འཇིག་རྟེན་གྲགས་བདེ།
འགྱན་སངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-03
ཉེ་གནས་ཚེ་དབང་རིག་བྱེད་ཀྱིས་བར་སྐབས་ཤིག་ལ། དེང་སང་མཚན་སྙན་གྲགས་གཙོ་སྟེ། མེས་པོ་ཚོས་ཀྱང“སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས”ཟེར་བ་མ་ཡིན་ནམ་ཞེས་ཁ་འཕངས་ཡོང་བའི་ལན་དུ་སྨྲས་པ།
གྲགས་སྐམ་སྔོ་ལོའི་རྒྱལ་མཚན་སྤྱི་དོན་ཐེག་པ་ཁུར་ལེན་གྱི་རྡོག་ཞབས་སུ་མནན་པའི་སྤྲོས་བྲལ་སེམས་དཔའ་ཆེན་པོར་གུས་པས་འདུད་དོ། ། གཡོ་རྫུ་ཟོག་གསུམ་གྱི་སྨག་མུན་མཐའ་ནས་དྭངས་ཏེ་བདེན་པ་དོན་གཉེར་གྱི་ཉི་ཟེར་ཡུལ་འདིའི་ལུས་ཅན་ཐུན་མོང་གི་སྙིང་ཁར་ལན་གཅིག་ཕོག་རེ་ཡོད་པའི་ཐུགས་རྗེ་ནུས་མཐུ་མི་ཆུང་བ་མཁྱེན་ནོ། །
༡
དེ་ཡང་རང་དོན་སྦུག་འདྲེན་གྱི་ཡོ་ལང་ཐལ་རླུང་དུད་སྤྲིན་ལྟར་དཀྲིག་བཞིན་པའི་དུས་ངན་བསྐལ་པའི་སྙིགས་མ་འདི་ལ། ཁ་བ་རི་པའི་དཔེ་ཆ་པ་གང་མང་ཞིག་ལ་ཕྱི་ནང་གཉི་གའི་ཡ་རབས་གཙང་མའི་མི་ཆོས་ལྟ་གྲུབ་ཀྱི་འབྱོར་བ་དེ་འདྲ་ཚང་མ་ཐུབ་ཁར། སེམས་ཀྱི་ཕྱི་ནང་བར་གསུམ་རྣོ་ཁབ་ལེན་གྱིས་ལྕགས་ཕྱེ་འདྲེན་པ་ལྟར་འཇིག་རྟེན་ཆོས་བརྒྱད་ཀྱི་འདོད་པས་ལྷག་མེད་དུ་དྲངས་ཚར་བས། རང་ཉིད་ཀྱི་འཇོན་མིན་ལ་མི་ལྟ་བར་བསླབ་པ་དོན་གཉེར་ནས་བརྒལ་བརྟག་དཔྱོད་འཇུག་བར་གྱི་ལས་སྦྱོར་རྩོམ་ཚུལ་མཐའ་དག་འཇིག་རྟེན་གྲགས་བདེའི་ཐེམ་སྐས་ལ་ཟོལ་གྱིས་འཛེག་པའི་རྒྱུ་ཚོགས་སུ་སྒོམ་ཞིང་། ཐ་ན་རང་ཉིད་འཇིག་རྟེན་མི་ཡུལ་འདིར་ལན་གཅིག་ལ་ཡོང་བའང་འཇིག་རྟེན་གྲགས་བདེའི་ཐོབ་སྐལ་ལེན་དུ་ཡོང་བ་ཡིན་པར་འདོད་ཀིན་ཡོད་གཤིས། དུས་དང་གནས་སྐབས་ཐམས་ཅད་དུ་འཁོར་བའི་ཟ་ཟུར་དག་ནས་ལྟར་སྣང་མིག་མཛེས་ཀྱི་གཟིགས་གཟོས་བདག་རྐྱེན་དང་། གཟི་དཔང་དགེ་བོགས་རེ་གང་འོས་བབ་བལྟས་ཀྱིས་ལེན་རྒྱུ་སྐྱེ་བའི་འདུན་པ་དང་། ཚེ་ཡི་སྙིང་པོ་མངོན་དུ་བྱ་བའི་རྩ་བ་དང་གཞི་མར་འཛིན་བཞིན་ཡོད་པ་དངོས་མཐོང་གཟུགས་གྲུབ་ཡིན་པ་འདི་རེད་ཀྱང་། དོན་ལ་ཇི་སྐད་དུ། རྗེ་ས་པཎ་གྱིས། རང་གཞན་གཉིས་ཀ་འཕེལ་འགྱུར་བའི། །ཡོན་ཏན་སློབ་པ་མཁས་པའི་རྟགས། ། ཞེས་གསུངས་པ་ལྟར་སྐྱེ་བ་འདི་ལ་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་ནས་བསླབ་པ་སློབ་གཉེར་ལ་མཐར་འདེད་ཞེ་སྐྱེད་ཀྱི་བརྩོན་ཆེན་གནང་དོན། སྐབས་འཕྲལ་གྱི་འཇིག་རྟེན་གྲགས་བདེ་ཁོ་ན་དོན་དུ་གཉེར་ཆེད་མ་ཡིན་པར། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ལ་བརྟེན་ནས་རང་ཉིད་ཀྱི་མི་ལུས་རིན་པོ་ཆེ་འདི་ཉིད་དུད་དེ་འགྲོ་བ“སྤྲ་སྤྲེའུ”དང“ཁྱི་ཕག”གི་གནས་སྐབས་ལས་ཐར་དུ་བཅུག དེའི་སྟེང་ལ་རང་དོན་རྟོགས་པ་ཕུན་ཚོགས་མངོན་དུ་བྱས། དེ་ལ་བརྟེན་ནས་གཞན་དོན་སྒྲུབ་པ་ཕུན་ཚོགས་རེ་ལག་ཏུ་བླངས། མཐའ་མར་རང་བདེ་གཞན་སྐྱིད་ཡོང་བའི་ཐབས་རྣམས་ལ་རྡོ་རུས་ཐུག་པའི་བརྩོན་ཆེན་བསྐྱེད་དེ་སྐྱེས་པའི་སྐྱེ་གོ་ཨེ་ཆོད་ལ་གཞོལ་རྒྱུ་དེ་རང་ཡིན་སྟབས། འུ་ཅག་གིས་ཀྱང་བསླབ་པ་དོན་དུ་གཉེར་ལུགས་ནས་བརྟག་དཔྱད་ཞིབ་འཇུག་བྱ་ལུགས་བར་གྱི་དཀའ་སྤྱོད་ཐམས་ཅད་ཆེ་འདོད་གྲགས་འདོད་ཀྱི་ཆེད་དུ་མ་ཡིན་པར། ཕོ་ཁྱོ་ག་ཞིག་གིས་རང་གི་ཚེ་ལ་སྙིང་པོ་ལེན་ལུགས་འཁྲུལ་མེད་ཡིན་ཚུལ་ཅིས་ཀྱང་རྟོགས་དགོས་སོ། །
ཁྱོད་ཀྱིས་ཟེར་བ་ལྟར་མེས་པོ་ཚོར་ཡང་། སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། ཆེ་བའི་མི་ལ་མཐོ་བའི་རྟགས་དགོས། ཟེར་བ་ལྟ་བུའི་གསུང་སྒྲོས་ཤིག་ཡོད་པ་བདེན་ནའང་། དེ་དག་གི་བཞེད་མཐིལ་ངོ་མ་ནི་སྐྱེ་བོ་སོ་སོ་ལ་མཁོ་ངེས་ཀྱི་གྲགས་པའི་འབྱོར་པ་དེ་ཉིད། དང་པོར་འདྲ་བདེན་འོས་གསུམ་གྱི་ལམ་ནས་མི་ཚེའི་འདུན་མ་དོན་དུ་གཉེར། བར་དུ་དྲང་ལེགས་ཕན་གསུམ་གྱི་ལམ་ནས་རང་འགན་ཐེག་པ་ཁུར་བཟོད་དུ་བྱས། མཐའ་མར་མཁས་བཙུན་ནུས་གསུམ་གྱི་ཆེ་བ་བུ་རབས་ཚ་རྒྱུད་རྣམས་ལ་འཁོར་བ་སློབ་པའི་མིག་རྐྱེན་དུ་བཞག་པའི་བདག་རྐྱེན་ལ་བརྟེན་ནས། མཚན་གྱི་སྙན་པ་ཕྱི་ལོགས་ནས་མི་དགོས་བཞིན་དུ་རང་ཤུགས་ཀྱིས་གྲགས་འོང་པ་ཞིག་བྱས། དེ་ལ་བརྟེན་ནས་རང་ཉིད་ཀྱི་མཐོ་བ་ཡོན་ཏན་གྱི་ཆེ་བ་དང་ཐེག་པ་དོ་ཁུར་གྱི་ཆེ་བ། མཛད་པ་ལག་རྗེས་ཀྱི་ཆེ་བ་སྟེ་ཆེ་གསུམ་གྲགས་དཀར་གྱི་བ་དན་ས་ལྒང་འདིའི་བླ་རུ་འཕྱར་ཐུབ་པ་ཞིག་བྱ་དགོས་ཞེས་པ་དེ་ཡིན་པ་ལས། དེ་རིང་ཁ་སང་གི་དཔེ་ཆ་པ་ཁ་ཅིག་ལྟར་ཧམ་པ་རི་ཙམ་བཤད་ནས་གྲགས་སྙན་གཡག་ཙམ་ལེན་དགོས་ཞེས་པའི་དོན་ག་ལ་ཡིན།
དེ་ལྟ་མ་ཡིན་པར་སྐབས་འཕྲལ་གྱི་གྲགས་པའི་བདེ་བ་སྟེ། དཔེར་ན། རང་ཉིད་ལ་རྟོག་པའི་སྤྲོ་སྡུད་ཅི་ཡང་མེད་བཞིན་དུ་གསར་བཤད་མཁན་པོ་ལྟ་བུའི་མཚན་གྱི་ཆོ་ལོ་འདྲ་དགོས་འདོད་བྱུང་ཚེ། གཏད་སོ་དང་དགོས་བྱེད་མེད་པར་ཤིག་གི་རྩ་རྒྱུས་འདོན་ཚུལ་ནས་སྲོ་མའི་ཀླད་པ་ལྡག་ཚུལ་དང་བྱ་ཕོ་ཆུ་ཁར་འདེད་ཚུལ། གླང་ལ་ལྷམ་མགོ་སྐོན་ཚུལ། འབྲུག་གི་སྒོ་ང་ལེན་ཚུལ་བར་གྱི“རྣམ་དཔྱོད་རིག་པའི”འཆར་ཚུལ་གང་ཡོད་འཛེམ་བག་མེད་པར་ཕྱི་ལ་སྒྲོག་ཞོར་གསར་རྟགས་དཔེ་མེད་ཅིག་སྟོན་ཞོག་དང་། དེ་ཕྱོགས་ཀྱི་གྲགས་པའི་ཆོ་ལོ་གང་དེ་གསར་ཞེན་བྱབ་ཆུང་རྣམས་ཀྱིས་ལྟོས་མེད་ངེས་མེད་ཀྱིས་ཁྱོད་ལ་ཨུ་ཚུགས་ཀྱིས་འབུལ་འོང་ངེས་ཤིང་། ཡང་རང་ཉིད་ལ་རྟོགས་པའི་འབྱོར་པ་སྣ་གཅིག་མེད་བཞིན་དུ་སྐྱེས་བུ་དམ་པ་ལྟ་བུའི་མཚན་གྱི་ཆོ་ལོ་འདྲ་འཐོབ་འདོད་བྱུང་ཚེ། གནས་ལུགས་དང་རྒྱུ་མཚན་མེད་པར་སོ་སོས་རྩ་གསུམ་ལྷ་ཚོགས་ཇི་ལྟར་མཐོང་ལུགས་ནས་དབུ་མའི་ལྟ་བ་ཇི་ལྟར་རྟོགས་ལུགས། བྱམས་དང་སྙིང་རྗེ་ཇི་ལྟར་འཁྲུངས་ལུགས། བདག་གཞན་མཉམ་བརྗེ་ཇི་ལྟར་སྒོམ་ལུགས་བར་གྱི“བདག་གི་གསང་རྣམ”ཅི་རིགས་གསང་བའི་དབང་སྐུར་ཡིན་ཟོལ་གྱིས། གདུལ་བྱ“སྣོད་ལྡན”མགོ་འཁོར་རྣམས་ལ་ཁ་སྟོང་ནང་གི་ཚིག་སྟོང་དང་ལག་སྟོང་ནང་གི་ཕྱག་རྒྱ་ལ་སྦྱར་ནས་གདོང་ཚན་ཆེན་པོས་གསུངས་ཞོག་དང་། དེ་ཕྱོགས་ཀྱི་གྲགས་པའི་ཆོ་ལོ་གང་དེ་རྙིང་ཞེན་བློ་དམན་འཁོས་ཆུང་རྣམས་ཀྱིས་ཐེ་ཚོམ་མེད་པར་རྩེ་གཅིག་གུས་གཅིག་གིས་ཁྱོད་ལ་ནན་གྱིས་འབུལ་འོང་ངེས་སོ། ། དེ་བཞིན་དུ། རང་ཉིད་ལ་ཕུགས་ཀྱི་གཏད་སོ་ཅི་ཡང་མེད་བཞིན་དུ་བསམ་བློ་མཁན་པོ་ལྟ་བུའི་མཚན་གྱི་ཆོ་ལོ་འདྲ་དགོས་པ་བྱུང་ཚེ། དཔེ་དོན་དང་གཏན་ཚིགས་མེད་པར་ཆོས་ལུགས་གནས་ལུགས་མིན་ཚུལ་ནས་སྟོན་པ་སྡར་མ་ཡིན་ཚུལ། ལྷ་ཡུལ་སྐྱག་རྫུན་ཡིན་ཚུལ། དམྱལ་བ་གཞི་མ་གྲུབ་ཚུལ། བསྐལ་པའི་སྒལ་པ་གཅོག་ཚུལ། འཇིག་རྟེན་སྟོབས་ཀྱིས་ཉོ་ཚུལ་བར་གྱི་ཆེ་གཏམ་དང་རྫིག་གཏམ་ཁ་ལ་གང་ཐོན་རྣམས་སྣང་དོགས་མེད་པར་གཡུ་འབྲུག་ངར་མོའི་ཟོལ་གྱིས་ཕྱི་ལ་བསྒྲགས་ནས་སྡོད་ཞོག་དང་། དེ་ཕྱོགས་ཀྱི་གྲགས་པའི་ཆོ་ལོ་གང་དེ་ཨ་གསར་ལབ་དགའ་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་ཁྱོད་ལ་མཐའ་གཅིག་ཏུ་འབུལ་འོང་ངེས་མོད། སྙིང་པོ་ཅི་ཞིག་འདུག
༢
དེ་སྐད་དུ་ལྔ་པ་ཆེན་མོས། མ་དག་བཅོས་མའི་ར་གན་ལྷད་ཀྱི་ཟོང་། ། འཁྲུལ་མེད་ཡང་དག་ཆོས་ཀྱི་གསེར་སྦྱངས་ཞེས། ། རྨོངས་པའི་ཚོང་འདུས་བཞི་མདོར་བྲིན་མཐོང་ཚེ། ། ཞེས་གསུངས་པ་ལྟར། དེ་རིང་ཁ་སང་དམ་པ་མི་བྲིན་ཟོག་པོ་བྲིན་པའི་བསྐལ་པ་ཡིན་ཁར། འཇིག་རྟེན་གྲགས་བདེ་ལ་མི་དགའ་བའི་སེམས་ཅན་ཡུལ་ལུང་འདི་ན་དགུན་གྱི་མེ་ཏོག་ལྟར་དཀོན་པོར་སོང་འདུག་ལ། ལྷག་པར་དུ་དཔེ་ཆ་པ་དང་རྩོམ་འབྲི་པ་གང་མང་མང་ཞིག་གིས། སོ་སོའི་ལུས་ངག་ཡིད་གསུམ་དང་ཕྱི་ནང་གསང་གསུམ་བར་མཚམས་མེད་པར་དེ་ལྟ་བུའི་སྐབས་འཕྲལ་གྱི་བདེ་བ་ཆེན་པོའི་བྱེད་པོ་དགའ་རབ་དབང་ཕྱུག་ལ་སྒེར་འབུལ་སྤྱི་འབུལ་བྱས་ཡོད་གཤིས། རང་གིས་རང་ལ“མཁས་དབང་ཆེན་མོ”དང“ཆེད་མཁས་པ་ཆེན་མོ” “དཔྱོད་འཇུག་པ་ཆེན་མོ” “བསམ་བློ་པ་ཆེན་མོ” “རྩོམ་པ་པོ་གྲགས་ཅན” “རིན་པོ་ཆེ་བདག་ཉིད”ལྟ་བུའི་རིན་མེད་ཀྱི་གྲགས་པའི་ཆོ་ལོ་ཅི་རིགས་ཕངས་མེད་དུ་སྩོལ་ཞོར“རང་རྣམ”རྒྱས་འབྲིང་བསྡུས་གསུམ་སེམས་ལ་གང་ཤར་དང་ལག་གིས་ཇི་འཇོན་ཞིག་བརྩམས་རྗེས། གསར་འགྱུར་སྨྱན་བྱེད་དག་གི་འཕྲིན་ལམ་དུ་འཚང་ཁ་ཤིག་ཤིག་གིས་ཕུལ་ཏེ། འཇིག་རྟེན་གྲགས་བདེའི་ལམ་པོ་ཆེར་ཉིན་ཞག་གཅིག་གི་ཡུན་ལ་བདེ་བླག་ཏུ་ཞུགས་ཐུབ་པའི་གླགས་སྐབས་རེ་ཨེ་རྙེད་ལ་མིག་རྡོལ་རག་བར་དུ་བལྟས་འདུག་མོད། དེ་ལྟ་བུའི་རེ་དོགས་འོག་འགྱུ་གང་དེ་མཐར་དེད་ན་གཉིས་འཕུང་བདག་བརླག་གི་རྒྱུ་དང་རྩ་བ་ལས་མ་འདས་གཤིས། བརྒྱ་ལ་ཁྱི་གུ་ཞོགས་རྒྱུག་གི་དཔེ་ལྟར་སྐབས་འཕྲལ་ཙམ་ལ་རང་ཉིད་ལས་དང་པོ་བ་མགོ་སྟོང་ཀླད་མེད་རྣམས་ཀྱི་ཁྲ་ཆུང་མིག་གི་ལྟ་ས་དང་། དར་ལུང་རྣ་བའི་ཉན་སར་འགྱུར་ངེས་པར་མ་ཟད། མཚམས་མཚམས་ལ་དགེ་སྐྱོན་ཁུངས་གཅོད་དང་ལེགས་ཉེས་དོགས་གཅོད་མེད་པར“ཆེན་མོའི”མིང་མཐས་མཐའ་ནས་སྐྱོར་བའི་གྲགས་སྙན་གྱི་ཆོ་ལོ་དང་དཔའ་བོའི་དཔའ་དར་གཉི་ག་སྟབས་གཅིག་ཏུ་འབུལ་འོང་ན་ལ་ཐང་མེད་མོད། དེ་སྐད་དུ་རྗེ་མི་ལ་རས་པས། ཚིག་སྙན་གྲགས་སྒྱུ་མའི་རང་སྒྲ་ལ། ། ཞེ་ངན་གལ་ཏུ་འཛིན་པ་ཤིན་ཏུ་གླེན། ། ཞེས་གསུངས་པ་ལྟར། ནམ་ཕུགས་མི་བརྟན་མཐའ་གསལ་ནམ་ལངས་རི་མཐོང་ཡོང་བ་ཆོས་ཉིད་ཡིན་གཤིས། དེ་ཙམ་ཞིག་གིས་ངེས་དོན་རྔོ་ཐོགས་ཀྱི་མཁས་གྲལ་དུ་ཚུད་རེ་མེད་པར་མ་ཟད། ཤེས་མེད་ལབ་ལ་དགའ་བ་དེས། བརྙས་དམོད་རིན་གྱིས་ཉོ་བ་ཡིན་ཟེར་བ་ལྟར། ཉེས་ན་གོ་སྐྱེན་གཟིགས་གསལ་གྱི་ཉན་པ་པོའམ། ཀློག་པ་པོ་དབུ་དྭངས་ཚོས་བདེན་རྫུན་གྱི་ཕུ་ཐག་ཆོད་པ་ལ་བརྟེན་ནས་གོ་ཁའི་ཐལ་བ་དང་འཕོངས་ཕྱིས་ཀྱི་རྡོ་བཞིན་མི་ཚེ་ལ་འདོར་ཡང་ངེས་པས་ན། གཡོ་རྫུ་ཟོག་གསུམ་གྱི་བྱ་བྱེད་ལ་བརྟེན་ནས་རང་ཉིད་ཟོག་པོའི་སྣོད་སྟོང་དུ་བསྒྱུར་ཏེ། ཕ་མས་གནང་བའི་ལུས་རྟེན་རིན་པོ་ཆེ་འདི་ཉིད་མིའི་རྐང་འོག་ནས་ལང་མེད་བུབ་འགྱེལ་དུ་ཉལ་མི་འཇུག་རྒྱུ་དུས་ད་ལྟ་ཉིད་ནས་ཤེས་དགོས་ཏེ། ཨ་ཁུ་མི་གྲལ་དུ་ཚུད་པ་དང་གྲོད་པ་ཤ་གྲལ་དུ་ཚུད་པ་ལ་རྣམ་རྟོག་ངན་པ་དེ་འདྲ་ཞིག་གིས་རྩ་བ་ནས་ཡོང་རེ་མེད་པའི་ཕྱིར་རོ། །
༣
སྒང་པ་བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པར་བསྔགས་པའི་ལྷ་རིས་པ་ཆེན་པོ་ཨ་མདོ་བྱམས་པ་ལགས་དང་ངེད་གཉིས་སྨོན་འདྲིན་མཉེས་གཤིན་དུ་གྱུར་པ་ནས་བཟུང་། ཁོམ་སྐབས་དག་ལ་དགོད་བྲོའི་རྩེད་མཚར་དང་དོན་མེད་ཀྱི་ལབ་གླེང་གང་མང་བྱས་པ་ཡིན། ཉིན་གཅིག་ལ་ཁོང་གིས་པོ་ཏ་ལའི་གཟིམ་ཁང་ནས་ཧྥ་རན་སེའི་སྲིད་འཛིན་ཞིག་ལ་དངོས་མཇལ་གནང་པའི་གཏམ་རྒྱུད་ཅིག་བདག་ལ་གསུངས་སོང་། གཏམ་རྒྱུད་འདིར་ཐེངས་གཅིག་ཉོན་དང་ནམ་ཕུགས་རིང་བའི་གྲགས་སྙན་ངོ་མ་ཇི་ལྟར་རྒྱས་པ་ཡིན་ཚུལ་མིག་ལ་གཟུགས་བརྙན་བཞིན་གསལ་ལེར་འཆར་འོང་གི་ཁོང་གིས།“སྐབས་དེར། ང་སྲིད་འཛིན་ཁོང་དང་མཉམ་དུ་རྐུབ་སྟེགས་གཅིག་གི་སྟེང་ལ་བསྡད་ནས་སྐད་ཆ་མང་པོ་ལབ་པ་ཡིན། ཁོང་གིས་ནུབ་ཕྱོགས་ལུང་པ་ནས་ངའི་རི་མོ་མཐོང་མྱོང་ཡོད་རབས་གསུངས་པར་མ་ཟད། བྲིས་ཐང་རེ་ཡོད་ན་ད་ཐེངས་ཁོ་ལ་རྐང་གཅིག་འཚོང་གནང་ཡོད་པའི་རེ་བ་བརྒྱབ་སོང”ཟེར། ངས། “མི་ཆེན་དེ་འདྲས་ཁྱེད་ལ་དགའ་པོ་གནང་པ་ཁྱེད་ཀྱི་སྐུ་བསོད་རེད། ཁྱེད་ཀྱིས་བཙོང་པ་ཡིན་ནམ་བྱིན་པ་ཡིན”ཞེས་དྲིས་པར།“སྐབས་དེར་ངའི་ལག་ན་གྲོགས་པོ་ཞིག་ལ་ཆེད་མངགས་ཀྱིས་བྲིས་པའི་ཐང་ཀ་གཅིག་མ་གཏོགས་མེད་ཙང་། ངས་ལམ་སང་། དགོངས་པ་ཁྱོན་ནས་མ་ཚོམས་རོགས། དེ་རིང་ཁ་སང་ངའི་ལག་ན་བྲིས་ཚར་བའི་རི་མོ་རྐང་གཅིག་ཀྱང་མེད་ཅེས་ལན་བཏབ་པ་ཡིན”ཟེར། ངས།“ཨ་ཙི། ཕངས་པ་ལ། སྲིད་འཛིན་དེས་ཁྱེད་ཀྱི་རི་མོ་ལ་དགའ་པོ་དེ་འདྲ་གནང་གིན་ཡོད་གཤིས། གལ་སྲིད་ཁྱེད་ཀྱིས་ཁོང་ལ་བྲིས་ཐང་གང་རུང་ཞིག་ཕྱག་རྟགས་སུ་ཕུལ་བ་ཡིན་ན། ཁོང་གིས་ཕྱོགས་གཅིག་ནས་ཁྱེད་ཀྱི་རི་མོའི་སློབ་གྲྭ་ལ་འབྱོར་པའི་མཐུན་རྐྱེན་ཅི་རིགས་སྩོལ་སྲིད་ལ། ཕྱོགས་གཞན་ཞིག་ནས་ཁྱེད་ཀྱི་མཚན་སྙན་སྔོན་ལས་ཀྱང་ནུབ་ཕྱོགས་འཇིག་རྟེན་དུ་བསྒྲག་སྲིད”ཅེས་སྨྲས་པ་ན། ཁོང་གིས།“སློབ་གྲྭ་ལ་མཐུན་རྐྱེན་སྦྱོར་མཁན་ཡོད་ན་ཡག་པོ་རེད། ཡིན་ནའང་ངའི་མིང་བསྒྲགས་དང་མ་བསྒྲགས་ཡོད་མ་རེད། ངས་སྐྱེ་བ་འདི་ལ་ཁེ་དང་སྙན་གྲགས་ཀྱི་ཆེད་དུ་རང་ཉིད་བསྒྲག་པའམ་གཞན་ལ་སྤྲེལ་ལད་འཁྲབ་པ་ལྟ་བུའི་ལས་དེ་རིགས་ཁྱོན་ནས་བྱས་མྱོང་མེད། ད་ལྟ་མི་རྒན་གྱི་སྐྱེ་བ་ཚར་གྲབས་འདུག་པས། དེ་འདྲ་བྱ་དགོས་ཁྱོན་ནས་མི་འདུག”ཅེས་གསུངས་སོང་། ངས་མུ་མཐུད་ནས།“ཁྱེད་རང་བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པར་བསྔགས་བཞིན་པ་དོན་ལ་གནས་ཀྱང་། དེང་སང་རང་ཉིད་ཕྱི་ལོགས་ལ་ཆེད་དམིགས་ཀྱིས་བསྒྲག་མ་ཤེས་ན་མི་གྲལ་དུ་ཚུད་དཀའ་བ་འདི་རེད། དེ་བས་མཚམས་མཚམས་ལ་སོ་སོ་བསྒྲག་ཤེས་རྒྱུའང་གལ་ཆེན་པོ་ཡིན་ས་རེད“ཅེས་བཤད་པ་ལ། ཁོང་གིས། “རེད་དག་རེད་དེ། ང་ལ་ཆ་བཞག་ན། ཚེ་གང་བོར་རང་ཉིད་ཀྱིས་ཇི་འཇོན་རི་མོའི་སྒྱུ་རྩལ་གྱི་འཕེལ་ཁའི་ཆེད་དུ་སྤྱད་ན་སྙམ་པ་ལས། གྲགས་སྙན་བསམས་ཏེ་ཕྱི་ལོགས་སུ་ཐེངས་གཅིག་ཀྱང་བསྒྲགས་མྱོང་མེད། ད་ལྟ་ཕྱི་ནང་གཉིས་ན་ང་ལ་རླུང་རྟ་ཅུང་ཟད་རྒྱུག་གིན་ཡོད་པ་འདི། ངས་ཆེད་དམིགས་ཀྱིས་རང་ཉིད་བསྒྲགས་པ་ལ་བརྟེན་ནས་བྱུང་བ་མ་ཡིན་པར། ངའི་བརྩམས་ཆོས་རྣམས་ཕྱི་ལོགས་སུ་ཕྱིན་ནས་སྡོད་མ་ཚུགས་པར‘ང་ཨ་མདོ་བྱམས་པས་བྲིས་པ་ཡིན’‘ང་ཨ་མདོ་བྱམས་པས་བྲིས་པ་ཡིན’ཞེས་ཁ་གྲགས་པའི་རྐྱེན་གྱིས་རེད”ཅེས་རྩེད་མཚར་དང་བཅས་གསུངས་སོང་།“འོ་རེད། སྔོན་ལ་བརྩམས་ཆོས་ཁ་གྲགས་པ་རེད། རང་ཉིད་ཀྱིས་རང་ཉིད་བསྒྲག་པ་ལས་བརྩམས་ཆོས་སྔོན་ལ་ཁ་གྲགས་རྒྱུ་ཤིན་ཏུ་གལ་ཆེན་རེད།”ངས་ཉན་གྱིན་ཉན་གྱིན་རང་དབང་མེད་པར་ངག་ལས་དེ་སྐད་ཤོར་སོང་།
སྐབས་དེར་ངའི་སེམས་ལ་ཁོང་གིས་རང་ཉིད་ལ་བརྡུང་ཐག་སེམས་ངོ་འཕྲོད་པ་ཞིག་བཏང་སོང་སྙམ་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་སོང་། ཅི་མ་བདེན། བརྩམས་ཆོས་སམ་ལག་རྗེས་སྔོན་ལ་ཁ་གྲགས་མ་ཐུབ་ན། ཡར་ལྷ་ཤམ་པོའི་དབུ་རྩེར་འཛེགས་ཏེ་རླུང་སྐྱེད་དར་ལྕོག་དགུང་ལ་བསྟད་ཀྱང་། ཧི་མ་ལ་ཡའི་སྒང་ལ་བུད་དེ་རྒྱང་སྒྲོག་སྤྱད་ནས་རང་ཉིད་འཛམ་གླིང་ཁྱོན་ལ་བསྒྲགས་ཀྱང་མིང་གི་སྙན་པ་ཤི་རོ་ཞིག་ལས་ལྷག་མི་སྲིད་པའི་གནས་ལུགས་དེང་སྐབས་མིག་མཐོང་ལག་ཟིན་ཡིན་པ་འདི་རེད་ལ། འུ་ཅག་གིས་ཀྱང་རིག་གནས་ཡོན་ཏན་ཕྱོགས་ཀྱི་ལས་ཀ་གང་ཞིག་བྱེད་ཀྱང་ནམ་ཕུགས་རིང་པོ་འོང་ཕྱིར། མེས་པོ་ཚོས། མིག་རྒྱང་བསྲིང། ཡིད་རྒྱ་བསྐྱེད། ཁོང་སྲང་ལྷོད་ཟེར་བ་ལྟར། སྔོན་ལ་ཁེ་འདོད་གྲགས་འདོད་ལ་བརྩོན་པའི་ཀུན་སློང་སྤངས་ཏེ་དམན་ས་བཟུང་། གླེན་པས་རུས་སྐོགས་མུར་བ་ལྟར་བསླབ་པ་སློབ་གཉེར་ལ་མཐར་འདེད་ཞེ་སྐྱེད་ཀྱི་བརྩོན་ཆེན་མུ་མེད་དུ་བསྐྱེད། ལས་ཀྱིས་བསྐོས་པའི་བྱ་གཞག་གང་ཞིག་ཡིན་ཡང་། མི་ཚེ་གང་བོར་ལས་མཇུག་འཕྲོ་སྐྱོང་ཆད་མེད་གནང་སྟེ་རང་གཞན་གཉིས་ཕན་གྱི་ཕུགས་འབྲས་སྨར་པོ་རེ་ལེན་རྒྱུ་ངེས་དོན་གྱི་གྲགས་པ་རྒྱས་པའི་ཉེར་བསྡོགས་འབའ་ཞིག་སྟེ། འཇིག་རྟེན་ཁ་དཔེར། ཡིད་འཕྲོག་ལྷ་མོ་ཟིན་ན། ། གཙུག་རྒྱན་ལས་ཀྱིས་འཁོར་ཡོང་། ། ཟེར་བ་ལྟར། གཙོ་བོ་རང་ཉིད་ལ་བདག་སྐྱིད་གཞན་སྨོན་གྱི་ཤེས་བྱའི་གཏིང་ཚད་དང་གཟུར་གནས་དྲང་གཞག་གི་མི་གཞིའི་ཡོན་ཏན། ལེགས་བསླབ་ཉེས་བཅོས་ཀྱི་རྒྱུ་འབྲས་བློ་མིག གཞན་དོན་ཁུར་འཁྱེར་གྱི་བསམ་པའི་བཟང་ཁྱད་དེ། ཤེས་ཡོན་པ་ཞིག་ལ་འཛོམ་དགོས་པའི་མ་མཐའི་བདག་རྐྱེན་དེ་རིགས་ཅུང་ཟད་འཛོམ་སྐབས་བྱུང་ན། ཇི་སྐད་དུ། རིན་ཆེན་ཚིག་གིས་བསྒྲག་མི་དགོས། ། མཆིང་བུ་བསྒྲགས་ཀྱང་སུ་ཞིག་ཉོ། །ཟེར་བ་ལྟར་རང་ཉིད་རང་གིས་བསྒྲག་མི་དགོས་པར་ནམ་ཕུགས་རིང་བའི་འཇིག་རྟེན་གྲགས་བདེ་ངང་གིས་འཁོར་ཡོང་བ་ཆོས་ཉིད་ཡིན་གཤིས། དེའི་ཕྱོགས་ལ་བློའི་གོམས་པ་ཅུང་ཟད་ཡོད་པར་བྱོས་དང་། དེ་ལྟ་བུའི་མངོན་མེད་ཀྱི་བསྐུལ་ཞག་སློབ་སྟོན་གྱིས། ཁྱོད་རང་ཤེས་ཡོན་པ་གཤའ་མ་ཞིག་འོང་བ་ལ་ཕྱར་བ་གྲུ་འདེགས་ཀྱི་དགེ་བོགས་བསམ་གྱིས་མི་ཁྱབ་པ་གདོན་ངེས་སོ། །
༤
དེ་ཙམ་དུ་མ་ཟད། རང་རྒྱུད་ན་ཤེས་བྱ་ཡོན་ཏན་གླང་ཆེན་གྱི་རྒྱབ་ཁལ་ལོང་པ་ཞིག་ཡོད་ཀྱང་། དུས་ལ་མ་བབ་ཚེ་བོང་བུའི་མདུན་དུ་གསེར་བཞག་པ་ལྟར། ཉེ་འགྲམ་གྱི་སེམས་ཅན་རྣམས་ཀྱི་ཆུ་བུར་མིག་ལ་སྣང་སྐབས་མེད་ནའང་། ཕྱི་ལོགས་ནས་ཆུ་འབུར་ཆུས་མི་གནོན་པའི་དཔེ་ལྟར། སྙན་པའི་གྲགས་པ་སྒྲོག་མཁན་མེད་པར་རང་ཤུགས་ཀྱིས་གྲག་འོང་ངེས་པ་དཔེར་ན། མི་ལ་རས་པས་དབུས་གཙང་ནས་མར་པ་ལོ་ཙཱའི་མཚན་སྙན་གསན་ཏེ་བླ་མར་བསྟེན་ཕྱིར། ཡུལ་གྲོ་བོ་ལུང་དུ་དངོས་ཕེབས་ཀྱིས་ལུང་པ་དེའི་ཡུལ་མི་རྒན་དར་གཞོན་གསུམ་ཀུན་ལ། སྐྱེས་མཆོག་མར་པ་ལོ་ཙཱ་གང་ན་བཞུགས་ཞེས་འདྲི་ཞིང་ཕྱིན་པ་ན། ཤར་གྲོ་བོ་ལུང་ཞེས་པའི་ལུང་ཁུག་སྙིམ་པ་ཁ་སྦྱོར་འདྲ་པོ་ཞིག་ལས་མེད་པ་དེའི་ནང་རོལ་ན། ནཱ་རོ་པའི་དངོས་སློབ། སྔགས་གསར་མའི་གྲུབ་ཐོབ། སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་ཞེས་མཚན་ཉི་ཟླ་ལྟར་གྲགས་འདུག་པ་ཁོང་ཉིད་དངོས་བཞུགས་གནང་འདུག་པ་ཤེས་མཁན་ཉིན་སྐར་གྱི་ཟླར་སོང་ཡོད་ཚུལ་གསུངས་འདུག་པ་ལྟ་བུ་ལ་ལྟོས་དང་། ཁོང་གི་དེ་ལྟ་བུའི་ངེས་དོན་གྱི་གྲགས་པའི་འབྱོར་པ་གང་ཞིག སྡེ་ཤོག་ཚོ་ཁག་དང་དགའ་ཉེ་མཛའ་བཤེས། རྗེས་འབྲང་བུ་སློབ་རྣམས་ཀྱི་དུངས་ཞེན་སྲ་མོའི་དྲིལ་སྒྲོག་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་པར། མེ་སྒྱོགས་མཁར་ནང་ནས་བརྒྱབ། སྒྱོགས་སྒྲ་ཕྱི་ལོགས་ནས་ལྡིར་བའི་ཆོས་ཉིད་ཀྱི་དབྱིངས་ལས་འཁྲུངས་འོང་པ་ཞིག་ཡིན་པ་རྟོགས་སླའོ། ། དེའི་ཕྱིར། འཕྲལ་ཉམས་དགའ་ཞིང་ཕུགས་བློ་བདེ་བ། ཕུ་ཞེ་གཙང་ཞིང་མདའ་མཐའ་བརྟན་པའི་གྲགས་སྙན་འདོད་ན། ཇི་སྐད་དུ། བཀའ་གདམས་གོང་མ་ཚོས། ཉ་ནི་བགས་ཀྱིས་ཟ། རི་བོ་དལ་གྱིས་བགྲོད། ཟེར་བ་ལྟར་སྔོན་ལ་འཚུབ་ཆ་མི་ལང་། ཨང་ལྡིར་མི་ཆེ། སྣང་འུར་མི་བྱེད། མགོ་འཕང་མི་བསྟོད། ལྟོ་བ་མི་སྦོས། མནོ་ཚད་མི་བཤད། དྲན་ཚད་མི་བསྒྲག་པར་རང་ངོ་རང་གིས་ཟིན་པར་བྱས། རང་ཉིད་ཀྱི་ཤེས་རྒྱ་དང་མཐོང་རྒྱ“སྣོད་ཞབས་འཁོར”ཙམ་མམ“ཆུ་ཕྱེད་གང་བའི་བུམ་པའི”ངང་ཚུལ་ལས་འདས་མེད་ལུགས་ཧ་གོ་བར་བྱས་ཏེ་འགྲོ་ཤེས་འདུག་ཤེས་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་ཞིང་། ཐ་ན་མཚམས་ལན་རེར་གཞན་གྱིས་རང་གི་ཡོན་ཏན་འདྲེན་པ་ལྟ་བུའི་ལྟར་སྣང་མིག་མཛེས་ཀྱི་གནས་སྐབས་རེ་བྱུང་ནའང་། རྫིག་ཉམས་འར་གཅུན་མི་བྱེད་པར་རྒྱ་མཚོ་ལས་ཆུ་འཆུ་བའི་ཤེས་བརྩོན་གྱི་གསེར་སྐྱོགས་ཆད་མེད་དུ་བཟུང་། བློ་ལྷག་ཆེར་བསྐྱེད་ཀྱི་སྒོ་ནས་སེམས་ཤུགས་ཡོད་རྒུ་རིགས་ཀྱི་སྤྱི་དོན་ལ་བསྐོར་ནས་སྡོད་དང་། དེ་ལ་བརྟེན་ནས་རང་ཉིད་ཡུན་གྱིས་ཁྱི་ཁ་རུས་བཟུང་གི་བདེ་བ་དང་བཙོས་ཤ་རྗེན་ལོག་གི་གསུང་གླེང་ལ་ཐུགས་འཁྲེང་བའི་ཤེས་ཡོན་པ་ཐ་མལ་བའི་གནས་སྐབས་ལས་རིང་དུ་འགོངས་ཏེ། ཞི་དུལ་བག་ཡོད་དང་གུས་པ་ལྷུར་ལེན་གྱི་དམ་པའི་ངང་ཚུལ་བདག་གིར་བྱ་ནུས་པའི་སྐྱེས་བུ་ཆུང་འབྲིང་གང་རུང་དུ་འགྱུར་ངེས་སོ། །
༥
སློབ་དཔོན་ཀླུ་སྒྲུབ་ཀྱིས། འཇིག་རྟེན་པ་རྣམས་ལ་གྲགས་པ་ཉམས་པའི་རྒྱུ་དྲུག་གསུངས་འདུག་པ་ཇི་བཞིན། དེང་སང་གི་ཤེས་ཡོན་པ་རྣམས་ལའང་གྲགས་པ་ཉམས་པའི་རྒྱུ་དྲུག་གཞག་ཏུ་ཡོད་དེ། སྙེ་མ་ལོང་པ་མགོ་འཕང་མཐོ་བ་དང་གཅིག ཟ་འདོད་རྙེད་འཚོལ་སྲོག་ཤིང་དུ་འཛིན་པ་དང་གཉིས། རང་འགན་ཐེག་པ་མཐོང་མེད་དུ་གཡུག་པ་དང་གསུམ། གཡོ་རྫུ་ཁྲམ་གསུམ་ཐབས་ཤེས་སུ་སྤྱོད་པ་དང་བཞི། སྲིད་དོན་མུན་པའི་གྲོས་ངན་ལ་ཞུགས་པ་དང་ལྔ། ཕྱོགས་ལྷུང་འཐེན་འཁྱེར་འཇོན་ཐང་དུ་རློམ་པ་དང་དྲུག་གོ ། འདི་ལྟ་བུའི་གྲགས་པ་ཉམས་པའི་རྒྱུ་གང་རུང་གདོད་ནས་སྤངས་མ་ཐུབ་གཤིས། དཔེ་ཆ་པ་ཁ་ཅིག་ཚེ་སྟོད་ལ་བསོད་ནམས་ཁ་རྗེ་དབང་ཐང་གི་རླུང་རྟའི་བདག་པོར་གྱུར་ནས་ཤེས་ཅན་དང་ནུས་ཅན། བཟང་པོ་དང་ཁ་དྲག་གི་ཚད་དུ་འཕོས་ཏེ་གོ་ཐོབ་སྙན་གྲགས་ཅི་རིགས་ཡིད་ལ་ཇི་ལྟར་སྨོན་པ་དེ་ལྟར་སྨིན་གྲུབ་བྱུང་གཤིས། སེམས་ཅན་རིགས་ཞེན་འཁུར་འགན་ཆེ་བ་རྣམས་ཀྱིས་བསམ་པ་བཟང་པོས་གཉའ་གོང་དུ་བཀུར་ཏེ་མིག་གི་ལྟ་ས་དང་སེམས་ཀྱི་གཏད་སོར་བྱས་ནའང་། ཚེ་སྨད་ལ་ཡོན་ཏན་ཕྲན་བུ་རེ་ཡོད་པ་དེའང་མཐོང་མེད་དུ་ཡལ་ནས་བསམ་མེད་དང་ཁྲེལ་མེད། ཁྲམ་པ་དང་རྫུན་མ། རྐུན་མ་དང་ཇག་པ་ལྟ་བུའི་བརྙས་དམོད་ཀྱི་མིང་ངན་ཅི་རིགས་མི་འདོད་བཞིན་དུ་འཁུར་ཏེ་མིས་འཕྱ། ཁྱིས་འགོམ། རང་སྡུག་པའི་ངང་ལ་སྐྱེ་བ་འཛད་དགོས་པ་བཤད་སྒྲོས་ཙམ་མ་ཡིན་པར། ཕྱི་ནང་གཉིས་ན་མིག་གིས་མཐོང་ཞིང་རྣ་བས་ཐོས་སུ་ཡོད་པ་འདི་རེད་ལ། དེ་ལས་ཀྱང་དཔྱོད་ཤེས་ཀྱི་རྣོ་རྒྱུན་དྲག་ཏུ་འབར་ཞིང་འདྲ་བདེན་གྱི་འོད་སྣང་དགུང་ན་འཚེར་བའི་ནུབ་ཕྱོགས་ཤེས་སྤྱོད་འཕྲུལ་གྱི་རྒྱལ་ཁབ་དག་ལ་མཚོན་ན། འདིའི་ཕྱོགས་ཀྱི་སྤང་བླང་གི་རྣམ་གཞག་ང་ཚོ་ལ་བལྟོས་པས་ཆུ་ལས་རྦ་དྲགས་ཤིང་རྟ་རྔ་ལས་ཉག་ཕྲ་བར་བཤད་དེ། ཅི་སྟེ་གྲགས་པའི་ཉི་འོད་གོས་སུ་གྱོན་ཞིང་འཛམ་གླིང་མཁས་པའི་མདུན་གྲལ་ཟིན་པའི་རིག་པའི་དེད་དཔོན་ཆེན་མོ་ཞིག་ཡིན་དུ་ཆུག་ཀྱང་། དེ་ལྟ་བུའི་མ་དག་རང་ཞེན་གྱི་ཀུན་སློང་ངན་པ་སྣ་གཅིག་གིས་ཁ་དྲངས་པར་གྱུར་ནའང་། མི་ཐོག་དེ་ཉིད་ལ་མི་སེར་སྤྱི་བྱིངས་ཀྱིས་ཡས་ཀྱི་བདུད་སྲིན་མས་ཀྱི་དམ་སྲི་རུ་བརྩིས་ནས་ཚར་གཅད་ངེས་པར་མ་ཟད། མི་ཤི་ཡང་མིང་མི་བརྗེད་པའི་དཔེ་ལྟར་ཚེ་རབས་མཐའ་མེད་པ་རྣམས་སུ་ཤེས་ཅན་གཟུར་གནས་དྲང་འཛིན་དག་གིས་མར་ཞབས་སུ་བཅད་དེ། དགག་སྨོད་གཤེ་གསུམ་གྱི་ཚིག་མདའ་འཕེན་སའི་འབེན་དུ་འཇོག་ངེས་པ་དཔེར་ན། འཇར་མན་གྱི་མཚན་ཉིད་མཁན་པོ་ཧེ་ཀོ་ཨེར་ལགས་ཀྱིས། གཞི་གྲུབ་སྨྲ་བའི་ལྟ་དགོངས་ཆེན་མོའི་བདུད་རྩིའི་ང་རོ་ས་སྟེང་འགྲོ་བ་རྐང་གཉིས་པ་རྣམས་ཀྱི་རྣ་བའི་སྒོ་འཕར་གསར་དུ་འབྱེད་པའི་རྟེན་དུ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞག་ཡོད་པ་འདི་རེད་ཀྱང་། ཇི་སྐད་དུ། ཞི་བ་ལྷས། ཕྱོགས་སུ་ལྷུང་བས་སེམས་གདུང་བས། ། ཞི་བ་ནམ་ཡང་རྟོགས་མི་འགྱུར། ། ཞེས་གསུངས་པ་ལྟར། རིགས་རྒྱུད་ཕྱོགས་ལྷུང་སྡང་ཞུགས་ཀྱི་མི་སྲུན་བརླང་སྤྱོད་ལ་རིང་ནས་གོམས་པའི་འགྲོ་བའི་སྲོག་གི་གཤེད་མ་ཤི་ཐེ་ལེར་ལྟ་བུའི་ངན་པའི་རྗེས་སུ་སྦ་ཤུགས་ཀྱིས་འབྲངས་པ་ལ་བརྟེན་ནས། དུས་དེ་རིང་གི་བར་དུ“འདྲ་བདེན་བོར་བའི་བསམ་བློ་པ”དང་། “རྒྱུ་འབྲས་བློ་མིག་ཞར་བའི་མཁས་པ་ཆེན་པོ”“དགྲ་འདྲེའི་གཡབ་མོར་སྤྲུལ་བའི་རྟོག་གེ་པ”“འཁྲིད་སྟེགས་སུ་བཞུགས་པའི་ཤིི་ཐེ་ལེེར”སོགས་དམའ་འབེབ་བརྙས་དམོད་ཀྱི་ཚིག་མདའི་ལྟོང་ཀ་རྒྱུ་འབྲས་བློ་མིག་གི་གཞུ་རྒྱུད་ལ་སྦྱར་ནས་འཛད་མེད་དུ་འཕེན་བཞིན་པ་ལྟ་བུ་རེད།
༦
མདོར་དྲིལ་ན། ཇི་སྐད་དུ། སྤྱོད་འཇུག་ལས། རྙེད་དང་གྲགས་པའི་ཚོགས་བཅས་ཏེ། ། གང་དུ་འགྲོ་བའི་གཏོལ་མེད་དོ། ། ཞེས་གསུངས་པ་ལྟར། དུས་ཀྱི་བརྟག་པ་སྔོན་དུ་མ་སོང་བའི་སྐབས་འཕྲལ་གྱི་བསྟོད་སྨད་དང་། བདེ་སྡུག་གི་སྣང་བ་འདི་རིགས་ལ་རྟག་པ་དང་བརྟན་པ། ངེས་པ་དང་ཡིད་གཏད་ཅི་ཡང་མ་མཆིས་པར་ནམ་ཕུགས་ཅིར་འགྱུར་གཏོལ་མེད་ཡིན་གཤིས། མ་འོངས་པ་ན་ཕུགས་འབྲས་སྡུག་པོ་དེ་འདྲ་རང་སྟེང་དུ་མི་འབྱུང་ཆེད། ལས་གང་ཞིག་བྱེད་ཀྱང་དུས་ད་ལྟ་ཉིད་ནས་ལྷག་བསམ་དཀར་པོའི་རང་མདངས་མི་ཉམས་པར་བྱ་རྒྱུ་གལ་ཆེ་ལ། ཁྱད་པར་དུ་བསླབ་པ་སློབ་གཉེར་ནས་བརྒལ་བརྟག་དཔྱོད་འཇུག་བར་གྱི་དཀའ་སྤྱོད་ཅི་རིགས་རང་བདེའི་གྲགས་སྙན་རྩྭ་ཡི་གྲིབ་མར་སེམས་ངལ་གསོ་ཆེད་ཁོ་ན་མ་ཡིན་པར། རིགས་ཀྱི་འཁོར་བར་དགོས་ངེས་ཀྱི་འཕེལ་སྐྱེད་ཅི་རིགས་འབྱུང་བའི་ཉེར་བསྡོགས་ཡིན་ལུགས་ལ་ངེས་རྟོགས་མཐའ་གསལ་མཐིལ་མཐོང་ཞིག་འོང་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེ་བས། ཇི་སྐད་དུ། རྗེ་མི་ལ་རས་པས། དཀར་པོ་དུང་གི་རྒྱང་བཀྲག་ཆེ་དང་གཅིག ། དུང་མཁན་མཁས་པའི་རྐན་དབུགས་བཟང་དང་གཉིས། ། རྒྱ་མོ་དར་གྱི་མདུད་པ་ཕྲ་དང་གསུམ། ། རབ་བྱུང་བཙུན་པའི་འདུ་ཚོགས་མང་དང་བཞི། ། འདི་བཞི་བཤམས་ན་ཨ་ཇོས་ཤོམས་ཙམ་གདའ། །ཆོས་བརྒྱད་འདུག་པས་ཨ་ཇོས་སྤངས་པ་ཡིན། ། ཆོས་བརྒྱད་སྤངས་པས་སྐྱིད་པའི་ཉི་མ་ཤར། ། ཞེས་གསུངས་པ་ལྟ་བུའི་དྲང་གཞག་སྦྱོར་དངོས་རྗེས་གཙང་གི་འདུན་མ་གང་དེ་རང་ཉིད་ཀྱི་སྙིང་དབུས་པདྨོའི་གེ་སར་དཀྱིལ་ལ་ལྷོད་ཤིག་གེར་ཞོག་དང་། དེ་ཁོ་ནས་ནམ་ཞིག་ལ་རོ་ས་འོག་ཏུ་སོང་ཡང་མཚན་ནམ་མཁའ་ནས་འཁོར་འདུག་པའི་ཚེ་ཡི་དམིགས་པ་དེ་ཉིད་མངོན་དུ་བྱ་སྲིད་དོ། །
འགྱན་སངས། བོད་ལྗོངས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1