《བོད་ཀྱི་སློབ་གསོའི》མཐོང་སྣེ་ནས་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ལ་ཕྱོགས་ཙམ་བལྟས་ཏེ་རིག་ཚན་འཛུགས་སྐྲུན་སྐོར་གླེང་བ།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-03


《བོད་ཀྱི་སློབ་གསོ》(མཚོ་སྔོན་སློབ་གསོ)དུས་དེབ་ནི་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས1957ལོའི་ཟླ7པར་སྤེལ་བ་ཡིན། སྐབས་དེའི་སློབ་གསོ་ཐིན་གྱི་ཐིན་ཀྲང་ནི་བོད་ཀྱི་སློབ་གསོ་དང་རིག་གནས་བྱ་གཞག་ལ་བྱས་རྗེས་བླ་ལྷག་ཆེ་བའི་མཁས་དབང་དམ་པ་གསུང་རབ་རྒྱ་མཚོ་མཆོག་ཡིན་པས། བོད་ཡིག་གི་དུས་དེབ་འདི་ལྟ་བུ་པར་དུ་བསྐྲུན་པར་ཁོང་གིས་ཐུགས་ཁུར་ཆེན་པོ་གནང་ཡོད་པ་ནི་སྨོས་མ་དགོས་པ་རེད། དེར་མ་ཟད། གསར་དུ་སྤེལ་བའི་དུས་དེབ་ཐོག་མ་དེའི་སྟེང་དུ་ཁོང་གིས《འབད་བརྩོན་གྱིས<མཚོ་སྔོན་སློབ་གསོ>ཞེས་པའི་བལྟ་དཔེ་ལེགས་པར་བསྒྲུབ་དགོས》ཞེས་པ་ཕྱག་རྩོམ་གནང་སྟེ་མགོ་བརྗོད་དུ་བཀོད་འདུག ཡིན་ཡང་དུས་དེབ་འདི་བསྒྲུབས་ནས་རིང་པོ་མ་ཐོགས་པར1960ལོའི་ཟླ་དགུ་པའི་ནང་སྟེ་རིག་གསར་སྐབས་སྒྲུབ་མཚམས་བཞག དེ་ནས1978ལོའི་ཟླ7པར་བསྐྱར་སྤེལ་བྱས་པ་དང་། 2004ལོར《བོད་ཀྱི་སློབ་གསོ》ཞེས་པར་མིང་བསྒྱུར། དུས་དེབ་ཀྱི་མིང་ནི་ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་ཕྱག་བྲིས་མཛད་ནས་གནང་། དུས་དེབ་འདིའི་འཕེལ་རིམ་རགས་བསྡུས་ཤིག་ཁོ་བོས2014ལོའི《བོད་ཀྱི་སློབ་གསོ》དེབ་བཞི་པའི་སྟེང་དུས་དེབ་འདི་ཉིད་སྤེལ་ནས་ལོ་འཁོར་དྲུག་ཅུར་ཕྱིན་པའི་རྗེས་དྲན་དུ་རྩོམ་བྱང་ལ། ཕྱིར་བལྟས་ཤུལ་ལམ་དཀའ་སྡུག་ཆེ་ན་ཡང་། ། སྔོན་བལྟས་མདུན་ལམ་ཡངས་པོ་བརྩོན་ལ་བྲེལ། །

ཞེས་པར་བྲིས་འདུག་པས་འདིར་ཡང་བསྐྱར་ངལ་བ་མི་བྱའོ། །


གཅིག 《བོད་ཀྱི་སློབ་གསོའི》མཐོང་སྣེ་ནས་བོད་ཁུལ་གྱི་སློབ་གསོའི་འཕེལ་རིམ་ལ་ཕྱོགས་ཙམ་བལྟ་བ།


[གནད་བཏུས] རྩོམ་འདིར་རྩོམ་པ་པོ་རང་ཉིད་བོད་ཀྱི་སློབ་གསོ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཞིག་ཡིན་པའི་ངོས་ནས། དུས་དེབ་དེའི་མཐོང་སྣང་ལས་བོད་ཀྱི་སློབ་གསོའི་འཕེལ་རིམ་དང་། དེང་དུས་སུ་བོད་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཁག་ནས་བོད་སྐད་ཡིག་གི་བསླབ་ཚན་འཛུགས་སྐྲུན་གྱི་དགོས་ངེས་རང་བཞིན་དང་། དེར་གནས་པའི་དཀའ་གནས། ཐབས་ལམ་སོགས་གླེང་ཡོད།


[གནད་ཚིག] བོད་ཀྱི་སློབ་གསོ་དུས་དེབ། བོད་ཀྱི་སློབ་གསོའི་འཕེལ་རིམ། བསླབ་ཚན་འཛུགས་སྐྲུན།

༡.དུས་དེབ་ཀྱི་རྩོམ་ཁུངས་སམ་རྩོམ་པ་པོའི་དཔུང་སྡེའི་སྟེང་ནས་བོད་རིགས་སློབ་གསོའི་འཕེལ་རྒྱས་ལ་བལྟ་བ།

དུས་དེབ་གང་ཞིག་ལ་མཚོན་ན། རྩོམ་ཡིག་གི་ཡོང་ཁུངས་ནི་དུས་དེབ་དེའི་སྲོག་ཤིང་ལྟ་བུ་ཡིན་ལ། རྒྱུན་ཆད་མེད་པར་ཕྱོགས་སོ་སོ་ནས་བསྐུར་བའི་རྩོམ་ཡིག་མེད་ན། དུས་དེབ་ཅིག་ལ་མཚོན་ན་དེ་ནི་མགོ་ཁུངས་མེད་པའི་ཆུ་བོ་དང་རྩད་པ་མེད་པའི་ཤིང་སྡོང་ལྟ་བུ་ལས་མ་འདས། རྒྱལ་ནང་དུ་བོད་ཡིག་གི་དུས་དེབ་རིགས་གང་ཞིག་ཡིན་རུང་། དེའི་རྩོམ་ཡིག་གི་ཡོང་ཁུངས་ནི་རྒྱ་ཡིག་གི་དུས་དེབ་རྣམས་དང་བསྡུར་ཐབས་མེད་པ་དང་། ལྷག་པར་དུ་ཆེད་ལས་རང་བཞིན་གྱི་དུས་དེབ་ལ་མཚོན་ན། དེའི་རྩོམ་ཁུངས་ནི་ཕལ་ཆེར་ཤིང་ལས་ཙན་དན་གྱི་དཔེ་ལྟར་སོང་ཡོད། དེ་ལ་གཅིག་ནས་མི་གྲངས་དང་གཉིས་ནས་ཤེས་ཡོན་ཅན་གྱི་བསྡུར་ཚད་སོགས་མཐར་གཏུགས་ན་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ལ་རག་ལས་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། འདིར་བོད་ཡིག་དུས་དེབ་རང་སྟེང་ནས་དེ་ལ་ཕྱིར་མིག་བལྟས་ཏེ་དབྱེ་ཞིབ་ཅིག་བྱས་ན། བོད་ཡིག་གི་དུས་དེབ་གསར་དུ་སྤེལ་བའི་ཐོག་མའི་དུས་སྐབས་ཏེ། ལོ་བཅུ་ཕྲག་འགའི་སྔོན་དང་ད་ལྟའི་འཕེལ་རྒྱས་དུས་སྐབས་གཉིས་བར་ལའང་ཁྱད་པར་ཤིན་ཏུ་ཆེ།

1.བོད་ཡིག་དུས་དེབ་གསར་སྤེལ་བྱུང་བའི་ཐོག་མའི་དུས་སྐབས་ཀྱི་རྩོམ་ཁུངས་ནས་བལྟ་བ། བོད་ཡིག་དུས་དེབ་གསར་སྤེལ་བྱུང་བའི་ཐོག་མའི་དུས་སྐབས་དེ་གང་ལ་ངོས་འཛིན་ཟེར་ན། སྤྱིར་བཅིངས་གྲོལ་བྱས་ནས་ལོ་རབས་ལྔ་བཅུ་ནས་དྲུག་ཅུའི་ནང་དུ་བོད་ཡིག་གི་དུས་དེབ་དང་ཚགས་པར་རེ་གཉིས་གསར་སྤེལ་བྱས་ཀྱང་ཕལ་ཆེར་བོད་ཡིག་གི་བསྐུར་རྩོམ་མེད་པ་དང་རྩོམ་སྒྲིག་པས་རྒྱ་ཡིག་ནས་བསྒྱུར་བ་ཤ་སྟག་རེད། དེའི་ཁྲོད་ནས་དཔེར་ན《མཚོ་སྔོན་སློབ་གསོ》ལྟ་བུའི་དུས་དེབ་ལ་མཚོན་ན། 1957ལོར་གསར་དུ་སྤེལ་བ་ཡིན་ཡང་། དེའི་ཐོག་མའི་རྣམ་པ་ནི་དུས་དེབ་ཡོངས་རྫོགས་རྒྱ་ཡིག་ནས་བསྒྱུར་བ་ཡིན་ཞིང་། ནང་དོན་ཡང་རྒྱལ་ཁབ་ཀྱི་སློབ་གསོའི་སྐོར་གྱི་ཡིག་ཆ་དང་། འབྲེལ་ཡོད་མགོ་ཁྲིད་པའི་གསུང་བཤད་སོགས་ཡིན་པས་རྩོམ་ཡིག་གི་ཡོང་ཁུངས་ཞེས་པ་གླེང་ཐབས་མེད། དཔེར་ན། གསར་དུ་སྤེལ་བའི་དེབ་དེ་ཡོངས་རྫོགས་རྒྱ་ཡིག་ནས་བསྒྱུར་པ་དང། 79ལོར་སྤེལ་བའི་བསྡོམས་པས་དེབ་དྲུག་གི་ནང་དུ་བོད་ཡིག་གི་བྲིས་རྩོམ་དེབ་གསུམ་པའི་ནང་དུ1དང་། དེབ་བཞི་པའི་ནང་དུ2དང་། དེབ་ལྔ་པའི་ནང་དུ1དང། དེབ་དྲུག་པའི་ནང་དུ1བཅས་ལས་མེད།② རྩོམ་པ་པོ་ཉུང་ཤོས་དེ་དག་ཀྱང་སྤྱི་ཚོགས་ཐོག་མཚན་སྙན་གྲགས་ཅུང་ཡོད་པའི་བོད་ཀྱི་ཡོན་ཏན་ཅན་ཁོ་ན་ཡིན། གནས་ཚུལ་འདི་འདྲ་ཞིག་ཡིན་པའི་རྒྱུ་མཚན་ནི་བདག་གིས་བསམ་ན་གཤམ་གྱི་རྒྱུ་རྐྱེན་གཉིས་དབང་གིས་ཡིན་པར་བསམ། གཅིག་ནི་བོད་རིགས་དམངས་ཡོངས་སློབ་གསོའི་ཆུ་ཚད་དམ་རིག་གནས་ཀྱི་ཆུ་ཚད་ཡོངས་ཁྱབ་ཏུ་དམའ་བས་རེད། ལོ་རབས་བདུན་ཅུའི་མཇུག་ནས་བརྒྱད་ཅུ་པའི་བོད་ཁུལ་ཡོངས་ལ་མཚོན་ན། ལོ་རྒྱུས་དང་རང་བྱུང་ཁོར་ཡུག་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་དབང་གིས། བོད་རིགས་སློབ་གསོ་ནི་སྐབས་དེར་ཅུང་རྗེས་ལུས་ཡིན་ཞིང་། མི་རྣམས་ཀྱི་རིག་གནས་བྱང་ཚད་ཀྱང་དམའ་བ་རེད། ཐེངས་བཞི་པའི་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་རྩད་ཞིབ་བྱས་པའི་ཡིག་ཆ་ལྟར་ན། རྒྱལ་ཡོངས་སུ་རིག་གནས་སློབ་གསོ་ཐོབ་པའི་བོད་རིགས་ཀྱི་མི་གྲངས་ནི1215772ཡིན་པ་དང་། དེས་རྒྱལ་ཡོངས་བོད་རིགས་མི་གྲངས་ཀྱི28%ཙམ་ལས་ཟིན་མེད། དེའི་ཁྲོད་དུ་སློབ་གྲྭ་ཆེན་མོ་དང་ཆེད་སྦྱོང་སློབ་གྲྭའི་ཡན་ཆད་ཀྱི་སློབ་གསོ་ཐོབ་པའི་མི་ནི73989དང་། སློབ་འབྲིང་གི་སློབ་གསོ་དང་སློབ་ཆུང་གི་སློབ་གསོ་ཐོབ་མཁན་ནི་སོ་སོར་མི250645དང891138ཡིན། གཞན་བོད་མི་རིགས་ལ་དུས་ཡུན་རིང་པོར་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་པས། མི་ཁག་ཅིག་གིས་དགོན་པ་བརྒྱུད་ནས་སློབ་གསོ་ཐོབ་སྟེ་རིག་གནས་ཤེས་བྱ་ཅུང་ཁོང་དུ་ཆུད་ཡོད་ཀྱང་། དེ་ནི་ཆོས་ལུགས་ཀྱི་ཁོངས་ཙམ་མ་གཏོགས་སྤྱི་ཚོགས་ལག་ལེན་གྱི་ཁྲོད་དུ་སྤྱོད་མཁན་ཉུང་ཤས་རེད། སྤྱིར་བཅིངས་འགྲོལ་བྱས་རྗེས་རྒྱལ་ཁབ་ཀྱིས་རིགས་དང་རིམ་པ་སོ་སོའི་སློབ་གྲྭ་མང་པོ་བཙུགས་ཏེ། བོད་རིགས་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་སྐྱེད་སྲིང་བྱས་པ་ཡིན་ནའང་རྨང་གཞི་ཞན་པ་སོགས་ཀྱི་དབང་གིས་བོད་མི་ཡོངས་ཀྱི་རིག་གནས་བྱང་ཚད་ཡོངས་ཁྱབ་ཏུ་ཅུང་དམའ་བས། དཔེ་ཆ་རྩོམ་པ་དང་རྩོམ་ཡིག་འབྲི་མཁན་ཧ་ཅང་དཀོན་པ་རེད། གཉིས་ནི་སྲོལ་རྒྱུན་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་པས་རེད། ཚང་མས་མཁྱེན་གསལ་ལྟར། བོད་རིགས་ནི་ཆོས་ལུགས་ལ་དད་མོས་ཆེ་བའི་མི་རིགས་ཤིག་རེད། དེ་ལ་ང་ཚོས་རྩོད་སྒྲུབ་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བས་བལྟས་ན། ཕྱོགས་གཅིག་ནས། དགོན་པ་ཁག་ནས་ཤེས་ལྡན་པ་འབོར་ཆེན་ཞིག་སྐྱེད་སྲིང་བྱས་ཏེ། བོད་ཀྱི་རིག་གནས་དང་སློབ་གསོ་གོང་དུ་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པ་ནི་སྨོས་མ་དགོས་ནའང། ཕྱོགས་གཞན་ཞིག་ནས། ཆོས་ལུགས་ནི་སེམས་གཙོ་སྨྲ་བ་ཡིན་པའི་སྟེང་ནས་དངོས་ཡོད་སྤྱི་ཚོགས་ལ་མཚོན་ན་སྒྱིད་ལུག་གི་ཕྱོགས་ཤིག་ཀྱང་ལྡན་ཏེ། མི་རྣམས་ཀྱིས་ཚེ་ཕྱི་མར་མཐོང་ཆེན་བྱེད་པ་ལས། ཚེ་འདིའི་བདེ་སྐྱིད་སོགས་ལ་རེ་བ་ཆེན་པོ་མི་འཛིན་པ་རེད། དེ་ལྟ་བུའི་ཆོས་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་གྱིས་བོད་རིགས་རྩོམ་པ་པོ་ཁག་ཅིག་རྩོམ་པ་ལ་ཐོགས་པ་མེད་ཀྱང་། རང་གི་དུས་ཚོད་དང་ནུས་ཤུགས་ཡོད་ཚད་ཁོ་ཚོས་བལྟས་ན་སྙིང་པོ་མེད་པའི་རྩོམ་འབྲིའི་ཕྱོགས་སུ་མི་གཏོང་བར། གཙོ་བོ་ཚོགས་གསོག་སྒྲིབ་སྦྱང་གི་ཕྱོགས་སུ་འབད་པ་རེད། དེའི་ཁར་སྤྱི་ཚོགས་རྙིང་བར་བོད་ཀྱི་ཤེས་ཡོན་ཅན་ཁྲོད་དུ་འདི་ལྟ་བུའི་གོམས་སྲོལ་ཞིག་ཆགས་ཡོད་དེ། བོད་ཀྱི་མཁས་པ་སུ་ཞིག་ཡིན་རུང་། གཞན་གྱིས་བསྐུལ་བ་ལ་མ་བརྟེན་པར་རང་དགར་རྩོམ་པ་ལ་མི་འཇུག་པ་དང་། འཆད་རྩོད་རྩོམ་གསུམ་ནི་མཁས་པའི་ལས་ཁོ་ན་མ་གཏོགས་མི་སུ་དང་གང་ཡིན་གྱིས་ལྷུར་མི་ལེན་པ་རེད། བསམ་ཚུལ་འདིས་ཀྱང་མི་རྣམས་ཀྱིས་རྩོམ་ཡིག་འབྲི་བའི་འདུ་ཤེས་དང་བསམ་བློར་ཚོད་འཛིན་ཆེན་པོ་ཐེབས་པས། བོད་རིགས་སྤྱི་ཚོགས་སུ་རྩོམ་ཡིག་འབྲི་བའི་ཤེས་ཡོན་མི་སྣའི་དཔུང་སྡེ་ཧ་ཅང་དཀོན་པའི་གནས་ཚུལ་འདི་བྱུང་བ་རེད།

2.ཉེ་བའི་ལོ་འགའི་རིང་གི་རྩོམ་ཁུངས་ནས་བལྟ་བ། དེ་ལྟར་བོད་ལ་དུས་དེབ་མེད་པ་ནས་ཐོག་མར་གསར་སྤེལ་བྱུང་ནས་རིམ་བཞིན་འགྲེམ་སྤེལ་བྱུང་ཞིང་། དེ་དག་གིས་ཤུགས་རྐྱེན་དང་སྐུལ་འདེད་འོག་ཏུ་ལོ་རབས་བརྒྱད་ཅུའི་མགོ་ནས་བཟུང་སྟེ་ད་བར་དུ་བོད་ཁུལ་དུ་བོད་ཀྱི་ལས་རིགས་ལས་ཁུངས་དང་སློབ་གྲྭ་སོ་སོ། དགོན་པ་ཁག ཐ་ན་ད་ལྟ་མི་སྒེར་ནས་ཀྱང་བོད་ཀྱི་རིག་གནས་གོང་དུ་སྤེལ་བའི་དགོས་མཁོ་དང་དགོས་ཆེད་དུ་དམིགས་ཏེ་རིག་གཞུང་ཞིབ་འཇུག་དང་རྩོམ་རིག སློབ་གསོ། ཆོས་ལུགས། སྒྱུ་རྩལ། དམངས་ཁྲོད་རྩོམ་རིག སྙན་ངག། གསོ་རིག། མཛེས་རྩལ་སོགས་ཀྱི་དུས་དེབ་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་སུ་ཡོད། རྩོམ་ཁུངས་ཀྱི་ཕྱོགས་ནས་དུས་དེབ་འདི་དག་ལས་ཆེད་ལས་རང་བཞིན་གྱི་དུས་དེབ་རེ་གཉིས་མ་གཏོགས། དུས་དེབ་རིགས་མང་ཤས་ནི་དུས་དེབ་གསར་སྤེལ་བྱུང་བའི་ཐོག་མའི་དུས་སྐབས་དང་བསྡུར་ཐབས་མེད་པར་ལོ་ངོ་ཐུང་ཐུང་འགའི་ནང་དུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དཔེར་ན། དེ་དག་གི་ཁྲོད་ནས་རྒྱལ་ནང་དུ་གཞུང་ཕྱོགས་ཀྱིས་བསྒྲུབས་པའི་དུས་དེབ་ང་ཚོ《བོད་ཀྱི་སློབ་གསོ》ལ་ཆ་བཞག་ན་ལོ་རབས་དགུ་བཅུ་པའི་མགོ་ནས་བཟུང་སྟེ། ཕྱོགས་སོ་སོ་ནས་བསྐུར་པའི་རྩོམ་ཡིག་མངོན་གསལ་དུ་ཇེ་མང་ལ་སོང་སྟེ་རྩོམ་པ་པོའི་དཔུང་སྡེ་བརྒྱ་འགྱུར་གྱིས་སྟོབས་ཇེ་ཆེར་སོང་ཡོད། རྩོམ་པ་པོའི་ཕྱོགས་ནས་ཀྱང་སྤྱི་ཚོགས་སྟེང་སྙན་གྲགས་ཆེ་བའི་མཁས་པ་ཡོད་ལ། སྦྱང་བརྩོན་བྱེད་པའི་མི་དཀྱུས་མའང་ཡོད། ལས་རིགས་ཀྱི་ཕྱོགས་ནས་ཀྱང་སློབ་གྲྭ་ཆེན་མོའི་དགེ་རྒན་དང། ཞིབ་འཇུག་པ། ལས་རིགས་སོ་སོའི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ། གཞི་རིམ་ན་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་སྲིད་གཞུང་གི་བྱ་བ་སྒྲུབ་པའི་གཞུང་ཞབས་པ། གཞན་ཡང་དགོན་པའི་བླ་སྤྲུལ་དང་གྲྭ་པ། ཐ་ན་ཞིང་པ་དང་འབྲོག་པ་དཀྱུས་མའང་མི་ཉུང་བ་ཡོད། འདིའི་སྟེང་ནས་བོད་ཁུལ་གྱི་རིག་གནས་སློབ་གསོ་དར་ཁྱབ་སོང་བ་དང་གོང་དུ་འཕེལ་བའི་རྣམ་པའང་མཚོན་ཐུབ། མདོར་ན། བོད་ཁུལ་གྱི་དུས་དེབ་རྣམས་ཀྱི་རྩོམ་ཁུངས་དེ་འདྲ་ཇེ་ཡངས་སུ་སོང་བའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ན་གཙོ་བོ་བོད་ཁུལ་གྱི་སློབ་གསོ་དར་རྒྱས་ཆེན་པོ་སོང་བ་ལ་རག་པ་ལས་མེད།

༢.སྐུར་རྩོམ་གྱི་རྒྱུ་སྤུས་སྟེང་ནས་བོད་ཁུལ་གྱི་སློབ་གསོའི་འཕེལ་རིམ་ལ་བལྟ་བ།

དུས་དེབ་ཅིག་གི་རྒྱུ་སྤུས་བཟང་ངན་ནི་དུས་དེབ་དེའི་པར་སྐྲུན་གྱི་བཟོ་རྩལ་དང་། པར་ངོས་ཀྱི་ཇུས་འགོད། ཕྱིའི་མདུན་ཤོག་གི་མཛེས་རྩལ་ཇུས་འགོད། ཤོག་བུའི་རྒྱུ་སྤུས། ལེ་ཚན་གྱི་བཀོད་སྒྲིག་སོགས་ལ་རག་ལས་ཡོད་པ་ལས་གཞན། དེར་བཀོད་པའི་རྩོམ་ཡིག་གི་རྒྱུ་སྤུས་ལེགས་མིན་ལ་ཤིན་ཏུ་རག་ལས་ཡོད་པ་རེད། རྩོམ་ཡིག་ལེགས་པོ་ཞིག་ཡིན་ཕྱིན། དེའི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཀྱི་ཚིག་དང་རིགས་ལམ་སོགས་རྣམ་པ་གང་གི་ཕྱོགས་ནས་ཀྱང་སྐྱོན་བྲལ་ལེགས་ཚོགས་ལྡན་པ་ཞིག་ཡིན་དགོས་ཏེ། བརྗོད་བྱའི་ནང་དོན་ཐད་ནས་གཏིང་ཟབ་ཅིང་མངོན་པར་གསལ་བའི་བསམ་བློའི་རང་བཞིན་ལྡན་པ་ཞིག་དང་། རྗོད་བྱེད་ཀྱི་ཆ་ནས་ཚིག་བདེ་ཞིང་གོ་སླ་བ། བརྡ་དག་པ། བརྡ་སྤྲོད་ཀྱི་གཞུང་དང་མཐུན་པ། མཚོན་སྟངས་ཀྱི་ཕྱོགས་ནས་རིགས་ལམ་གསལ་ཞིང་གོ་རིམ་ལྡན་པ། དབྱེ་མཚམས་མ་འཁྲུགས་པ། གང་སྒྲུབ་པར་བྱེད་པའི་ཐབས་ལ་མཁས་པ། ལུང་རིགས་ཀྱི་ཁུངས་གསལ་ཞིང་ཡང་དག་པ། མཚོན་ཐབས་སྒྱུ་རྩལ་གྱིས་ཕྱུག་པ་ཞིག་ཡིན་དགོས། དེ་དག་ལས་ཀྱང་རྩོམ་ཡིག་རིགས་གང་ཞིག་ཡིན་ཀྱང་བརྗོད་སྙིང་གསལ་ཞིང་ཚིག་སྦྱོར་བདེ་བ། ཡིག་ནོར་མེད་པའམ་ཉུང་བ་ནི་ཆེས་མ་མཐའི་ཆ་རྐྱེན་ཡིན་པ་སྨོས་ཅི་དགོས། འདིར་ངས་ལག་ལེན་ལས་བྱུང་བའི་མྱོང་ཚོར་དང་སྦྱར་ནས་གླེང་ན། རང་རེ་དུས་དེབ་ལ་ཆ་མཚོན་ན་སློབ་གསོ་ཆེད་གཉེར་གྱི་དུས་དེབ་ཅིག་ཡིན་ཞིང་། ཟླ་ཟུང་དུས་དེབ་དང་དེབ་རེར་སྔོན་ཆད་ཤོག་ངོས80དང་། ད་ལྟ་ཤོག་ངོས100ཡོད། བསྡོམས་པས་ལོ་རེར་དེབ་དྲུག་རེ་པར་སྐྲུན་བྱེད་ཀྱིན་ཡོད། ཉེ་བའི་ལོ་འདི་དག་གི་སྔོན་ཙམ་ལ་ཁྱོན་བསྡོམས་ལོ་གཅིག་ལ་བསྐུར་རྩོམ་སུམ་བརྒྱ་ཙམ་འབྱོར་གྱིན་ཡོད་ཀྱང་། རང་རེ་དུས་དེབ་ལ་ལེ་ཚན་མང་བ་དང་པར་ངོས་ལ་ཚད་བཀག་ཡོད་པའི་དབང་གིས། ལེགས་འདེམ་བྱུང་བའི་རྩོམ་ཡིག་རིང་ཐུང་དེབ་རེར་ཆེས་མང་ནའང་བཅུ་ཁ་ཙམ་དང་ལོ་ཧྲིལ་བོར་རྩོམ་ཡིག་བདུན་ཅུ་ནས་བརྒྱད་ཅུ་ཙམ་ལས་འགོད་ཐུབ་ཀྱི་མེད། རྩོམ་ཡིག་མང་ཆེ་བ་སྒྲོམ་ཞབས་སུ་གསང་རྒྱ་མི་འདེབས་ཐབས་མེད་དུ་གྱུར། རྒྱུ་སྤུས་ཕྱོགས་ནས་བལྟས་ཚེ། ལོ་རབས་བརྒྱད་ཅུ་ནས་དགུ་བཅུའི་བར་གྱི་རྩོམ་ཡིག་དེ་དག་ལས20%ཡི་རྩོམ་ཡིག་ནི་ཕལ་ཆེར་བརྗོད་བྱའི་དོན་སྙིང་མི་གསལ་བ་དང་ཚིག་སྦྱོར་མི་བདེ་བ། ཡིག་ནོར་མང་བ། སྔ་ཕྱི་གོ་རིམ་འཁྲུགས་པ་སོགས་ཀྱི་སྐྱོན་གང་མང་མཆིས་པས་དེབ་སྟེང་དུ་འགོད་ཐབས་བྲལ། ཡང50%ཡི་རྩོམ་ཡིག་ནི་གོང་གི་སྐྱོན་དེ་འདྲ་མེད་ཀྱང་རྩོམ་པ་པོར་ལྟ་བ་གསར་བ་མེད་པ་དང་། བརྗོད་བྱ་རྙིང་ཧྲིལ་དུ་གྱུར་པའམ་གཞན་གྱིས་གླེང་ཟིན་པ། ཡང་ན་རགས་རིམ་ཙམ་ལས་གཏིང་ཟབ་ཏུ་སྤྲོས་ཐུབ་མེད་པས་དེབ་སྟེང་དུ་འགོད་པའི་རིན་ཐང་དམན་པ་དང། གཞན་ཡང10%ཡི་རྩོམ་ཡིག་ཅིག་གི་བརྗོད་བྱའི་ལྟ་བ་གསར་བ་ཡིན་ཡང་། རྩོམ་པ་པོར་ཡིག་རྩལ་ཞན་པའམ་ཡང་ན་རིགས་ལམ་ལ་ཞིབ་ཆ་མེད་པ། ཡང་ན་དངོས་དོན་མེད་པར་སྟོང་བཤད་དུ་གྱུར་པ་སོགས་དོར་ན་འགྱོད་པ་དང་བླང་ན་ཕངས་པའི་རིགས་འདི་དག་ལ། རྩོམ་སྒྲིག་པས་ནུས་ཤུགས་ཆེན་པོ་བཏོན་ནས་དག་བཅོས་དང་ཁ་གསབ་མང་པོ་བརྒྱབ་ཚེ་གཞི་ནས་དེབ་སྟེང་དུ་འགོད་ཆོག་པ་རེད། མདོར་ན་རང་རེ་དུས་དེབ་ལ་མཚོན་ན་སྔོན་ཆད་རྒྱུ་སྤུས་ཤིན་ཏུ་ལེགས་པའི་རྩོམ་ཡིག་ནི་བསྐུར་རྩོམ་ཡོངས་ཀྱི15%ནས20%ཙམ་ལས་མེད་པ་དང་། བོད་ཡིག་གི་རྩོམ་ཡིག་ཡོངས་ཁྱབ་ལ་ཚད་མི་འདྲ་བའི་སྐྱོན་སྣ་ཚོགས་མཆིས་པ་ནི་མཐོང་ཆོས་སུ་གྱུར་པ་རེད། གོང་དུ་བཤད་པའི་སྐྱོན་འདི་དག་ཕུད་ད་དུང་རྒྱུན་མཐོང་གི་སྐྱོན་དཔེར་ན། 1.ལུང་ཁུངས་མི་གསལ་བ་དང་མཆན་འགྲེལ་མེད་པའི་སྐྱོན། 2.གཅིག་མཐུན་གྱི་སྐད་དང་བརྡ་སྤྲོད་ཀྱི་གཞུང་ལ་མི་བསྟུན་པའི་སྐྱོན། 3.བརྡ་རྟགས་མ་ཤེས་པར་རྒྱ་ཡན་དུ་སྤྱོད་པའི་སྐྱོན། 4.གཞི་རྩ་མེད་པར་རང་འདོད་དུ་སྡོམ་ཚིག་འགོད་པའི་སྐྱོན། 5.རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འགལ་ཞིང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་སྐྱོན་ལ་སོགས་པ་ལྟ་བུའོ། ། ཡིན་ནའང་ཉེ་བའི་ལོ་འདི་དག་གི་རིང་ལ་གནས་ཚུལ་དེ་ལ་འགྱུར་ལྡོག་བྱུང་སྟེ། རྩོམ་ཡིག་སྐུར་མཁན་གྱི་གྲངས་ཚད་ཕྱོགས་ནས་མངོན་སུམ་དུ་ཇེ་ཉུང་ལ་སོང③ཡོད་ནའང་། རྒྱུ་སྤུས་ཀྱི་ཕྱོགས་ནས་ཇེ་མཐོ་དང་ཇེ་ལེགས་སུ་སོང་ཡོད། རྩོམ་པ་པོའི་དཔུང་སྡེའི་ཁྲོད་ནས་ད་ལྟ་སློབ་གསོ་ཆེད་གཉེར་གྱི་རབ་འབྱམས་པའི་སློབ་མ་དང་འབུམ་རམས་པའི་སློབ་མ། སློབ་གསོ་ཆེད་མཁས་པ་སོགས་ཡོད་པ་འདིའི་སྟེང་ནས་བོད་ཀྱི་སློབ་གསོའི་གཞུང་ལུགས་གྲུབ་པར་ཤེས་ཡོན་པའི་རྨང་རྡོ་འདིང་བཞིན་པ་དང་། སྔོན་དང་བསྡུར་ན་ལྷག་ཏུ་སྨིན་པ་དང་རྗེས་དཔག་གི་སྒོ་ནས་བོད་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་ལ་གཞུང་ལུགས་སྟེང་ནས་མཛུབ་སྟོན་དང་ཞིབ་འཇུག་བྱས་པ་ལས་བོད་ཀྱི་སློབ་གསོར་རེ་བ་ཡོད་པ་མཐོང་ཐུབ།

གཉིས། 《བོད་ཀྱི་སློབ་གསོའི》མཐོང་སྣེ་ནས་བོད་ཁུལ་གྱི་མཐོ་རིམ་སློབ་གསོར་རིག་ཚན་འཛུགས་སྐྲུན་ཁ་ཚ་དགོས་གཏུགས་ཆེ་ཚུལ་ལ་བལྟ་བ།

༡.སྤྱིར“སྐད་གཉིས་སློབ་གསོའི”འཕེལ་རིམ་ནས་རིག་ཚན་འཛུགས་སྐྲུན་གྱི་དགོས་གལ་དང་དེའི་དཀའ་གནས་གླེང་བ།

ཚང་མས་མཁྱེན་གསལ་ལྟར། སྐད་གཉིས་སློབ་གསོ་ཞེས་པ་ནི། ང་ཚོ་གངས་ལྗོངས་ཙམ་ལ་དར་བ་ཞིག་མ་ཡིན་པར་འཛམ་གླིང་རང་བཞིན་གྱི་སློབ་གསོའི་བྱེད་ཐབས་ཤིག་ཡིན་ལ། དེ་ནི་རང་རེ་བོད་ལ་མཚོན་ན་གསར་དུ་བྱུང་བ་ཞིག་ཀྱང་མ་ཡིན་པར། སྲོང་བཙན་སྔོན་དུ་བོད་ལ་ཡི་གེ་ཡོད་པའི་དབང་དུ་བཏང་ན་ལོ་ངོ་སྟོང་ཕྲག་གསུམ་གྱི་སྔོན་ཏེ་ཞང་བོད་ལ་དར་ཡོད་པ་བོན་གྱི་ལོ་རྒྱུས་ལ་མཇལ་ན་ཤེས། སྐད་གཉིས་སློབ་གསོ་ལ་བརྟེན་པས་དུས་སྐབས་དེ་དག་ཏུ་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤ་རི་དབུ་ཆེན་དང་། སྟོང་རྒྱུང་མཐུ་ཆེན། དྲན་པ་ནམ་མཁའ་སོགས་སྐད་གཉིས་སྨྲ་བའི་མཁས་པ་མང་དུ་བྱོན་ནས། ཞང་བོད་ལ་ཤེས་རིག་གི་སྒྲོན་མེ་ནམ་ལངས་པ་ལྟར་སྦར་ཡོད། རིག་གཞུང་ཚན་ཁག་གི་ཕྱོགས་སུ་བཤད་ནའང་ནང་དོན་རིག་པ་དང་། བཟོ་རིག་པ། གསོ་བ་རིག་པ། ཚད་མ་རིག་པ། གནམ་རྩིས་རིག་པ་སོགས་གཙུག་ལག་རིག་གནས་ཆེ་ཆུང་ལྔ་ཟུང་གིས་མཚོན་པ་སྟོང་བཤད་ཙམ་མ་ཡིན་པར། བོན་གྱི་ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་ལྔས་བསྡུས་པའི་གླེགས་བེམ་དག་ལ་མཇལ་ན་རྟོགས་ནུས་ལ། སྲོང་བཙན་རྗེས་ནས་ཇི་འདྲ་ཞིག་དར་བ་ཆོས་འབྱུང་ཀུན་ལས་གསལ་བས་བཤད་མ་དགོས་སོ། །


ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་མར་ལེ་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དང་། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་ཁུལ་དུ་བོད་ཡིག་རྨང་གཞིར་འཛིན་པའི་དེང་རབས་ཅན་གྱི་སློབ་ཁྲིད་བྱེད་ཐབས་སྤྱད་པས། རྨད་དུ་བྱུང་བའི་གྲུབ་འབྲས་བླངས་ཏེ་འཕེལ་རྒྱས་བྱུང་། 《བོད་ཀྱི་སློབ་གསོ》དུས་དེབ་ཀྱི་མཐོང་སྣེ་ལས་བལྟས་ན། ང་བརྒྱད་ལོ་ནས་བཟུང་སྟེ། ཏང་ནང་ཁུལ་དུ་མི་རིགས་གནད་དོན་སྟེང“གཡོན”ལྷུང་ལམ་ཕྱོགས་བྱུང་ནས། བོད་ཁུལ་གྱི་སློབ་གསོ་ཐད་སྐད་ཆ་སྣ་གཅིག་སྟེ་རྒྱ་སྐད་ཀྱིས་སློབ་ཁྲིད་བྱས་ཏེ“ཐད་ཀར་བར་བརྒལ་བྱེད་པ”ཟེར་བ་དེ་ལག་བསྟར་བྱས་པས། བོད་རིགས་སློབ་གསོར་འཕེལ་རྒྱས་ཆེན་པོ་མ་བྱུང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། ཏང་གི་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་སླར་གསོ་བྱས་ཏེ། མི་རིགས་ཀྱི་གནད་དོན་ཐད“གཡོན”གྱི་སྲིད་ཇུས་ཡོ་བསྲང་བྱས་པ་དང་སློབ་གསོའི་ཐད་ཏང་གི་མི་རིགས་སྐད་ཡིག་སྤྱད་ནས་སློབ་ཁྲིད་བྱས་ཆོག་པར་བཟོས། དེ་ནས་བཟུང་སྟེ་བོད་ཁུལ་དུ“སྐད་གཉིས་སློབ་གསོ”སྤེལ་མགོ་བརྩམས་ཏེ་གྲུབ་འབྲས་མི་དམན་པ་བླངས།④ཡིན་ནའང་དེ་རྗེས་ཀྱི“སྐད་གཉིས་སློབ་གསོ”འཕེལ་རིམ་དུ་སྐབས་དེར་སྐད་གཉིས་སློབ་གསོ་ལ་གོ་བ་ལེན་ཚུལ་འདྲ་མིན་སྣ་ཚོགས་བྱུང་བ་དང་། རྙོག་འཛིང་ཆེ་བ་མ་ཟད་གོ་ནོར་དུ་སོང་བ་ཡང་གང་མང་ཡོད། ཕྱོགས་བསྡུས་བྱས་ན་རིགས་འདི་དག་ཡོད་དེ།


1.སྐད་གཉིས་སློབ་གསོ་དེ་བོད་ཡིག་སྦྱངས་ན་བཟང་ངམ་རྒྱ་ཡིག་སྦྱངས་ན་བཟང་ཞེས་དེ་གཉིས་ཕན་ཚུན་གཞན་དུ་གཅོད་པ་ཞིག་བྱུང་། དོན་དུ་གོ་བ་ལེན་ཚུལ་འདི་སྐད་གཉིས་སློབ་གསོ་མིན་པ་ད་ལྟ་ང་ཚོས་བལྟས་ན་ཤིན་ཏུ་རྟོགས་སླ་མོད། ཡིན་ནའང་སྐབས་དེར་ས་ཆ་ལ་ལར་རྒྱ་ཡིག་སྦྱོང་བ་དང་རྒྱལ་གཅེས་རིང་ལུགས་གཉིས་ལྷན་དུ་སྦྱོར་བ་དང་། བོད་ཡིག་སྦྱོང་བ་དང་གུ་དོག་པའི་མི་རིགས་རིང་ལུགས་གཉིས་ལྷན་དུ་སྦྱར་ནས། བོད་ཡིག་སྦྱོང་བ་དང་རྒྱ་ཡིག་སྦྱོང་བ་གཉིས་ལ་ཕྱོགས་རེ་བའི་ཆབ་སྲིད་ཀྱིས་ལྟ་བས་ཁྱེར་བ་འདི་དོན་དུ་སློབ་གསོའི་ཆོས་ཉིད་དང་ཡོངས་སུ་འགལ་ཡོད།

2.སློབ་ཚན་གང་ཡིན་ཡང་སློབ་ཐུན་ནང་རྒྱ་ཡིག་རྒྱ་སྐད་གཙོར་འཛིན་པ་དང་། བོད་སྐད་ཀྱིས་རམ་འདེགས་བྱེད་པའི་སློབ་ཁྲིད་བྱེད་སྟངས་ཤིག་སྟེ། འདིའི་སྐྱོན་ནི་སློབ་མའི་ཕ་སྐད་ནི་སྐད་ཡིག་གཉིས་པ་སྦྱོང་བའི་ལག་ཆ་ཙམ་དུ་གྱུར། གཞན་ཡང་ཉེ་བའི་ལོ་འགར་བོད་ཁུལ་དུ་སྐད་གཉིས་སློབ་གསོ་དེ་དཔེ་དབྱིབས་སམ་ཐབས་ལམ་རིགས་གསུམ་དུ་གཏན་ཁེལ་བྱས་ཡོད་ནའང་། ས་ཆ་ལ་ལའི་སྲིད་འཛིན་མགོ་ཁྲིད་འགའ་རེས་སྐད་གཉིས་སློབ་གསོ་ཟེར་ན། བོད་རིགས་སློབ་མའི་ལས་ཞུགས་སོགས་ཀྱི་ཆེད་དུ་གཙོ་བོ་རྒྱ་ཡིག་རྒྱ་སྐད་ལ་ཤུགས་སྣོན་དགོས་པ་ལ་གོ

3.བོད་རིགས་སློབ་མ་རྣམས་ལ་བོད་སྐད་ཡིག་གི་བསླབ་ཚན་མ་གཏོགས། བསླབ་ཚན་གཞན་དག་ཚང་མ་རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་དགོས་པར་འདོད།

4.རྫོང་མཁར་གྱི་སློབ་གྲྭ་ལ་ལ་སྤྱིར་བོད་རིགས་སློབ་མའི་དོན་དངོས་གནས་ཚུལ་ལ་གཞིགས་ན། ཐབས་ལམ་རིགས་དང་པོ་སྤྱོད་འོས་ཀྱང་དེ་ལྟར་མ་བྱས་པར་གཙོ་བོ་དགེ་རྒན་གྱི་སློབ་ཁྲིད་སྐད་ཆའི་གནས་ཚུལ་ལྟར་སྐད་གཉིས་སློབ་ཁྲིད་ཀྱི་ཐབས་ལམ་གཏན་ཁེལ་བྱེད་པ་ཞིག་རེད།

5.སྐད་གཉིས་སློབ་གསོའི་ཐབས་ལམ་འདེམ་པའི་རྩ་དོན་དེ་སློབ་གྲྭའི་སློབ་མ་སྡུད་ཁོངས་ཁག་ཐེག་བྱེད་པའི་རྩ་དོན་དུ་གྱུར། དཔེར་ན། བོད་ཡུལ་གྱི་རྫོང་རིམ་པ་གཡས་གཡོན་གྱི་མགོ་ཁྲིད་པས་རྒྱ་སྐད་རྐྱང་མའི་ཐབས་ལམ་གྱི་སློབ་འབྲིང་སློབ་མའི་སྡུད་ཁོངས་ཁག་ཐེག་བྱེད་ཆེད། མངའ་ཁུལ་དུ་ཞང་གང་དག་གིས་བོད་ཡིག་འཁྲིད་ཆོག་པ་དང་། ཞང་གང་དག་གིས་རྒྱ་སྐད་རྐྱང་མའི་སློབ་ཁྲིད་བྱེད་དགོས་པ་གཏན་འབེབས་བྱེད་པ་ལྟ་བུ་རེད།

མདོར་ན། ལྟ་ཚུལ་དང་སྒྲུབ་སྟངས་འདི་དག་གང་ཡིན་ཡང་མིའི་ཤེས་རྟོགས་ཀྱི་ཆོས་ཉིད་དང་ཡོངས་སུ་འགལ་ཡོད་པ་མ་ཟད། སྐད་གཉིས་སློབ་གསོ་ལག་བསྟར་བྱེད་པའི་རྩ་བའི་རྨང་གཞི་དང་རྩ་དོན་ལའང་ཡོངས་སུ་འགལ་འདུག་གོ⑤2002ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་སློབ་གསོ་བཅོས་སྒྱུར་གཏིང་ཟབ་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་ཐག་གཅོད་ནང་། སྟོབས་ཤུགས་ཆེན་པོས་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་སློབ་གསོ་གོང་འཕེལ་དུ་གཏོང་དགོས། ཞེས་པའི་དགོངས་དོན་དེའི་འོག་ཏུ། ངེད་རྩོམ་སྒྲིག་ཁང་གིས་སྐད་གཉིས་སློབ་གསོའི་ཐད་རྙོག་འཛིང་ཆེ་བ་དང་ལྟ་ཚུལ་མི་མཐུན་པ་མང་བ་འདི་དག་ལ་དམིགས་ཏེ“སྐབས་བབ་གཏམ་གླེང་ར་བ”ཞེས་པའི་ལེ་ཚན་ཞིག་ཆེད་དུ་བཀོད་སྒྲིག་བྱས་ནས་གནད་དོན་དེར་བགྲོ་གླེང་དཔྱད་སྡུར་བྱས་ཏེ། ལྟ་ཚུལ་གཅིག་མཐུན་ཡོང་བའི་ཀུན་སློང་གིས་བོད་ཀྱི་སློབ་གསོ་ཆེད་མཁས་པ་སྐོར་ཞིག་གི་རྩོམ་ཡིག་བཀོད་མྱོང་། ད་ལྟ་བོད་ཁུལ་དུ་གནད་དོན་དེ་གཞི་ནས་མཇུག་རྫོགས་ཏེ་སྐད་གཉིས་སློབ་གསོའི་ཐབས་ལམ་རིགས་གསུམ་མམ། དཔེ་དབྱིབས་གསུམ་དུ་གཏན་འཇགས་བྱུང་ནས་དེ་དེ་བཞིན་དུ་ལག་ལེན་དུ་བསྟར་བཞིན་ཡོད།

དེ་ལྟར་སྐད་གཉིས་སློབ་གསོ་གཏན་འཇགས་དང་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་གཟུགས་དང་གྲིབ་མ་བཞིན་འགྲོགས་འོངས་པ་ནི། བོད་ཁུལ་གྱི་སློབ་ཆེན་ཁག་ཏུ་བོད་ཀྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དུས་རབས་ཀྱི་དགོས་མཁོར་དམིགས་ཏེ། བོད་སྐད་ཡིག་དང་རིག་གཞུང་ཚན་ཁག་གཞན་པའི་རིགས་འཛུགས་སྐྲུན་བྱེད་རྒྱུའི་གནད་དོན་དེ་རེད། དེ་ཐད་ནས་བོད་ཁུལ་གྱི་མི་རིགས་སློབ་ཆེན་ཁག་གི་མི་རིགས་སྡེ་ཁག་སོ་སོ་ནས་བོད་རིགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། བོད་ཁུལ་གྱི་འཛུགས་སྐྲུན་ལ་ཕྱོགས་སོ་སོའི་ཤེས་ཡོན་ཅན་སྐྱེད་སྲིང་དང་མཁོ་འདོན་བྱ་ཕྱིར་རིག་ཚན་འཛུགས་སྐྲུན་གྱི་ཕྱོགས་ལ་བསམ་གཞིག་བཏང་སྟེ་བཅོས་སྒྱུར་གང་འཚམ་བྱས་ཡོད། དཔེར་ན། ནུབ་བྱང་མི་རིགས་སློབ་ཆེན་མི་རིགས་སློབ་གླིང་ལ་མཚོན་ན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་མི་རིགས་མཐོ་རིམ་སློབ་གྲྭ་དང་པོ་ཡིན་ཞིང་། རིག་གཞུང་ཚན་ཁག་གི་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཕྱོགས་སུ་རང་ཉིད་ཀྱི་ཁྱད་ཆོས་དང་དགེ་མཚན་གྲུབ་ཡོད་པ་དང་། སློབ་གྲྭས་དུས་རབས་གསར་པའི་ནང་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ནུས་ལྡན་གྱི་ཆ་རྐྱེན་བསྐྲུན་ཡོད། སློབ་གཙོ་སྔོན་མ་དཀོན་མཆོག་ཚེ་བརྟན་མཆོག⑥གིས་ང་ཚོས་མི་རིགས་སློབ་གླིང་ཁག་གི་སློབ་སྒྲུབ་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། རིག་གཞུང་ཚན་ཁག་གི་ཆེད་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་སྐབས། དགེ་མཚན་ལྡན་པའི་སྲོལ་རྒྱུན་གྱི་རིག་གཞུང་ཚན་ཁག་དེ་མཐོ་གསར་ལག་རྩལ་གྱི་རིག་གཞུང་ཚན་ཁག་དང་། མི་རིགས་ས་ཁུལ་དུ་མཁོ་བའི་བཀོལ་སྤྱོད་རང་བཞིན་ལྡན་པའི་ཆེད་སྦྱོང་ལས་རིགས་གཉིས་ཟུང་དུ་སྦྲེལ་ནས། མི་རིགས་ས་ཁུལ་གྱི་དགོས་མཁོ་དང་འཚམ་པའི་རིག་གཞུང་ཚན་ཁག་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་བ་ཞིག་བསྐྲུན་དགོས་ཞེས་བསྟན་པ་དང་། རིག་ཚན་གང་དག་འཛུགས་དགོས་ཐད་ལ། ཉེ་བར་མཁོ་བའི་ཆེད་གཉེར་ལས་རིགས་དང་གསར་དུ་དར་བའི་རིག་གཞུང་ཚན་ཁག་དམིགས་སུ་བཀར་ནས་སྔོན་དུ་སྤེལ་བ་དང་། ནུབ་བྱང་མི་རིགས་ས་ཁུལ་དུ་ཉེ་བར་མཁོ་བའི་རྩིས་འཁོར་དང་ཕྱི་སྐད། སྐྱེ་དངོས་ལག་རྩལ། གློག་རྡུལ་འཕྲིན་གཏོང་ལག་རྩལ། ཞིང་ལས། སྨན་བཅོས། རང་འགུལ་ཅན་གྱི་ཐོན་སྐྱེད། རྒྱལ་སྤྱིའི་འགྲན་རྩོད་དང་འཚམ་པའི་ཚད་མཐོའི་བཅའ་ཁྲིམས། དངུལ་རྩ། ཚོང་དོན། རྩིས་གཉེར། བཟོ་ཚོང་དོ་དམ་བཅས་ཀྱི་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་པ་རེད།⑦ བོད་ཀྱི་སློབ་ཆེན་ན་བཞུགས་པའི་སློབ་གསོ་ཕྱག་བཞེས་གནང་མཁན་དག་ལ་མཚོན་ན། བོད་ཀྱི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་གཙོ་གནད་དང་དཀའ་གནད་དེ་ནི་དེང་རབས་སློབ་གསོའི་བརྡ་འཕྲིན་ལག་རྩལ་དང་། དྲ་རྒྱ་ལག་རྩལ། སྣ་མང་སྨྱན་བྱེད་ཀྱི་ལག་རྩལ་བཅས་དང་། ཕུལ་དུ་བྱུང་བའི་མི་རིགས་སྲོལ་རྒྱུན་རིག་གནས་གཉིས་ཚད་མཐོན་པོའི་སྒོ་ནས་ཟུང་འབྲེལ་བྱས་ཏེ། བོད་ཀྱི་སློབ་གསོའི་འཁོར་གཞིའམ་མ་ལག་ཆགས་རྒྱུ་དེ་ཡིན་པ་ཐུགས་ལ་ངེས⑧ ཡོད་ནའང་། བཅོས་སྒྱུར་གྱི་ལག་ལེན་དངོས་ན་གནད་དོན་དང་དཀའ་ལས་གང་མང་ཞིག་ལ་འཕྲད་བཞིན་ཡོད། དཔེར་ན། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཁག་གིས་བོད་ཡིག་སྦྱངས་པའི་སློབ་མ་རྣམས་སྤྱི་ཚོགས་སུ་ལོ་ཙཱ་བ་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན། དེ་མིན་ཚད་ཡོད་ཀྱི་གཞུང་ཞབས་པ་མ་གཏོགས། ལས་ཞུགས་ཀྱི་ལམ་སྣ་གཞན་མེད་པའི་གནད་དོན་དེར་དམིགས་ནས། ཆེད་ལས་ཀྱི་ཁ་ཕྱོགས་བཅོས་སྒྱུར་བྱས་ཏེ། སྣ་རྐྱང་ཡིན་པའི་བོད་ཡིག་ཆེད་ལས་དེ་རིམ་བཞིན་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་དང་བཟོ་ཚོང་དོ་དམ། སྲིད་འཛིན་དོ་དམ། དཔལ་འབྱོར་དོ་དམ། རྩིས་འཁོར། གསར་འགྱུར་རྩོམ་སྒྲིག་བཅས་ཀྱི་ཕྱོགས་སུ་རྒྱ་བསྐྱེད་པར་ཚོད་ལྟ་བྱས་མོད། འོན་ཀྱང་དངོས་སུ་ལག་ཏུ་བསྟར་བའི་གོ་རིམ་ཁྲོད་དཀའ་ཁག་མི་ཉུང་བ་ཞིག་ལ་ཕྲད་པ་སྟེ། དཔེར་ན། སློབ་མས་ཆེད་ལས་ཀྱི་ཁ་ཕྱོགས་གསར་བ་གདམ་གསེས་བྱས་རྗེས། ཁ་ཕྱོགས་དེར་སྐད་རིགས་གང་ཞིག་སྤྱད་ནས་སློབ་ཁྲིད་བྱེད་རྒྱུ་ནི་ཐོག་མར་ཕྲད་པའི་གནད་དོན་ཆེན་པོ་ཞིག་ཡིན། གལ་ཏེ་བོད་ཡིག་སྤྱད་ནས་སློབ་ཁྲིད་བྱས་ན། དགེ་རྒན་དང་བསླབ་གཞི་གང་ཡང་མེད་པས། རེ་བ་དོན་ཐོག་ཏུ་འབེབས་དཀའ་བ་དང་། ཡང་ན་རྒྱའི་སྐད་ཡིག་སྤྱད་ནས་སློབ་ཁྲིད་བྱས་ན། བོད་ཡིག་གཞི་ནས་འདོར་དགོས་པས། དེ་ནི་བོད་ཡིག་ཆེད་ལས་རང་ཉིད་ཀྱི་དམིགས་ཡུལ་དང་བླང་བྱར་རྒྱབ་འགལ་བྱས་པ་རེད། གཞན་ཡང་སློབ་མ་དེ་དག་རང་ཉིད་ཀྱིས་བདམས་པའི་སྡེ་ཁག་ག་གེ་མོར་སྤོར་རྗེས་ཆེད་ལས་དེ་ལ་སློབ་སྦྱོང་བྱེད་པའི་དུས་ཚོད་ལོ་གཉིས་ལས་མེད་པས། རྒྱུན་ལྡན་གྱི་འཆར་གཞི་ལྟར་ན། ལོ་བཞི་ལ་སློབ་སྦྱོང་བྱེད་དགོས་པའི་བསླབ་ཚན་དེ་དག་ལོ་གཉིས་ཀྱི་རིང་ལ་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད་པར་བྱེད་པ་ནི་ལས་སླ་བོ་ཞིག་གཏན་ནས་མ་ཡིན་ནོ། ། དེའི་ཁར་བོད་སྐད་ཡིག་སྡེ་ཁག་གི་སློབ་མ་དང་སྡེ་ཁག་གཞན་པའི་རྒྱ་རིགས་སློབ་མའི་རྒྱ་ཡིག་གི་ཆུ་ཚད་ལ་ཁྱད་པར་ཆེན་པོ་ཡོད་པས། ཆེད་ལས་ལ་སློབ་སྦྱོང་བྱེད་པའི་དཀའ་ཁག་སྔར་ལས་ཆེ་ཞིང་དམིགས་བྱའི་ཕན་འབྲས་འཐོབ་དཀའ་བ་ནི་སྨོས་མ་དགོས་སོ། ། དེ་ནི་སློབ་གསོའི་སྤྱིར་བཏང་གི་ཆོས་ཉིད་དང་ཡང་འགལ་ཏེ། ཆེད་ལས་ཤིག་གིས་རང་གི་ཆེད་ལས་བསྐྱུར་ནས་ཆེད་ལས་གཞན་ཞིག་བསྒྲུབ་འདོད་པ་ནི་སློབ་གསོ་རང་སྟེང་གི་ཆོས་ཉིད་དང་འགལ་བས་སོ། །
དེར་བརྟེན་བོད་ཡིག་ཆེད་ལས་ཐད་ནས་བཤད་ན། ཐོག་མར་བོད་སྐད་ཡིག་གི་རྩ་བ་འདི་ཉིད་འདོར་མི་རུང་བ་དང་། བོད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་ནི་སྔོན་འགྲོའི་ཆ་རྐྱེན་དང་གཙོ་གནད་དུ་བཟུང་སྟེ། དེའི་རྨང་གཞིའི་སྟེང་ཆེད་ལས་ཀྱི་རྒྱུན་བསྲིང་བ་དང་རྒྱ་བསྐྱེད་ན། ད་གཟོད་ཆེད་ལས་འདི་ཉིད་ལེགས་སྤེལ་དང་ལེགས་སྒྲུབ་བྱེད་ཐུབ་ལ། དེ་ལས་ལྡོག་ན་ཆེད་ལས་འདིའི་རིག་ཚན་འཛུགས་སྐྲུན་ལ་ཉམས་ཉེས་ཚབས་ཆེན་འབྱུང་སྲིད་པ་གདོན་མི་ཟའོ། །⑨༢.སྒོས་སུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་ལས་རིག་ཚན་འཛུགས་སྐྲུན་ཁ་ཚ་དགོས་གཏུགས་ཆེ་ཚུལ་དང་དེའི་ཐབས་ལམ་གླེང་བ།

ཚན་རྩལ་བྱ་འཕུར་བ་ལྟར་མགྱོགས་ཤིང་དཔལ་འབྱོར་ཡར་ངོས་ཟླ་ལྟར་རྒྱས་པ། སྤྱི་ཚོགས་ཀླུང་རྡོལ་བ་ལྟར་འཕེལ་ཅིང་། འཛམ་གླིང་གོང་བུ་གཅིག་ལྟར་འགྱུར་བའི་བརྡ་འཕྲིན་ཚན་རྩལ་གྱི་དུས་རབས་འདིར་སླེབས་པ་ནས། རང་རེ་བོད་ཁུལ་གྱི་སློབ་གསོ་ལ་ཉམས་སད་དང་གདོང་གཏུགས་ཆེན་པོར་འཕྲད་ཡོད། ད་ལྟ་མི་རིགས་སློབ་ཆེན་ཁག་གི་བོད་སྐད་ཡིག་སྦྱངས་ནས་མཐར་ཕྱིན་པའི་ཤེས་ལྡན་པ་དག་རང་ཁ་གསོ་བའི་ཕོར་བ་ཡང་རྙེད་དཀའ་བར་གྱུར་པ་འདི། མི་ལ་ལས་བོད་ཀྱི་ཤེས་ལྡན་མི་སྣས་བྱ་བ་ཐག་གཅོད་བྱེད་རྒྱུ་ཇེ་དཀའ་རུ་འགྱུར་དོན་ནི་བོད་སྐད་ཡིག་གི་མཐོ་རིམ་སློབ་གསོའི་སྦྱང་བྱ་དང་། བོད་ཀྱི་སྤྱི་ཚོགས་ནང་གི་བྱ་བའི་ལས་གཞི་ཁག་གི་བར་ཐག་རིང་དྲགས་པས་རེད་ལ། བར་ཐག་དེ་རིང་དོན་ནི་བོད་ཀྱི་མཐོ་རིམ་སློབ་གསོའི་སྒྲིག་རིམ་དང་འབྲེལ་བ་ཡོད་པ་རེད་ཟེར། ཁ་ཅིག་གིས་ཐད་ཀར་བོད་ཀྱི་མཐོ་རིམ་སློབ་གསོའི་ལམ་ལུགས་ཀྱིས་ལན་པ་རེད་ཟེར། གང་ལྟར་ཡང་དེང་གི་དུས་འདིར་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་ཏུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སོགས་བསླབ་ཚན་སྣ་རྐྱང་ཡིན་པའི་འཁྲིད་གཞི་ལ་སྤྱིི་ཚོགས་ཀྱི་དགོས་མཁོ་ལྟར་ལེགས་བཅོས་དང་གསར་འཛུགས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་མཚོན། འདིའི་ཐད་ནས་སློབ་གྲྭ་ཆེན་མོ་ཁག་གི་དབུ་ཁྲིད་དང་སློབ་གསོ་ཕྱག་བཞེས་གནང་མཁན་དག་གིས་ཀྱང་། དེར་གནས་པའི་གནད་དོན་ཐད་ལ་བསམ་གཞིག་མང་དུ་གནང་ཞིང་བཅོས་སྒྱུར་རབ་དང་རིམ་པ་ཞིག་བྱས་དང་བྱེད་མུས་སུ་ཡོད། འདིར་རང་རེའི་དུས་དེབ་ཀྱི་མཐོང་སྣེ་ལས་དཔེ་མཚོན་ཙམ་བཀོད་ན།

1.མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སངས་རྒྱས་ལགས་ཀྱི་བོད་ཀྱི་སྐད་དང་རྩོམ་རིག་ཆེད་ལས་ཀྱི་སློབ་ཁྲིད་ནང་དོན་དང་བསླབ་ཚན་མ་ལག་སྒྲིག་འཛུགས་དང་འཐུས་ཚང་དུ་གཏོང་བའི་ཐད་ཀྱི་བསམ་གཞིགས⑩ཞེས་པ་ལས། ད་ལྟ་མི་རིགས་སློབ་གྲྭ་ཆེན་མོ་སོ་སོའི་བོད་ཡིག་ཆེད་ལས་ཀྱི་བསླབ་གཞིར་མཚོན་ན། གཅིག་གྱུར་གྱི་བསླབ་གཞི་མེད་པས་སློབ་གྲྭ་རང་སོ་སོ་ནས་རྩོམ་སྒྲིག་བྱས་ཏེ་བེད་སྤྱོད་གནང་བཞིན་ཡོད་པ་དང་། བསླབ་གཞི་དེ་དག་ནི་དགེ་རྒན་ཁོང་གིས་བལྟས་ན། བསླབ་གཞི་ལ་ལ་ནི་སྒྲིག་གཞི་ཚད་ལྡན་མིན་པ་དང་ནང་དོན་རྙིང་ཞིང་ཤེས་བྱའི་འདུས་ཚད་ཅུང་དམའ་བ་དང་། ལ་ལ་ནི་ནང་དོན་མང་དྲགས་ཤིང་ཉོག་པས། གཏན་ཁེལ་གྱི་དུས་ཚོད་ནང་ཁྲིད་ནས་ཚར་ཐབས་མེད་པ། འགའ་ཞིག་ནི་ད་དུང་འཐུས་ཚང་མིན་པས་མཐོ་རིམ་སློབ་གྲྭའི་བསླབ་གཞི་བྱེད་མི་རིགས་ཤིང་། ཁ་ཅིག་ནི་སྔོན་བྱོན་མཁས་པའི་བཀའ་རྩོམ་ཡིན་པས་ནང་དོན་ཟབ་དྲགས་ཤིང་བསླབ་གཞིར་མི་འཚམ་པ་སོགས་གང་ཅིའི་ཞན་ཆ་མི་ཉུང་བ་ཡོད་པར་འདོད། དེས་ན་དགེ་རྒན་ཁོང་གིས་མི་རིགས་སློབ་ཆེན་གྱི་བསླབ་གཞི་འཛུགས་སྐྲུན་བྱེད་པའི་ཐད་ནས། གཙོ་གནད་ཀྱི་བསླབ་ཚན་མ་ལག་གསར་འཛུགས་བྱེད་པ་ནི་སློབ་ཁྲིད་བཅོས་སྒྱུར་གྱི་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་། སློབ་ཁྲིད་བཅོས་སྒྱུར་ཡག་པོ་ཞིག་ཡོང་ཐུབ་མིན་དེ་དང་འཚམ་པའི་སློབ་ཁྲིད་ནང་དོན་དང་། བསླབ་ཚན་གྱི་མ་ལག་མཐུན་སྦྱོར་ཅན་ཞིག་ཡོད་མེད་ལ་རག་ལས་པ་དང་། བསླབ་ཚན་མ་ལག་འཛུགས་སྐྲུན་བྱེད་ཐུབ་མིན་ནི་མཐར་གཏུགས་ན། བསླབ་གཞི་འཛུགས་སྐྲུན་ཡག་པོ་ཞིག་ཡོང་ཐུབ་མིན་ལ་རག་ལས་ཡོད་པར་འདོད།

2.ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཚེ་རིང་ཐར་ལགས་ཀྱི་བོད་རྒྱ་སྐད་གཉིས་མཐོ་རིམ་སློབ་གསོའི་སྐོར་གྱི་བསམ་གཞིག་དང་ལག་ལེན ཞེས་པ་ལས་རྒན་ཁོང་གིས་སློབ་ཆེན་དུ་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱ་བསྐྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཆེ་ཚུལ་དེ་རིག་གནས་ཆབ་སྲིད་དང་རྒྱལ་ཁབ་བདེ་འཇགས་ཀྱི་གནས་མཐོ་ས་ཞིག་ཏུ་ལངས་ཏེ་བརྗོད་པ་དེར་གནས་ལུགས་ཆེན་པོ་ལྡན་སྙམ་མོ། ། དེ་ཡང་ཁོང་གིས་ཕྱོགས་གསུམ་ནས་དེའི་དགོས་གལ་རང་བཞིན་གླེང་ཡོད་དེ།

གཅིག སློབ་ཆེན་སློབ་མའི་སྡུད་ཁུངས་སམ་སློབ་ཞུགས་ཀྱི་ཚད་བཀག་སྟེང་དང་། གཉིས། སྐད་གཉིས་སློབ་ཁྲིད་དང་མི་རིགས་སློབ་གསོའི་ཁྱད་པར་གྱི་གོ་དོན་སྟེང་། གསུམ། རྒྱལ་ཁབ་སྲིད་གཞུང་དང་མི་རིགས་གྲངས་ཉུང་བར་གྱི་འབྲེལ་བ་དང་སྤྱི་ཚོགས་ཀྱི་བདེ་འཇགས་སྟེང་བཅས་སོ། །

དགའ་འོས་པ་ཞིག་ནི་དགེ་རྒན་ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་སྐབས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་དངོས་ལུགས་སློབ་གླིང་དང་། ཁོར་ཡུག་སློབ་གླིང་། རྩིས་རིག་དང་རྩིས་འཁོར་སློབ་གླིང་། ཁྲིམས་ལུགས་རིག་པའི་སློབ་གླིང་། གསར་འགྱུར་བརྒྱུད་སྤེལ་སློབ་གླིང་། དོ་དམ་སློབ་གླིང་སོགས་སློབ་གླིང་བདུན་དང་མཉམ་ལས་བྱས་ཏེ། བོད་རྒྱ་སྐད་གཉིས་ཀྱི་ཆེད་ལས་སྟེང་ནས་བོད་ཡིག་སྦྱངས་པའི་སློབ་མ་རྣམས་སྐྱེད་སྲིང་བྱེད་བཞིན་ཡོད་པ་འདིས་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་གསོའི་མདུན་ལམ་ལ་ཁ་ཕྱོགས་ཤིག་བསྟན་ཡོད།

3.ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བན་གོ་སོགས་ཀྱི། མཐོ་རིམ་སློབ་གསོའི་མདུན་སྐྱོད་ཀྱི་གོམ་སྟབས་གསར་བ། —— དུས་རབས་གསར་བའི་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་སློབ་གཞིའི་མ་ལག་འཛུགས་སྐྲུན་ཐད་ནས་གླེང་བ།ཞེས་པ་ལས། དགེ་རྒན་ཆེན་མོ་བན་གོ་ལགས་ཀྱིས་དུས་རབས་ཉེར་གཅིག་པ་དབུ་ཚུགས་པ་ནས་བཟུང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སྔར་བྱུང་མ་མྱོང་བའི་འཇིག་ཉེན་ཆེན་པོ་ཐེབས་པས། མི་རིགས་སློབ་ཆེན་ཁག་གི་སྲོལ་རྒྱུན་གྱི་རྨང་མཐུག་ཅིང་། ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་འདིས་ཀྱང་ཤེས་བྱའི་སྒྲིག་གཞི་ལེགས་བཅོས་དང་། བསླབ་ཚན་མ་ལག་བསྐྱར་འཛུགས་བྱེད་རྒྱུའི་དགོས་མཁོ་རྟོགས་ཤིང་། ཁོང་གིས་བལྟས་ན་བོད་རིག་པ་དང་། བོད་ཀྱི་སྐད་ཡིག་དང་། རྩོམ་རིག་བར་གྱི་བསླབ་ཚན་འབྲེལ་བ་དང་། དེ་ཇི་ལྟར་གཏན་ཁེལ་བྱེད་ལུགས། བོད་རིག་པའི་བསླབ་ཚན་འཕེལ་རྒྱས་དང་། བོད་ཀྱི་སྐད་ཡིག་དང་། རྩོམ་རིག་གི་བསླབ་ཚན་ཉམས་དམས་སུ་འགྲོ་བཞིན་པའི་འགལ་བ་ཇི་ལྟར་སྤོང་ཚུལ་ནི། བོད་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་གཞིའི་མ་ལག་བསྐྱར་འཛུགས་ཁྲོད་དུ་གཞོལ་ཐབས་མེད་པའི་གནད་དོན་ཆེན་པོ་ཞིག་ཡིན་པར་འདོད་ཅིང་། དེ་ལ་དམིགས་ཏེ་སློབ་གཞིའི་ཆེད་ལས་དང་ཁ་ཕྱོགས་རྒྱ་བསྐྱེད་པ་དང། ཆེད་ལས་སློབ་ཁྲིད་ཀྱི་ནང་དོན་དང་སློབ་ཁྲིད་མ་ལག་འཐུས་ཚང་དུ་གཏོང་བ། ཆེད་ལས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ། སློབ་དེབ་གསར་སྐྲུན་བྱེད་པ་སོགས་ལ་ཧུར་བརྩོན་གནང་བས་སློབ་མའི་ལས་ཞུགས་ཐད་ནས་འབྲས་བུ་མི་དམན་པ་བླངས་ཡོད་པར་བཤད། རྩོམ་ཡིག་ནང་ངོ་སྤྲོད་བྱས་པ་ལྟར་ན། ལོ་འདི་དག་རིང་ནུབ་རྒྱུད་ཀྱི་ལས་ཁུངས་མང་པོས་ལོ་རེ་བཞིན་སློབ་གླིང་གི་མཐར་ཕྱིན་སློབ་མ་ཕུལ་བྱུང་ཅན་བསྡུས་ནས། རྒྱལ་ཁབ་སྤྱི་བདེ་དང་། རྒྱལ་སྲུང་སྤྱི་བདེ། མི་རིགས་སློབ་གསོ་སོགས་རྒྱལ་ཁབ་ཀྱི་ལས་ཁུངས་གང་མང་དུ་ལས་ཀར་བཅུག་པ་འདི་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་བོད་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་ལ་ལེགས་སྒྲིག་དང་བཅོས་སྒྱུར་བྱས་པའི་འབྲས་བུ་རེད།

4.བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུན་དགའ་ཡེ་ཤེས་ལགས་ཀྱི་སློབ་གྲྭ་ཆེན་མོ་པའི་ལས་ཞུགས་གནད་དོན་ལ་གཞིགས་ནས་བོད་ཀྱི་མཐོ་རིམ་སློབ་གསོའི་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་སྐོར་གླེང་བ།ཞེས་པ་ལས། ད་ལྟའི་བར་བོད་ཀྱི་སློབ་གསོས་དུས་རབས་གསར་བའི་སྒྲིག་གཞི་གསར་བ་བཟོ་རྒྱུའི་ཐད་ནས་དང་ལེན་དང་སྟ་གོན་བྱས་པ་མ་འདང་བའི་དབང་གིས། དཔལ་འབྱོར་གཙོ་གནད་དུ་གྱུར་པའི་དུས་རབས་འདིར་སླེབས་རྗེས། ན་གཞོན་ཡོན་ཏན་པ་ཐམས་ཅད་ལས་གནས་ཀྱི་སྒོ་མོ་གཅིག་གི་ནང་དུ་འཚང་དགོས་བྱུང་བ་ལས། སྣ་མང་སྤྱི་ཚོགས་དཔལ་འབྱོར་གྱི་ཁྱབ་ཁོངས་སུ་ཞུགས་ཐུབ་ཀྱི་མེད་པ་ནི་སློབ་གསོའི་དམིགས་ཡུལ་དཀྱོག་ལམ་དུ་སོང་བའི་གསལ་བཤད་དང། བོད་སྐད་ཡིག་གི་སློབ་གསོ་དུས་དང་བསྟུན་ནས་མདུན་སྐྱོད་བྱེད་མ་ཐུབ་པའི་སྐྱོན་ཁོ་ན་ཡིན་པར་འདོད། དེས་ན་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་སློབ་གསོའི་སྒྲིག་གཞི་གསར་བའི་ནང་དོན་ཕུན་སུམ་ཚོགས་པོར་གཏོང་དགོས་པའི་ཐད་དུ། སྤྱི་ཚོགས་ལ་ཁ་གཏད་དེ་བོད་ཡིག་གི་སྲིད་འཛིན་དོ་དམ་དང་། དགེ་འོས་ཆེད་གཉེར། དཔལ་འབྱོར་ཡུལ་སྐོར། དེ་བཞིན་དུ་གཞུང་ཡིག་དང་སྤྱི་འབྲེལ། དོ་དམ་རིག་པ། སློབ་གསོ་དང་སེམས་ཁམས་རིག་པ་སོགས་བཀོད་སྒྲིག་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད། ཁྱད་པར་དུ་ཀུན་དགའ་ཡེ་ཤེས་ལགས་ཀྱིས། བོད་སྐད་ཡིག་གི་མཐོ་རིམ་སློབ་གསོའི་བཅོས་སྒྱུར་གྱི་དགོས་གལ་རང་བཞིན་དང་མཐུན་ཕྱོགས་གླེང་བ།ཞེས་པའི་རྩོམ་ཡིག་གཞན་ཞིག་ལས། བོད་ཀྱི་མཐོ་རིམ་སློབ་གསོར་བཅོས་སྒྱུར་བྱེད་རྒྱུའི་དགོས་ངེས་རང་བཞིན་དེ་ཕྱོགས་ལྔ་ནས་གླེང་ཡོད་པ་གནད་དུ་ཁེལ་འདུག་གོ་སྙམ། དེ་ཡང་གཅིག བོད་ཀྱི་མཐོ་རིམ་སློབ་གསོར་བཅོས་སྒྱུར་བྱེད་རྒྱུ་ནི་བོད་ཀྱི་ཤེས་རིག་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་དང་མཐུན་པ་ཡིན། གཉིས། བོད་ཀྱི་མཐོ་རིམ་སློབ་གསོར་བཅོས་སྒྱུར་བྱེད་རྒྱུ་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོའི་དབང་གིས་ཡིན། གསུམ། བོད་ཀྱི་མཐོ་རིམ་སློབ་གསོར་བཅོས་སྒྱུར་བྱེད་རྒྱུ་ནི་བོད་ཀྱི་སློབ་གྲྭ་ཆེན་མོ་པ་རྣམས་ཀྱི་བྱ་བའི་གནད་དོན་དང་འབྲེལ་བའི་ལས་ཀ་ཞིག་ཡིན། བཞི། བོད་ཀྱི་མཐོ་རིམ་སློབ་གསོར་བཅོས་སྒྱུར་བྱེད་རྒྱུ་ནི་བོད་ཀྱི་སློབ་གྲྭ་ཆེན་མོ་རང་ངོས་ནས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཡང་མཐུན་པ་ཡིན། ལྔ། བོད་མཐོ་རིམ་སློབ་གསོར་བཅོས་སྒྱུར་བྱེད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་ཕྱོགས་དང་མཐུན་པ། བོད་ཀྱི་སློབ་གསོ་འཛམ་གླིང་ཅན་དུ་ཕྱོགས་པའི་དགོས་མཁོ་དང་ཡང་མཐུན།

གཞན་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང སོགས་ཀྱིས། བོད་སྐད་ཡིག་གི་ཆེད་ལས་གསར་སྤེལ་དང་བསླབ་དེབ་འཛུགས་སྐྲུན་ཐད་ནས་དངོས་བརྒྱུད་ལག་ལེན་ལས་བྱུང་བའི་ཉམས་མྱོང་གང་ལེགས་བརྗོད་པ་དེ་རྣམས་དེང་གི་མི་རིགས་སློབ་ཆེན་ཁག་གི་རིག་ཚན་འཛུགས་སྐྲུན་བྱ་བའི་ནང་ཟུར་ལྟ་དང་བླང་པར་བྱ་བའི་གནས་མང་དུ་ཡོད་པ་རྣམས་རེ་རེ་བཞིན་ངོ་སྤྲོད་བྱས་ན་མང་འགྲོ་བས། རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱ། སྤྲོ་བ་ཡོད་པ་རྣམས་ཀྱིས《བོད་ཀྱི་སློབ་གསོ》དུས་དེབ་ལ་གཟིགས་གནང་བྱ་རྒྱུ་དང་ཆབས་ཅིག་ལྗགས་རྩོམ་ལྷུག་པར་གནང་རྒྱུ་ཐུགས་རྗེ་ཆེ་ཞུའོ། །


* ནོར་བུ་ཚེ་རིང་། བོད་ཀྱི་སློབ་གསོ་དུས་དེབ་ཁང་དུ་ཕྱག་ལས་གནང་བཞིན་ཡོད།


① རྩོམ་ཡིག་འདི་ནི2018 ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཚོགས་པའི《བོད་ཡུལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བོད་རིག་པའི་རིག་ཚན་འཛུགས་སྐྱོང་སྐོར། རྒྱུད་གཅིག་ལམ་གཅིག་མཐོང་ལམ་ལས་ཞང་ཞུང་དང་བོན། རྒྱལ་རོང་བཅས་ཀྱི་རིག་གཞུང་དཔྱད་གླེང་ཚོགས་འདུ》 ཞེས་པ་དེའི་དགོངས་དོན་དང་མཐུན་པར་བྲིས་པ་ཡིན།


② ནོར་བུ་ཚེ་རིང་། ཕྱིར་བལྟས་ཤུལ་ལམ་དཀའ་སྡུག་ཆེ་ན་ཡང་། ། སྔོན་བལྟས་མདུན་ལམ་ཡངས་པོ་བརྩོན་ལ་བྲེལ། ། [J] བོད་ཀྱི་སློབ་གསོ། 2014 (4) 


③ དེའི་རྒྱུ་རྐྱེན་གཅིག་ནས་བོད་ཡིག་གི་དུས་དེབ་རིགས་ཇེ་མང་དུ་སོང་བ་དང་། གཉིས་ནས་གཞི་རིམ་དགེ་རྒན་གྱི་ལས་ཐོབ་སྲིད་ཇུས་ལ་རག་ལས་ཡོད་པར་འདོད།

④ ས་ཡུལ་ཁྲོ་བོ་རྒྱལ་མཚན། ཕ་སྐད་ནི་ཤེས་བྱ་ལ་འཇུག་པའི་རྩ་བའི་རྨང་གཞི་དང་མྱུར་ལམ་ཡིན། [J] བོད་ཀྱི་སློབ་གསོ། 2004 (2)

⑤ས་ཡུལ་ཁྲོ་བོ་རྒྱལ་མཚན། སྐད་གཉིས་སློབ་གསོ་དང་སྐད་གཉིས་སློབ་གསོའི་ཁྲོད་ཕ་སྐད་ཀྱི་གོ་གནས་དང་བྱེད་ནུས་གླེང་བ། [J] བོད་ཀྱི་སློབ་གསོ། 2011 (3)

⑥ དཀོན་མཆོག་ཚེ་བརྟན། དུས་རབས་གསར་བའི་ནང་མི་རིགས་སློབ་གླིང་ཁག་ཇི་ལྟར་འཕེལ་རྒྱས་སུ་གཏོང་བའི་བསམ་ཕྱོགས། [J] བོད་ཀྱི་སློབ་གསོ། 2004 (1)

⑦ དཀོན་མཆོག་ཚེ་བརྟན། དུས་རབས་གསར་བའི་ནང་མི་རིགས་སློབ་གླིང་ཁག་ཇི་ལྟར་འཕེལ་རྒྱས་སུ་གཏོང་བའི་བསམ་ཕྱོགས། [J] བོད་ཀྱི་སློབ་གསོ། 2004 (1)

⑧ སངས་རྒྱས་རྒྱལ། དུས་རབས་ཉེར་གཅིག་པའི་བོད་ཀྱི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་སྐོར་གྱི་འདོད་ཚུལ་རགས་ཙམ་གླེང་བ། [J] བོད་ཀྱི་སློབ་གསོ། 2004 (3)

⑨སངས་རྒྱས། བོད་ཀྱི་སྐད་དང་རྩོམ་རིག་ཆེད་ལས་ཀྱི་སློབ་ཁྲིད་ནང་དོན་དང་བསླབ་ཚན་མ་ལག་སྒྲིག་འཛུགས་དང་འཐུས་ཚང་དུ་གཏོང་བའི་ཐད་ཀྱི་བསམ་གཞིགས། [J] བོད་ཀྱི་སློབ་གསོ། 2005 (4)

⑩སངས་རྒྱས། བོད་ཀྱི་སྐད་དང་རྩོམ་རིག་ཆེད་ལས་ཀྱི་སློབ་ཁྲིད་ནང་དོན་དང་བསླབ་ཚན་མ་ལག་སྒྲིག་འཛུགས་དང་འཐུས་ཚང་དུ་གཏོང་བའི་ཐད་ཀྱི་བསམ་གཞིགས། [J] བོད་ཀྱི་སློབ་གསོ། 2005 (4)

 11   ཚེ་རིང་ཐར། བོད་རྒྱ་སྐད་གཉིས་མཐོ་རིམ་སློབ་གསོའི་སྐོར་གྱི་བསམ་གཞིག་དང་ལག་ལེན། [J] བོད་ཀྱི་སློབ་གསོ། 2017 (4)


 12   བན་གོ་སོགས། མཐོ་རིམ་སློབ་གསོའི་མདུན་སྐྱོད་ཀྱི་གོམ་སྟབས་གསར་བ།­ —— དུས་རབས་གསར་བའི་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་སློབ་གཞིའི་མ་ལག་འཛུགས་སྐྲུན་ཐད་ནས་གླེང་བ། [J] བོད་ཀྱི་སློབ་གསོ། 2014 (2)


 13  ཀུན་དགའ་ཡེ་ཤེས། སློབ་གྲྭ་ཆེན་མོ་པའི་ལས་ཞུགས་གནད་དོན་ལ་གཞིགས་ནས་བོད་ཀྱི་མཐོ་རིམ་སློབ་གསོའི་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་སྐོར་གླེང་བ། [J] བོད་ཀྱི་སློབ་གསོ། 2010 (4)


 14  ཀུན་དགའ་ཡེ་ཤེས། བོད་སྐད་ཡིག་གི་མཐོ་རིམ་སློབ་གསོའི་བཅོས་སྒྱུར་གྱི་དགོས་གལ་རང་བཞིན་དང་མཐུན་ཕྱོགས་གླེང་བ། [J] བོད་ཀྱི་སློབ་གསོ། 2012 (3)

 15   ཁ་སྒང་བཀྲ་ཤིས་ཚེ་རིང་། སྲིད་འཛིན་རིག་པའི་བོད་ཡིག་སློབ་དེབ་བསྐྲུན་པའི་མྱོང་ཚོར་རགས་ཙམ་གླེང་བ། [J] བོད་ཀྱི་སློབ་གསོ། 2017 (5)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1