན་གྱི་ལས་བྱེད་པ་ཆེས་ཉུང་ན་ཐེངས4དང་། འགྲོ་ཡུན་ཉིན8ལས་ཉུང་མི་ཆོག་པའི་གཏན་འཁེལ་བྱས་ཡོད་ཅིང་། འདི་འདྲའི་བྱེད་ཐབས་མང་པོ་བཀོལ་ནས་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་སྤེལ་བཞིན་ཡོད་པ་དང་། གཙོ་བོ་གཞི་རིམ་དུ་སོང་ནས་དོན་དངོས་ལ་རྒྱུས་ལོན་ཟབ་མོ་དང་། སྡེ་བ་སོ་སོ་དང་ཁྱིམ་ཚང་སོ་སོར་སོང་ནས་དམངས་ཀྱི་འདོད་བློར་ཉན་པ་དང་དམངས་ཀྱི་དགོས་མཁོ་སྐོང་བཞིན་ཡོད་པར་མ་ཟད། དམངས་ཀྱི་དཀའ་སྡུག་ཐག་གཅོད་བྱས་ནས། ཁ་དཀར་སེམས་དཀར་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་བརྒྱུད། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པར་འབད་བརྩོན་བྱེད་བཞིན་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1