དང་པོ། བོད་གནའ་རབས་ཀྱི་སློབ་གསོའི་གནས་ཚུལ།
བོད་གནའ་རབས་ཀྱི་སློབ་གསོའི་གནས་ཚུལ་ལ་རྟོག་ཞིབ་བྱེད་ན། ཐོག་མར་གནའ་རབས་བོད་ཀྱི་རིག་གནས་ཀྱི་ཚབ་བྱེད་དེ་བོན་ཆོས་ལས་བྱུང་བའི་ལུང་དག་ནི་དཔྱད་གཞིའི་ཡིག་ཆ་གལ་ཆེན་གྱི་གྲས་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། ཡོངས་གྲགས་སུ་སྟོན་པ་ཤཱཀྱ་ཐུབ་པ་དང་། སྟོན་པ་གཤེན་རབས། རྒྱའི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་གསུམ་ནི་དུས་སྐབས་གཅིག་ལ་འཁྲུངས་པའི་སྐྱེས་བུ་དམ་པ་ཡིན་པར་བཤད་པ་དང་། ལྷག་པར་སྟོན་པ་གཤེན་རབ་དང་རྒྱའི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་གཉིས་དུས་མཉམ་པའི་གནས་ཚུལ་བོན་གཞུང་རྣམས་སུ་ཤིན་ཏུ་མང་སྟེ། “རྒྱལ་པོ་རྒྱ་རིགས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིན་”ཞེས་དང་། ① “དེའི་ཚེ་དེའི་དུས་ན། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡང་། ཡི་མུག་ག་ཆད་འཇིགས་པའི་སེམས་སྐྱེས་ནས། མིག་ནས་མཆི་མ་ཕྱུང་ནས། ཁ་གནམ་དུ་ལྟས་ནས་སྨྲེང་ནས་བོས་པ། ”②ཞེས་སོགས་ཀྱིས་མཚོན་བོན་གཞུང་རྣམས་སུ་རྒྱའི་ཀོང་ཙེ་འཕྲུལ་རྒྱལ་གྱི་སྐོར་མང་དུ་གླེང་ཡོད་པར་མ་ཟད། དེ་ལ་ཧ་ཅང་བརྩི་མཐོང་ཆེ་བ་འདིས་སྟོན་པ་གཤེན་རབ་དང་རྒྱའི་ཀོང་ཙེ་འཕྲུལ་རྒྱལ་བར་དངོས་བརྒྱུད་ཅི་རིགས་ཀྱི་འབྲེལ་བ་ཟབ་པ་མཚོན་ཡོད། “སྟོན་པ་སངས་རྒྱས་གཤེན་རབ་མི་བོས་ཀོང་ཙེ་འཕྲུལ་རྒྱལ་གྱི་ཚ་བོ་འཕྲུལ་བུ་ཆུང་ལ་གབ་ཙེ་སུམ་བརྒྱ་དྲུག་ཅུར་བསྟན་པ་རྣམས་མ་འོངས་པར་རྒྱ་ནག་གི་ཡུལ་དུ་དར་བར་འགྱུར་བ་ལུང་བསྟན་”③ཞེས་དང་། “སྟོན་པས་དཔྱད་བུ་ཁྲི་ཤེས་ལ་བདུད་རྩི་དཔྱད་ཀྱི་མདོ་དགུ་སོགས་བསྟན་”④ སོགས་ཀྱི་ལུང་ལ་བརྟག་ན། ཕལ་ཆེར་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་པའི་མཚམས་སུ་བོད་དུ་སྨན་དང་རྩིས་ཀྱི་རིག་པ་དར་ཁྱབ་ཆེ་བར་མ་ཟད། དེ་དག་རྒྱ་ནག་ཏུ་སྤེལ་བའི་ལོ་རྒྱུས་ཡོད་པའང་མཐོང་ཐུབ། བོད་ཀྱི་ལོ་རྒྱུས་དང་། དེབ་ཐེར། བོན་གྱི་བསྟན་བཅོས་གྲགས་ཅན་《བྱམས་མ》སོགས་སུ་“གཉའ་ཁྲི་བཙན་པོའི་རིང་ལ་རྒྱུའི་བོན་ཤེས་པ་བཅུ་གཉིས་ཀྱི་བོན་དར་བ”⑤སོགས་གསུངས་ཡོད་ལ། རྒྱུའི་བོན་ཤེས་པ་བཅུ་གཉིས་ནི་གནའ་རབས་བོན་གྱི་ཕྱི་མོ་ལྟ་བུ་ཡིན་པ་དང་། དེ་ལས་གནའ་རབས་བོན་གྱི་ལྟ་སྒོམ་སྤྱོད་གསུམ་སོགས་བསྟན་ཡོད་པར་མ་ཟད། སྨན་དང་རྩིས་ཀྱི་རིག་པའང་ཞིབ་རྒྱས་སུ་བཤད་ཡོད་པ་དང་། “གནམ་གྱི་ཁྲི་བདུན་ཞེས་བྱ་སྟེ། རྒྱལ་པོ་རེ་ལ་སྐུ་སྲུང་བོན་གཤེན་རེས་མཛད་པས་བོན་གཤེན་མངའ་ཐང་ཆེའོ། ། དེ་དུས་ག་ཅུ་ཡ་གོང་ཕམ་ཤི་ལྡེ་བཙུན་བཞི་ལྷ་ཁང་མཆོད་རྟེན་དགོན་སྡེ་ཆེན་པོ་རྣམས་འཕེལ་ལོ། ། ”⑥ཞེས་《ཉི་སྒྲོན་》གྱི་ཚིག་ཁུངས་སུ་དྲངས་ཏེ་གནམ་གྱི་ཁྲི་བདུན་སྐབས་རྒྱལ་པོ་རེར་སྐུ་གཤེན་རེ་ཡོད་པ་དང་། སྐབས་དེར་ལྷ་ཁང་དང་མཆོད་རྟེན་དགོན་སྡེ་སོགས་མང་དུ་བྱུང་ཡོད་པར་བཤད་ཡོད། གོང་གསལ་གྱི་དཔྱད་གཞིའི་ཡིག་ཆ་དེ་དག་ལས། མ་མཐའ་ཡང་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་པའི་སྐབས་ནས་བཟུང་བོད་ཀྱི་སློབ་གསོ་དར་རྒྱས་ཆེ་བ་མཐོང་ཐུབ་པར་མ་ཟད། གནམ་གྱི་ཁྲི་བདུན་སྐབས་དགོན་སྡེའི་སློབ་གསོ་བྱུང་ཡོད་པའང་མཐོང་ཐུབ། དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་དུ་སྒྲ་བསྒྱུར་རྒྱ་གར་གླིང་བཙུགས་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྲིད་གཞུང་གིས་གཉེར་བའི་ལོ་ཙཱ་ཆེད་ལས་ཀྱི་འཛིན་གྲྭ་ཐོག་མ་ཡིན་ལ། འཛིན་གྲྭ་དེ་ནི་སློབ་དཔོན་བཅུ་གསུམ་དང་སློབ་མ་ཉེར་ལྔས་གྲུབ་པ་ཞིག་ཡིན། དེ་རྗེས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་(708—833)བསྐོར་བསྐྱོད་སྨན་པའི་སློབ་གྲྭ་(ཡུལ་གཏན་འཇགས་མིན་པ)བཙུགས་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྒེར་བཙུགས་བོད་སྨན་ཆེད་ལས་ཀྱི་འཛིན་གྲྭ་ཐོག་མ་ཡིན་ལ། འཛིན་གྲྭ་དེ་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་དགུང་ལོ་སོ་ལྔའི་སྟེང་བཙུགས་ཤིང་། སྐབས་དེར་སློབ་མ་སུམ་ཅུ་ལྷག་འདུས་པ་དང་། དགུང་ལོ་ལྔ་བཅུ་རྩ་ལྔའི་ཐོག་སློབ་མ་སུམ་བརྒྱ་ལྷག་རྒྱུན་དུ་ཡོད་པ་དང་། དགུང་ལོ་བརྒྱ་དང་བཞི་བཅུ་བཞེས་སྐབས་སློབ་མ་ཆིག་ཁྲི་ལྷག་འདུས་པ་སོགས་རྣམ་ཐར་དུ་གསལ། ཁོང་གིས་བཙུགས་པའི་སློབ་གྲྭ་དེར་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་པར་བརྟེན། མགྱོགས་མྱུར་ངང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་རིམ་གྱིས་སྤྱི་ཚོགས་སྟེང་རྨང་གཞི་བརྟན་པོ་ཚུགས་ཐུབ་པ་བྱུང་ངོ་། །
དུས་རབས་བཅུ་གཅིག་པའི་དུས་འགོར་ལོ་ཙཱ་བ་རིན་ཆེན་བཟང་པོས་(954—1055)མངའ་རིས་མཐོ་ལྡིང་དགོན་པར་སློབ་གྲྭ་ཞིག་བཙུགས། སློབ་གྲྭ་དེ་རུ་ནང་རིག་པ་དང་། སྒྲ་རིག་པ། གསོ་བ་རིག་པ་སོགས་ཆེད་ལས་སྣ་མང་སྦྱོང་རྒྱུ་ཡོད་པས། བོད་ཀྱི་ལོ་རྒྱུས་ཐོག་ཆེད་ལས་སྣ་མང་སྦྱོང་བའི་སློབ་གྲྭའི་ཐོག་མ་མཐོ་ལྡིང་དགོན་པའི་སློབ་གྲྭ་འདི་ཡིན་པར་བཤད་ཆོག་ལ། ལོ་རྒྱུས་ཐོག་“སྨན་པ་མཁས་པ་མི་དགུ་”ཞེས་སུ་གྲགས་པའང་ལོ་ཆེན་རིན་བཟང་གི་དངོས་སློབ་ཡིན་ལ། དེ་དག་ཀྱང་སློབ་གྲྭ་འདི་ལས་ཐོན། རྗེས་སུ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་དགོན་པ་བཏབ་པ་དང་། ཁོང་གི་དབོན་པོ་རྔོག་བློ་ལྡན་ཤེས་རབ་(1059—1109)ཀྱིས་《ཚད་མ་རྣམ་འགྲེལ་》དང་《ཕར་ཕྱིན་》《དབུ་མ་》སོགས་ཆེད་དུ་སློབ་པའི་བཤད་གྲྭ་བཙུགས་པ་ནས་བོད་ཀྱི་དགོན་སྡེའི་སློབ་གསོའི་ཁྲོད་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་སོ་སོར་དགར་བའི་སྲོལ་བྱུང་ངོ་།།
གཉིས་པ། བོད་ཀྱི་སློབ་གསོ་བ་ཆེན་མོ་ཕྱཱ་བ་ཆོས་ཀྱི་སེང་གེ
ཕྱུ་བ་ཆོས་ཀྱི་སེང་གེ་(1109—1169)ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ལ་མོ་ཆུས་ཁོངས་སུ་སྐུ་བལྟམས། ཁོང་གཞོན་དུས་ནས་བློ་རིག་ཤིན་ཏུ་གསལ་ཞིང་མགུར་མ་སྣ་ཚོགས་ཐུགས་ཐོག་ནས་གསུང་ཐུབ་མཁན་ཞིག་ཡིན་པས། དགེ་བཤེས་རྒྱ་དམར་བས་རང་གི་ཞབས་ཕྱིར་ཁྲིད་ནས་ཁོང་གི་མདུན་ནས་《ཚད་མ་》དང་《དབུ་མ་》གསན་སྦྱོང་གནང་། ཞང་ཚེ་སྤོང་ཆོས་ཀྱི་བླ་མའི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་ཆོས་ཀྱི་སེང་གེ་གསོལ། ཞང་ཚེ་སྤོང་དང་ཁོང་གི་སློབ་མ་ཉང་བྲན་ཆོས་ཀྱི་ཡེ་ཤེས་གཉིས་ཀྱི་དྲུང་དུ་《ཕར་ཕྱིན་》དང་《སྤྱོད་ཕྱོགས་སྐོར་》གསན། སྐབས་དེར་གསང་ཕུ་རུ་《དབུ་མ་》དང་《ཚད་མ་》ལ་ཤིན་ཏུ་མཁས་པའི་གྲགས་པ་རྒྱས། རྗེས་སུ་གསང་ཕུའི་མཁན་པོ་མཛད་ནས་ལོ་བཅོ་བརྒྱད་ཀྱི་བར་དུ་གདན་ས་བསྐྱངས་ཤིང་། ཁོང་ནི་གསང་ཕུའི་མཁན་རབས་དྲུག་པ་ཡིན།
ཁོང་གི་སྐུ་ཚེ་གང་བོར་སློབ་གཉེར་དང་སློབ་ཁྲིད་ཁྲོད་དུས་འདས་ཤིང་། གསུང་ལས་སྐྱེས་པའི་སློབ་མ་ཤིན་ཏུ་མང་ལ། དེའི་ཁྲོད་སྐད་གྲགས་དང་ཤུགས་རྐྱེན་ཆེ་བའི་སློབ་མ་“རིགས་པའི་དབང་ཕྱུག་སེང་ཆེན་བརྒྱད་”ཅེས་གྲགས་པ་བྱུང་། དེ་དག་ནི་གཙང་ནག་པ་བརྩོན་འགྲུས་སེང་གེ། དར་བག་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩེགས་དབང་ཕྱུག་སེང་གེ། ཉང་བྲན་ཆོས་ཀྱི་སེང་གེ། འདན་མ་དཀོན་མཆོག་སེང་གེ། གཉལ་བ་ཡོན་ཏན་སེང་གེ་བཅས་ཡིན།
གསུང་རྩོམ་སྐོར་ལ། 《བྱམས་ཆོས་སྡེ་ལྔའི་འགྲེལ་བ》《ཚད་མ་རྣམ་ངེས་ཀྱི་འགྲེལ་བ》《ཚད་མ་ཡིད་ཀྱི་མུན་སེལ》《ཤེས་བྱ་གཞི་ལྔའི་རྣམ་གཞག》 (རྒྱས་བསྡུས་གཉིས)《དབུ་མ་བདེན་གཉིས་ཀྱི་འགྲེལ་བ》《དབུ་མ་སྣང་བའི་འགྲེལ་བ》《སྤྱོད་འཇུག་ཆེན་མོའི་འགྲེལ་བ》《ཕྱི་ནང་གི་གྲུབ་མཐའི་བསྡུས་པ》སོགས་ཡོད།
གསུམ་པ། སློབ་གཉེར་ལེགས་བཅོས་ཀྱི་ནང་དོན།
བོད་དུ་དགོན་སྡེའི་སློབ་གསོ་བྱུང་བ་ནས་བཟུང་ཐུན་མོང་གི་སྒྲིག་འཛུགས་ཡོད་པ་དང་། འགོ་ཁྲིད་ཡོད་པ། ལམ་ལུགས་ཡོད་པ། ཚད་གཞི་ཡོད་པ་བཅས་ཀྱི་སློབ་གྲྭ་བྱུང་བར་བཤད་ཆོག་མོད། ཡིན་ནའང་སློབ་གཉེར་གྱི་གོ་རིམ་ཁྲོད་སློབ་མར་ཁ་གཏད་དེ་བྲིས་པའི་སློབ་དེབ་དང་། འཛིན་གྲྭའི་རིམ་པ། སློབ་གཉེར་བྱེད་སྟངས་སོགས་གཏན་འཁེལ་མེད་པས་སློབ་གཉེར་བྱེད་ཐབས་སོགས་དེ་འདྲ་ཆ་ཚང་ཞིང་བརྒྱུད་རིམ་ལྡན་པ་ཞིག་མིན། དེ་བས་ཕྱཱ་བ་ཆོས་ཀྱི་སེང་གེས་བོད་ཀྱི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པའི་སློབ་གཉེར་གྱི་ཉམས་མྱོང་ལ་སྤྱི་སྡོམ་དང་། དོན་དངོས་ཀྱི་གནས་ཚུལ་ལ་དབྱེ་ཞིབ། མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་ནས་བོད་ཀྱི་དགོན་སྡེའི་སློབ་གཉེར་བྱེད་ཐབས་དེ་འཆར་གཞི་ལྡན་ཞིང་སྐབས་སུ་བབས་པའི་སློབ་མའི་བློ་ཁ་དང་འཚམ་ལ་འཕེལ་རྒྱས་ཀྱི་གོ་རིམ་གསལ་བའི་ཕྱོགས་སུ་ལེགས་བཅོས་གནང་བ་འདི་ལྟར།
1. སློབ་དེབ་ལེགས་བསྒྲིགས། སྤྱིར་བོད་ཀྱི་དགོན་སྡེའི་སློབ་གསོའི་སློབ་དེབ་གྱི་ཆ་ནས། གཞུང་ཆ་ཚང་སློབ་པའི་སློབ་དེབ་དང་། འདེམ་སྒྲིག་སློབ་དེབ་དང་། ཟུར་བལྟའི་སློབ་དེབ་དང་བཅས་རིགས་གསུམ་དུ་དབྱེ་ཆོག《བསྡུས་གྲྭ་》ནི་འདེམ་སྒྲིག་སློབ་དེབ་ཀྱི་ཐོག་མ་ཡིན་ལ། དེ་ལས་《ཚད་མ་རྣམ་འགྲེལ་》གྱི་ནང་དོན་གཙོ་བོ་རྣམས་བསྡུས་ཚན་ཉེར་ལྔར་བསྡུས་ནས་བསྟན་ཡོད་པས་ན་མིང་ལའང་《བསྡུས་གྲྭ་》རུ་གྲགས། ཕྱཱ་བ་ཆོས་ཀྱི་སེང་གེས་སློབ་མའི་བློ་རབ་འབྲིང་ཐ་མ་གསུམ་གྱི་གནས་ཚུལ་དངོས་ལ་དམིགས་ནས་བསྡུས་ཆུང་དང་། བསྡུས་འབྲིང་། བསྡུས་ཆེན་སོགས་དོན་ཚན་ཆེན་པོ་གསུམ་དུ་བཀར་ནས། རིགས་ལམ་ཆུང་ངུ་ནས་འབྲིང་དང་ཆེན་པོ་གསུམ་དུ་རིམ་གྱིས་བགྲོད་པའི་འཆད་ཉན་བྱེད་ཐབས་བཏོན་ཐོག《བསྡུས་གྲྭ་》བསླབ་ན་《ཚད་མ་རྣམ་འགྲེལ་》གྱི་གཞུང་དོན་ཆ་ཚང་དུས་ཚོད་ཐུང་ངུའི་ནང་ཁོང་དུ་ཆུད་ཐུབ་པའི་དགེ་མཚན་ལྡན། 《བསྡུས་གྲྭ་》ཞེས་པའི་སློབ་དེབ་འདིས་བོད་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་ནུས་པ་གལ་ཆེན་བཏོན་ཡོད་པར་མ་ཟད། ད་ལྟའི་བར་བོད་ཀྱི་དགོན་སྡེའི་ཁྲོད་ཚད་མ་རིག་པར་སྦྱོང་བའི་སློབ་དེབ་ཏུ་བཀོད་སྤྱོད་བྱེད་བཞིན་ཡོད། བོད་ཀྱི་དགོན་སྡེ་ལས་བཤད་སྡེའི་སློབ་གཉེར་ཁྲོད་ཡི་གེ་འབྲི་ཀློག་ཙམ་ཤེས་པའི་རྨང་གཞིའི་སྟེང་ཐོག་མར་རིགས་ལམ་ལ་སྦྱོང་བའི་སྲོལ་བཙུགས་པ་དེ་ནི། ཕྱཱ་བ་ཆོས་ཀྱི་སེང་གེའི་བོད་ཀྱི་དགོན་སྡེའི་སློབ་གསོ་ལས་སློབ་གཉེར་ལེགས་བཅོས་ཐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་མཐོང་ངོ་། །
《གྲུབ་མཐའ་》ཡང་འདེམ་སྒྲིག་སློབ་དེབ་ཅིག་ཡིན་ལ། ཕྱཱ་བ་ཆོས་ཀྱི་སེང་གེས་《ཕྱི་ནང་གི་གྲུབ་མཐའི་བསྡུས་པ་》བརྩམས་པ་ནས་བོད་རང་དུ་གྲུབ་མཐའི་རྣམ་གཞག་སྟོན་པའི་གཞུང་གསར་དུ་བྱུང་བར་སྣང་ལ། གཞུང་དེ་རུ་ཕྱི་ནང་གི་གྲུབ་མཐའི་གཞི་ལམ་འབྲས་གསུམ་གྱི་གནད་གཙོ་བོ་རྣམས་ཁ་གསལ་ཞིང་ཚིག་ཉུང་ལ་དོན་འདྲིལ་བའི་སྒོ་ནས་བསྟན་ཡོད་ཕྱིར། སློབ་དེབ་དེར་སྦྱངས་ན་ཕྱི་ནང་གི་གྲུབ་མཐའི་ལྟ་སྒོམ་སྤྱོད་གསུམ་སྤྱི་ལ་རྒྱུས་ལོན་བྱེད་ཐུབ། ཕྱཱ་བ་ཆོས་ཀྱི་སེང་གེའི་སློབ་གཉེར་གྱི་དགོས་མཁོར་དམིགས་ནས་གོང་གསལ་གྱི་སློབ་དེབ་གཉིས་གསར་དུ་བརྩམས་པ་དེ་ནི། སློབ་དེབ་ལེགས་བསྒྲིགས་ཐད་ཀྱི་མཛད་རྗེས་གཙོ་བོ་ཞིག་ཡིན་ནོ། །
གཞུང་ཆ་ཚང་སློབ་པའི་སློབ་དེབ་ནི་《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་》དང་《མཛོད་》《མངོན་རྟོགས་རྒྱན་》དང་དེ་དག་གི་འགྲེལ་བ་ལྟ་བུ་ཡིན་ལ། བསྟན་བཅོས་དེ་དག་ཏུ་གཞུང་དོན་ཆ་ཚང་ཞིག་བྱེ་བྲག་གི་གོ་དོན་རྣམས་རྒྱས་སུ་བསྟན་ཡོད།
ཟུར་ལྟའི་སློབ་དེབ་ནི་སློབ་དེབ་ནང་གི་གལ་ཆེ་བའི་རིགས་ཟུར་དུ་བཀོད་པའི་སློབ་དེབ་ལ་ཟེར། དཔེར་ན། 《ཕར་ཕྱིན་》གྱི་ནང་ནས་“དྲང་ངེས་”དང་“དགེ་འདུན་ཉི་ཤུ་” “བསམ་གཟུགས་”“རྟེན་འབྲེལ་” “ཀུན་གཞི་" སོགས་ཟུར་དུ་བཀོད་པ་དང་། 《དབུ་མ་》ཡི་ནང་ནས་“མཐའ་བཞིའི་སྐྱེ་འགོག་”དང་། “བདག་འགོག་པ་”སོགས་ཟུར་དུ་བཀོད་པ་དང་།《ཚད་མ་》ཡི་ནང་ནས་“བློ་རིགས་”དང་“རྟགས་རིགས་”སོགས་ཟུར་དུ་བཀོད་པ་ལྟ་བུ་རེད།
2. འཛིན་གྲྭའི་སྒྲིག་འཛུགས། སྐབས་དེར་གཞུང་ཆེན་དག་ལ་སྦྱོང་བའི་འཛིན་གྲྭ་དུ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁུངས་བཙུན་ཞིག་རྙེད་དཀའ་ཡང་། སྐབས་དེར་《ཚད་མ་རྣམ་འགྲེལ་》ལ་སྦྱོང་བའི་འཛིན་གྲྭ་ལྔ་ཡོད་པར་གསལ་ཏེ། བསྡུས་ཆུང་དང་། བསྡུས་འབྲིང་། བསྡུས་ཆེན། བློ་རིགས། རྟགས་རིགས་བཅས་འཛིན་གྲྭ་ལྔ་རུ་བགོས་ཡོད།
3. བགྲོ་གླེང་བྱེད་སྟངས། བགྲོ་གླེང་བྱེད་སྟངས་ལ་མཚོན་ན་འཛིན་གྲྭ་ནང་ཁུལ་ནས་བགྲོ་གླེང་བྱེད་པ་དང་། འཛིན་གྲྭ་གོང་འོག་གཏུགས་ཏེ་བགྲོ་གླེང་བྱེད་པ། སྔ་རྒོལ་ཕྱི་རྒོལ་ཁོ་ནས་བགྲོ་གླེང་བྱེད་པ་སོགས་བགྲོ་གླེང་གི་ཁྲོད་ནས་སློབ་སྦྱོང་བྱེད་པའི་ཐབས་ཤེས་ཐུན་མོང་མ་ཡིན་པ་གསར་གཏོད་གནང་ཡོད། འཛིན་གྲྭ་ནང་ཁུལ་ནས་བགྲོ་གླེང་བྱེད་པ་ལྟ་བུར་མཚོན་ན། དགེ་སྐུལ་གྱིས་འོས་འཚམ་གྱི་སྒོ་ནས་ཕྱི་རྒོལ་ཏེ་ལན་འདེབས་མཁན་གྱི་དམ་བཅའ་བ་ཞིག་བདམས་ནས་དེ་ཚང་མའི་གྲལ་འགོ་རུ་ཁ་མར་འཁོར་བྱས་ནས་འདུག་ཏུ་འཇུག་པ་དང་། དེ་ནས་རིགས་སློང་བ་སྟེ་དྲི་བ་འདོན་མཁན་གྱི་སྔ་རྒོལ་ཞིག་ཡར་ལངས་ནས་བགྲོ་གླེང་གི་འགོ་རྩོམ་དགོས། བགྲོ་གླེང་གི་འགོ་མ་བརྩམས་གོང་དམ་བཅའ་བས་ཞྭ་མོ་ཕུད་པ་དང་། རིགས་སློང་པས་ཀྱང་གཟན་མདུན་སྐྱོར་ལ་བླངས་ནས་ཕན་ཚུན་བརྩི་བཀུར་བྱས་རྗེས་དམ་བཅའ་བས་སླར་ཞྭ་མོ་གྱོན་པ་དང་། རིགས་སློང་པས་ཐལ་སྐད་བཏང་སྟེ་བགྲོ་གླེང་གི་འགོ་རྩོམ་མོ། །ཐལ་སྐད་གཏོང་ལུགས་ནི། ཐོག་མར་རིགས་སློང་པས་སྐད་གསང་མཐོན་པོས་ཇི་ལྟར་ཆོས་འཆད་ན། ཞེས་པས་ཐོག་དྲངས་ཏེ། རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག་དངོས་པོ་མ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའི་རྩོད་གཞི་གང་རུང་ལ་བརྟེན་ནས་རིམ་གྱིས་དངོས་གཞི་ལ་འབབ་པ་དང་། དངོས་གཞི་ལ་བབས་རྗེས་རིགས་སློང་པས་གཟན་སྐེད་པར་དཀྲིས་ནས་ཕལ་ཆེར་བགྲོ་གླེང་མཇུག་རྫོགས་རག་བར་རྟགས་གསལ་གཏོང་དགོས་ལ། འཛིན་གྲྭའི་སློབ་གཉེར་བ་གཞན་ཚང་མས་ཀྱང་རིགས་སློང་པའི་ཕྱོགས་བཟུང་ནས་དམ་བཅའ་བའི་ཁས་ལེན་ལ་རིགས་པའི་གནོད་བྱེད་གཏོང་བ་དང་། སྔ་རྒོལ་པས་ཕྱི་རྒོལ་དམ་བཅའ་བ་ལ་ཁྱབ་མཐའ་འགོད་པ་དང་། འཁོར་གསུམ་(རྟགས་གསལ་ཁྱབ་གསུམ་)བསྐོར་བ། ཁས་ལེན་ཤོར་ན་ཚ་(ངོ་ཚ་ཟེར་བའི་དོན་)སྟེར་བ་སོགས་བགྲོ་གླེང་འཕེལ་བའི་བྱེད་ཐབས་དུ་མ་གསར་གཏོད་གནང་། སྐབས་རེར་འཛིན་གྲྭ་གོང་འོག་གཉིས་ཕན་ཚུན་དམ་བཅའ་འཇོག་རེས་བྱེད་དུ་འཇུག་པ་(འདི་ལ་འཛིན་གྲྭ་གཏུགས་ཟེར་)དང་། འཛིན་གྲྭ་གོང་མའི་སློབ་གཉེར་ལེགས་གྲས་རྣམས་འཛིན་གྲྭ་འོག་མར་གྲལ་སྐོར་ལ་གཏོང་བ། འཛིན་གྲྭ་འོག་མའི་སློབ་གཉེར་ལེགས་གྲས་རྣམས་འཛིན་གྲྭ་གོང་མར་སྤོ་བ། སློབ་གཉེར་ཞན་པ་རྣམས་འཛིན་གྲྭ་འཕར་དུ་མི་འཇུག་པར་རང་ གནས་སུ་འཇོག་པ། འཛིན་གྲྭ་སོ་སོའི་ནང་གི་སློབ་གཉེར་ལེགས་གྲས་ཁག་གཅིག་བསྡུས་ཏེ། དེས་འཛིན་གྲྭ་ཡོངས་རྫོགས་མཉམ་འཚོགས་ཀྱི་ཚོགས་ཆེན་སྟེང་གྲྭ་སྐོར་དམ་བཅའ་འཇོག་ཏུ་འཇུག་པ། སློབ་གཉེར་ཐོན་པའི་རིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་དམིགས་ནས་མཚན་གནས་(学位)སྤྲོད་པ་སོགས་སྐབས་དེའི་སློབ་གཉེར་འཕེལ་བའི་ཐབས་ཤེས་གསར་པ་མང་པོ་གསར་གཏོད་གནང་།
4. བགྲོ་གླེང་བྱེད་སྟངས་ཀྱི་མཚོན་དོན། “དྷཱིཿ”ཞེས་པ་ལེགས་སྦྱར་གྱི་སྐད་ཡིན་ལ། དོན་ནི་སེམས་བྱེད་དང་བློ་ལ་འཇུག ནང་རིག་པའི་གཞུང་དུ་ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྩ་སྔགས་དང་ཤེས་རབ་ཀྱི་ས་བོན་དུ་བཞེད། གཞུང་དེ་རུ་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་འབྱེད་བྱེད་ནི་ཤེས་རབ་ཡིན་པར་བཞེད་ཅིང་། ཤེས་རབ་སྦྱོང་བ་ནི་ཐོག་མཐའ་བར་གསུམ་དུ་གལ་ཆེན་དུ་བཟུང་ཡོད། དེ་བས་ཐོས་བསམ་སྒོམ་གསུམ་གྱི་ལས་ཐམས་ཅད་ཤེས་རབ་སྦྱོང་བའི་ཡན་ལག་ཏུ་བཞེད་ཅིང་། འདིར་ཡང་ཤེས་རབ་སྦྱོང་བའི་རྟེན་འབྲེལ་གྱི་གནད་ལ་དམིགས་ནས་ཐོག་མ་“དྷཱིཿ”ཞེས་སྐད་གསང་མཐོན་པོས་འཆད་དགོས་པར་གཏན་འཁེལ་བྱས་ཡོད། སྔ་རྒོལ་གྱིས་བགྲོ་གླེང་གི་འགོ་བརྩམས་པ་ནས་བཟུང་སྒྲུབ་བྱེད་ཀྱི་རིགས་པ་འགོད་ཐེངས་རེར་ལག་པ་གཡས་པའི་ལག་མཐིལ་གྱིས་ལག་པ་གཡོན་པའི་ལག་མཐིལ་སྟེང་བརྡབ་སྟེ། ཕྱིར་ལག་པ་གཡས་པའི་ལག་མཐིལ་གྱེན་དུ་བསྟན་ནས་ཡར་འདྲེན་པ་ཡིས་ངན་སོང་གི་སེམས་ཅན་རྣམས་མཐོ་རིས་དང་ཐར་བའི་གནས་སུ་འདྲེན་པ་མཚོན་ལ། ལག་པ་གཡོན་པའི་ལག་མཐིལ་ཐུར་དུ་བསྟན་ནས་མར་ནོན་པ་ཡིས་ངན་སོང་གི་སྐྱེ་སྒོ་གཅོད་པའི་རྟེན་འབྲེལ་མཚོན་པར་གསུངས། ཕྲེང་བས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་མཚོན་པར་བཤད་དོ། །
5.རིགས་ལམ་གསར་གཏོད། ཕྱུ་བ་ཆོས་ཀྱི་སེང་གེས་སློབ་གཉེར་གྱི་ཐོག་མར་རིག་པའི་རྩལ་སྦྱོང་དགོས་པ་ཆེས་གལ་ཆེན་དུ་བཟུང་ཞིང་། ཁོང་གིས་གསར་སློབ་གཞོན་ནུ་རྣམས་ཀྱི་རིགས་པའི་རྩ་མདུད་གྲོལ་བའི་དགོས་མཁོར་དམིགས་ནས་“དགག་གཞི་རྐྱང་རྩིས་”དང་“དྲུག་སྒྲ” “ཁས་ལེན་སོང་ཚུལ”“ཕྱཱ་བའི་ལུགས་ཀྱི་རྫས་ལྡོག་” “དྲིས་འཕངས་”སོགས་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དུའང་མེད་པའི་རིགས་པའི་འཕྲུལ་གྱི་རྣམ་གཞག་མང་པོ་གསར་གཏོད་གནང་ངོ་། །
6. བཙུན་པ་དང་བཙུན་མའི་རྩོད་པ། ཕྱཱ་བ་ཆོས་ཀྱི་སེང་གེ་ཞལ་བཞུགས་དུས་འཆད་ཉན་ཧ་ཅང་དར་རྒྱས་ཆེ་ཞིང་། སྐབས་དེར་བཙུན་མ་སྐོར་ཞིག་ཀྱང་གསང་ཕུ་རུ་སློབ་གཉེར་དུ་ཡོང་ཡོད་པར་མ་ཟད། དེ་དག་གི་ཁྲོད་རིགས་ལམ་ལ་ཧ་ཅང་བྱང་ཆ་ཆེ་བའི་བཙུན་མའང་སྐོར་ཅིག་བྱུང་། སྐབས་ཤིག་ལ་བཙུན་པ་དང་བཙུན་མ་འདྲེས་ནས་ཡོད་པའི་གནས་ཚུལ་དེ་འདུལ་ཁྲིམས་དང་མི་མཐུན་པར་དགོངས་ནས། རིགས་པའི་སྒོ་ནས་སུ་ཕམ་པ་དེ་ཡུལ་ཐོན་བྱ་དགོས་པར་ཐག་བཅད། དེ་ལྟར་བརྩད་ཀྱང་བཙུན་མ་རྣམས་ཀྱི་རིགས་པ་རྣོ་བས་ཁོང་ཚོ་ཕམ་མ་ནུས། རྗེས་སུ་ཕྱཱ་བ་ཆོས་ཀྱི་སེང་གེས་“རང་ཉིད་ལྡོག་ཆོས་དང་རང་མ་ཡིན་པའི་ལྡོག་ཆོས་ཀྱི་ཁྱོད་བཞག་ལ་བརྟེན་ནས་ལྡོག་ཆོས་ཕུང་སུམ་ཙམ་པ་པོའི་ཐ་སྙད་གསར་དུ་བྱས། རིགས་པའི་འཕྲུལ་གང་ཆེ་འགྲན་དུ་བཅུག་ནས་རྫས་མཐུན་སོགས་ཀྱི་ཐ་སྙད་སྦྱོར་དགོས་བྱུང་ཡང་རེ་ཤིག་བཙུན་མ་རྣམས་ཕམ་མ་ནུས། སྐབས་ཤིག་རབ་བྱུང་རྣམས་ལ་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་སོགས་ཀྱི་རིགས་པའི་འཕྲུལ་ཆེ་བ་ལྐོག་ཏུ་བསླབས་པས་བཙུན་མ་རྣམས་མགོ་འཐོམས་ཏེ་ཡུལ་ནས་བཏོན་པ་"⑦སོགས་ཀྱི་ལོ་རྒྱུས་བཤད་གྲྭ་བའི་ངག་རྒྱུན་དུ་རླུང་ལྟར་གྲགས་ཡོད་པར་མ་ཟད། ད་དུང་“ཕྱཱ་བའི་ལུགས་ཀྱི་རྫས་ལྡོག་”ནི་བཙུན་མ་ཕུད་སྤྱད་ཡིན་ཞེས་ངག་རྒྱུན་དུ་གྱུར་འདུག
སྤྱིར་བསྡུས་གྲྭ་སྦྱོང་སྐབས་གཙོ་བོ་རིགས་ལམ་སྦྱོང་དགོས་པ་ཡིན་ཏེ། ངག་རྒྱུན་ཏུའང་ཡིན་པ་མིན་པར་བསྒྲུབས་ན་བསྡུས་གྲྭ་བྱང་བའི་རྟགས། མིན་པ་ཡིན་པར་བསྒྲུབས་ན་བསྡུས་གྲྭ་བྱང་བའི་རྟགས་ཞེས་སུ་གྲགས་པ་ལས་ཀྱང་ཤེས་ཐུབ་བོ། །
བཞི་པ། སློབ་གཉེར་ལེགས་བཅོས་ཀྱི་ཤུགས་རྐྱེན།
ཕྱཱ་བ་ཆོས་ཀྱི་སེང་གེས་གསང་ཕུའི་ལུང་པ་ཆུང་ཆུང་དེ་འདྲ་ཞིག་གི་ནང་བོད་ཀྱི་དགོན་སྡེའི་སློབ་གཉེར་ལམ་ལུགས་ལེགས་བཅོས་དང་གསར་གཏོད་གནང་བའི་ཤུགས་རྐྱེན་འོག མགྱོགས་མྱུར་ངང་ཚལ་གུང་ཐང་དང་། ར་བ་སྟོད། སྣར་ཐང་། ས་སྐྱ། ངམ་རིང་། ཞ་ལུ། ཁྲོ་ཕུ། གནས་རྙིང་། སྐྱོར་མོ་ལུང་། བོ་དོང་། པ་རྣམ་དགའ་གདོང་། སྟོད་ལུང་མཚོ་སྨད། ཟུལ་བུ། བཟང་རི། རྩེད་ཐང་སོགས་མཚན་ཉིད་རིག་པའི་བཤད་གྲྭ་ཉི་ཤུ་ལྷག་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་། དགེ་ལུགས་པའི་གྲུབ་མཐའ་མ་བྱུང་གོང་གི་བོད་ཀྱི་གྲུབ་མཐའ་ཁག་གི་མཁས་པ་ཕལ་མོ་ཆེའང་གོང་གསལ་གྱི་བཤད་གྲྭ་དེ་དག་ཏུ་སློབ་གཉེར་དང་གྲྭ་སྐོར་བྱས་པ་ལས་བྱུང་ལ། དགེ་ལུགས་པའི་གྲུབ་མཐའ་བྱུང་རྗེས་གྲུབ་མཐའི་དབང་དུ་བཏང་ན་དགེ་ལུགས་པ་གཙོ་ཡིན་པའི་རྙིང་མ་པ་དང་། བཀའ་བརྒྱུད་པ། ས་སྐྱ་པ། བོན་པོ་སོགས་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་སློབ་གཉེར་བྱེད་སྟངས་ཚང་མ་ཕྱཱ་བ་ཆོས་ཀྱི་སེང་གེའི་ལུགས་བཞིན་ཡིན་པ་དང་། ཁོ་ཚོའི་ལག་ལེན་ཁྲོད་སྔར་ཡོད་ཀྱི་སློབ་གསོའི་ལམ་ལུགས་དེ་རིམ་གྱིས་ཆ་ཚང་ཅན་དུ་བཏང་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ཡུལ་གྲུའི་དབང་དུ་བཏང་ན། དབུས་གཙང་གཉིས་དང་། མདོ་སྨད། སོག་ཡུལ་བཅས་ཀྱི་དགོན་སྡེ་རྣམས་སུའང་གཞུང་ཆེན་ལྔར་སློབ་གཉེར་བྱེད་སྟངས་ཚང་མ་ཕྱཱ་བ་ཆོས་ཀྱི་སེང་གེས་ལེགས་བཅོས་དང་གསར་གཏོད་གནང་བའི་སློབ་གཉེར་ལམ་ལུགས་དེ་མིག་དཔེ་དང་རྒྱུན་འཛིན་བྱས་པ་ཤ་སྟག་ཡིན།
ཕྱཱ་བ་ཆོས་ཀྱི་སེང་གེས་གསར་གཏོད་གནང་བའི་བོད་ཀྱི་དགོན་སྡེའི་སློབ་གཉེར་ལམ་ལུགས་དེས་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པར་མ་ཟད། བོད་ཀྱི་ཉེ་རབས་དགོན་སྡེའི་སློབ་གསོའི་ལམ་ལུགས་ཀྱང་གཙོ་བོ་ཕྱཱ་བ་ཆོས་ཀྱི་སེང་གེས་གསར་གཏོད་གནང་བའི་སློབ་གསོའི་ལམ་ལུགས་དེ་རྩ་དོན་ལྟ་བུར་བཟུང་འདུག་གོ།
ལུང་ཁུངས།
①②《མདོ་གཟེར་མིག》དྲང་རྗེ་བཙུན་པ་གསེར་མིག་གིས་བརྩམས། ཤོག་ངོས་537དང་574ན་གསལ། 1991ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
③④⑥《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། ཤོག་ངོས་156དང་166ན་གསལ། 1984ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
⑤《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》ནམ་མཁའི་ནོར་བུས་བརྩམས། ཤོག་ངོས་299ན་གསལ། 1994ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
⑦《བསྡུས་གྲྭ་ཕྱོགས་བསྒྲིགས་བཞུགས་སོ》ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་བརྩམས། ཤོག་ངོས་230ན་གསལ། 2000ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།