[གནད་བཏུས] རྩོམ་ཡིག་འདིའི་ནང་དུ་དགེ་རྒན་དང་འཁྲིད་དཔྱོད་པ། རྒྱུགས་སྤྲོད་མཁན་དག་ལ་རབ་ཏུ་སྨན་པའི་འཁྲིད་གཞི་དང་། སློབ་ཁྲིད། འཁྲིད་བཤད། འཁྲིད་གླེང་སོགས་ཀྱི་ངོ་བོ་དང་མཚན་ཉིད། ཁྱད་པར། འབྲེལ་བ། དབྱེ་བ་རྣམས་གནད་བསྡུས་སུ་གླེང་སྟེ་བརྗོད་ཡོད།
[གནད་ཚིག] འཁྲིད་བཤད་དང་འཁྲིད་གཞི། སློབ་ཁྲིད། འཁྲིད་ཉན། འཁྲིད་ཚུལ། ཉན་དཔྱོད།
དང་པོ། འཁྲིད་བཤད་དང་འཁྲིད་གཞི།
འཁྲིད་བཤད་དང་འཁྲིད་གཞིའི་འབྲེལ་བ་ཟབ་ཅིང་ཁྱད་པར་ཡང་ཆེ། སློབ་ཁྲིད་ཀྱི་དམིགས་ཡུལ་ལ་གཞིགས་ནས་བཤད་ན། དེ་གཉིས་ཀ་སློབ་ཁྲིད་ལེགས་པོ་ཞིག་ཡོང་རྒྱུའི་ཆེད་དུ་ཡིན་ལ། འཁྲིད་བཤད་དང་འཁྲིད་གཞི་གཉིས་ཀས་འཁྲིད་དེབ་ཀྱི་ནང་དོན་དང་། དཀའ་གཙོ་གནད་ལ་བྱང་ཆ་ལྡན་པ། སློབ་ཁྲིད་ཀྱི་དམིགས་ཡུལ་གསལ་ཞིང་ཡང་དག་པའི་སློབ་ཁྲིད་ཐབས་ལམ་གྱིས་དཔེ་ཁྲིད་གྲུབ་འབྲས་བཟང་པོ་ལོན་པར་རེ་བ་འདོན་གྱིན་ཡོད།
ནང་དོན་གྱི་ཆ་ནས་འཁྲིད་བཤད་དང་འཁྲིད་གཞི་གཉིས་ཀའང་འཁྲིད་དེབ་དང་འབྲེལ་འདུག་པ་འདྲ་མོད། དེ་གཉིས་གཙོ་གནད་དུ་འཛིན་ཡུལ་མི་འདྲ་སྟེ། འཁྲིད་གཞི་ཡིས་སློབ་ཁྲིད་སྐབས་ཀྱི་ནང་དོན་དང་འཁྲིད་ཐབས། ལག་ལེན་གྱི་ནུས་པར་ཞིབ་འཇུག་བྱས་ཏེ་ཐག་གཅོད་བཞིན་ཡོད་ལ། འཁྲིད་བཤད་ཀྱིས་གོང་གསལ་གྱི་གནད་དོན་དག་ལ་ཞིབ་འཇུག་བྱེད་དགོས་པར་མ་ཟད། བྱེད་ཐབས་དེ་དག་བེད་སྤྱད་ནས་སློབ་གསོའི་གཞུང་ལུགས་དང་བསྟུན་ནས་ཞིབ་འཇུག་བྱེད་ཐབས་དང་ལག་ལེན་ར་སྤྲོད་བྱེད་དགོས། དེ་ནི་འཁྲིད་བཤད་ཀྱི་སྲོག་རྩ་ལྟ་བུ་ཡིན། ཡང་གཅིག་བཤད་ན་སློབ་ཁྲིད་ཀྱི་དམིགས་ཡུལ་ལ་དམིགས་ཏེ་བཀོལ་བའི་འཁྲིད་ཐབས་དང་། ལག་བསྟར་བྱེད་ཐབས་གཞུང་ལུགས་ལ་བསྟུན་ཏེ་གསལ་བཤད་བྱེད་པ་དེ་ཡིན། འཁྲིད་བཤད་ཀྱི་རེ་བ་ནི་དགེ་རྒན་གྱིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་དེ་ཡིན་ལ། སློབ་ཁྲིད་ཀྱི་དམིགས་ཡུལ་དེ་ལྟར་གཏན་ཁེལ་བྱས་པའི་རྒྱུ་མཚན་དེ་གཞུང་ལུགས་ཀྱིས་ཞིབ་པར་བཤད་དགོས་སོ། །
འཁྲིད་བཤད་དང་འཁྲིད་གཞི་གཉིས་ཁ་གཏད་ཡུལ་གྱི་ངོས་ནས་རྦད་དེ་མི་འདྲ། འཁྲིད་བཤད་ཀྱི་ཉན་མཁན་ནི་སློབ་གསོའི་བྱ་བ་སྒྲུབ་མཁན་དང་ལས་གྲོགས་སོགས་ཡིན་ཞིང་། འཁྲིད་བཤད་པའི་སྐད་ཆ་ནི་རང་གི་ཉམས་མྱོང་ངོ་སྤྲོད་དང་བགྲོ་གླེང་ལ་གཞོལ་བས། དགེ་རྒན་ལ་གཞུང་ལུགས་ཀྱི་རེ་བ་ཅུང་མཐོན་པོ་བཅངས་ཡོད།
འཁྲིད་གཞིའི་ཁ་གཏད་ཡུལ་སློབ་མ་ཡིན་པས། དོན་གོ་བདེ་ཞིང་ཤེས་སླ་བའི་ཐབས་ཀྱིས་ཤེས་བྱ་འཁྲིད་པ་ལས། དགེ་རྒན་གྱིས་སློབ་མ་ལ་སློབ་གསོ་རིག་པ་དང་སེམས་ཁམས་རིག་པ། སློབ་གསོའི་དམིགས་ཡུལ་དང་འབྲེལ་བའི་རིག་པའི་གཞུང་ལུགས་གང་ཡང་རྒྱས་སྤྲོས་མི་འོས་སོ། ། ད་དུང་འཁྲིད་གཞི་ནི་འཁྲིད་བཤད་ཀྱི་དབྱེ་ཞིབ་བྱ་ཡུལ་ཡིན་པས་ནང་དོན་གྱི་ཁྱབ་རྒྱ་ཧ་ཅང་ཆེ། སློབ་ཁྲིད་ཇུས་འགོད་དང་འཁྲིད་གཞིའི་བསམ་གཞིག་བྱེད་པ་སོགས་འཁྲིད་བཤད་ཀྱི་ཁྱབ་ཁོངས་ཡིན་པས། དགེ་རྒན་གྱི་འཁྲིད་གཞིའི་སྤུས་ཚད་ཇེ་མཐོར་གཏོང་བར་ཕན་པ་མི་དམན་པ་ཞིག་ཐོན་གྱིན་ཡོད། འཁྲིད་བཤད་ཀྱི་བྱ་འགུལ་བརྒྱུད་དེ། དགེ་རྒན་གྱི་སློབ་ཁྲིད་ནང་དོན་དང་བྱེད་ཐབས་ཀྱི་ཕྱོགས་ལ་སྔར་ལས་ལྷག་པའི་བསམ་གཞིག་ཞིབ་མོ་བྱེད་པར་འཁྲིད་སྟོན་ཐུབ་ངེས་ཡིན། དེ་ལ་བརྟེན་ནས་དགེ་རྒན་གྱི་འཁྲིད་གཞིའི་སྤུས་ཚད་ཀྱང་སྔར་ལས་ལྷག་པར་ཡར་རྒྱས་ཡོང་སྲིད།
གོང་གི་གོ་དོན་དག་དང་འབྲེལ་ན་འཁྲིད་བཤད་དང་འཁྲིད་གཞི་གཉིས་ཐ་དད་ཡིན་པ་ཤེས་སླ་ཞིང་། འཁྲིད་བཤད་ནི་འཁྲིད་གཞིའི་བསྐྱར་ཟློས་ཤིག་མིན་པའང་ཤེས་པར་འགྱུར་རོ། ། འཁྲིད་བཤད་ཀྱི་མ་ཕྱི་ནི་རང་གིས་སློབ་དེབ་ལ་ལྟ་ཀློག་དང་བསམ་གཞིག ཞིབ་དཔྱོད་བཅས་བྱེད་པ་ལ་བརྟེན་ནས་བྲིས་ཤིང་རིང་ཐུང་འོས་ཤིང་འཚམ་དགོས་ལ། དུས་ཚོད་སྐར་མ༡༠ནས༢༠བར་ཡིན་དགོས། འཁྲིད་གཞི་ནི་འཁྲིད་བཤད་མ་ཡིན་པར་དེ་ལྟར་འཁྲིད་པའི་རྒྱུ་མཚན་གཙོ་བོར་བཤད་རྒྱུ་དེ་ཡིན།
འཁྲིད་གཞི་ནི་སློབ་ཁྲིད་སྤྱིའི་བསམ་གཞིག་སྤྱི་སྡོམ་ཞིག་དང་སློབ་ཁྲིད་ཀྱི་བྱེ་བྲག་གི་བརྒྱུད་རིམ་ཞིག སློབ་ཁྲིད་ཀྱི་སྤྱོད་སྒོ་ཆེ་བའི་འཆར་གཞི་ཞིག་ཡིན། དེས་གཙོ་བོ་སློབ་ཁྲིད་ཀྱི་འཁྲིད་བྱའི་ནང་དོན་དང་འཁྲིད་ཐབས་གཏན་འབེབས་བྱེད་པ་དེ་ཡིན།
འཁྲིད་བཤད་ནི་དམིགས་གཏད་རང་བཞིན་གྱི་གཞུང་ལུགས་ལྡན་པའི་ཞིབ་བཤད་དང་། འཁྲིད་སྟོན་གཙོ་གནད་དུ་བཟུང་བ་ཞིག་ཡིན་པས། དེ་ལ་འཁྲིད་གཞིའི་ཉིང་བཅུད་འདུས་པར་མ་ཟད། དགེ་རྒན་གྱི་སློབ་ཁྲིད་བསམ་བློ་དང་དགོངས་པ། བསམ་གཞིག་གི་ནང་སྙིང་དག་མངོན་རྒྱུ་དེ་གཙོ་བོ་ཡིན། སླ་མོར་བཤད་ན་འཁྲིད་བཤད་ནི་སློབ་ཁྲིད་དང་སློབ་སྦྱོང་གི་ནང་དོན་ཞིབ་མོ་ཞིག་བཤད་དགོས་པར་མ་ཟད། ཆེས་གལ་ཆེ་བ་ནི་ལག་ལེན་དང་གཞུང་ལུགས་ཟུང་དུ་འབྲེལ་ཏེ“དེ་ལྟར་དུ་འཁྲིད་པའི་རྒྱུ་མཚན”བཤད་རྒྱུ་དེ་ཡིན། འཁྲིད་བཤད་ནི་འཁྲིད་གཞི་ལས་གཏིང་ཟབ་ཅིང་རྒྱ་ཆེ་བ་དང་ཕྱོགས་འདུས་རང་བཞིན་ལྡན་པ་ཞིག་ཡིན་དགོས་སོ། །
གཉིས་པ། འཁྲིད་བཤད་དང་སློབ་ཁྲིད།
དགེ་རྒན་རེ་ཟུང་གིས་འཁྲིད་བཤད་ནི་སློབ་ཁྲིད་ཀྱི་བསྐྱར་ཟློས་ཀྱི་གོ་རིམ་ཞིག་ལ་ངོས་བཟུང་སྟེ། ཤེས་བྱའི་དཀའ་གནད་འཁྲིད་པ་དང་དཔེ་དེབ་དབྱེ་ཞིབ། སློབ་ཁྲིད་ཀྱི་འཕེལ་རིམ་གསལ་སྟོན། སྒོ་སམ་འཆར་འགོད། སློབ་མ་རྣམས་ལ་འཁྲིད་པའི་ཤེས་བྱ་དག་སྔར་ཇི་བཞིན་གྱིས་དེ་བཞིན་འགྱུར་བ་མེད་པར་སྨྲ་བརྗོད་དག་མོའི་སྒོ་ནས་ལས་གྲོགས་སམ་ཆེད་མཁས་པར་བཤད་རྒྱུ་ཡིན་པར་འདོད་ཀྱིན་ཡོད་མོད། དེ་ནི་འཁྲིད་བཤད་དང་སློབ་ཁྲིད་ཀྱི་ཁྱད་པར་དང་གོ་དོན་མ་ངེས་པའི་སྐྱོན་ཡིན་པས། དགེ་རྒན་ཞིག་ལ་མཚོན་ན། འཁྲིད་བཤད་ནི་རང་ཉིད་ཀྱི་སློབ་ཁྲིད་ཀྱི་རིགས་ལམ་དང་བསམ་བློ་གཏོང་ཕྱོགས་བཅས་གསལ་བོར་བཤད་དགོས་ཏེ། ཁྱོད་ཀྱིས་སློབ་ཁྲིད་འཆར་འགོད་ཇི་ལྟར་བཟོས་ཚུལ་དང་། དེ་ལྟར་དུ་བཟོས་པའི་དགེ་མཚན་རྣམས་གཞུང་ལུགས་ཀྱི་གཞི་འཛིན་ས་གང་ཡིན་པ། སློབ་ཁྲིད་ཀྱི་དམིགས་ཡུལ་གང་འདྲ་ཞིག་ལ་ཐོན་དགོས་པར་སྔོན་བཤད་བྱེད་པ་བཅས་ལ་ཟེར། དཔེར་ན། བཟོ་ལས་ཆེད་མཁས་པ་ཞིག་གིས་ལག་བསྟར་བྱ་རུང་གི་སྙན་ཞུ་འབུལ་བ་དང་འདྲ་བར། བཟོ་གྲྭའི་ལག་ལེན་གྱི་སྔོན་འགྲོའི་གོ་རིམ་ཞིག་ཡིན་པ་ངེས་དགོས། བྱེ་བྲག་ཏུ་འཁྲིད་བཤད་དང་སློབ་ཁྲིད་གཉིས་ཀྱི་ཁྱད་པར་བརྗོད་ན།
༡. དམིགས་ཡུལ་གྱི་ཁྱད་པར།
སློབ་ཁྲིད་ཀྱི་དམིགས་ཡུལ་ནི་དཔེ་དེབ་ཀྱི་ཤེས་བྱ་སློབ་མའི་ཤེས་བྱ་རུ་བསྒྱུར་ཏེ་ནུས་པ་སྐྱེད་སྲིང་དང་། བསམ་བློ་ཡར་ཐོན། སློབ་སྦྱོང་ཐབས་ལམ་བཅས་འཁྲིད་དགོས་པ་དང་། འཁྲིད་བཤད་ནི་ཉན་མཁན་ལ་སློབ་ཁྲིད་འཆར་འགོད་ཀྱི་རིགས་ལམ་དང་བསམ་བློ་གཏོང་ཕྱོགས། འཁྲིད་གཞིའི་སྐྱ་ཐིག་གི་གོ་རིམ་རྣམས་གཞུང་ལུགས་ཀྱི་རྒྱབ་རྟེན་ལུང་ལ་གཞི་བཅོལ་ཏེ་གསལ་བར་བཤད་དགོས།
༢. ནང་དོན་གྱི་ཁྱད་པར།
སློབ་ཁྲིད་ཀྱི་ནང་དོན་ནི་ཤེས་བྱ་གང་ཞིག་འཁྲིད་པ་དང་ཇི་ལྟར་འཁྲིད་པ་དེ་ཡིན་ཞིང་། འཁྲིད་བཤད་ཀྱི་ནང་དོན་ནི་ཤེས་བྱ་གང་ཞིག་ཇི་ལྟར་འཁྲིད་པ་དང་། དེ་ལྟར་ཁྲིད་པའི་རྒྱུ་མཚན་གཞུང་ལུགས་དང་སྦྱར་ཏེ་གསལ་བཤད་བྱ་རྒྱུ་དེ་ཡིན།
༣. ཁ་གཏད་ཡུལ་གྱི་ཁྱད་པར།
སློབ་འཁྲིད་བྱ་ཡུལ་ནི་སློབ་མ་ཡིན་ལ། འཁྲིད་བཤད་བྱ་ཡུལ་ནི་མགོ་ཁྲིད་དམ་ལས་གྲོགས། ཆེད་མཁས་པ། དཔྱད་འདེམ་པ་བཅས་ཡིན།
༤. བྱེད་ཐབས་ཀྱི་ཁྱད་པར།
སློབ་ཁྲིད་ནི་ཀློག་འདོན་དང་འགྲེལ་བཤད། གྲོས་བསྡུར། བསྐྱར་སྦྱོང་སོགས་བྱེད་ཐབས་སྣ་མང་ཞིང་ཚད་བཀག་མེད་པའི་དགེ་སློབ་ཀྱི་བྱེད་སྒོ་ཞིག་ཡིན་ལ། འཁྲིད་བཤད་ནི་དགེ་རྒན་རང་ཉིད་ཀྱིས་འགྲེལ་བཤད་ཅིག་གམ་གསལ་བཤད་ཅིག་ཡིན།
འཁྲིད་བཤད་ལ་ཉན་མཁན་གྱི་མི་གྲངས་དང་ས་གནས་ས་དུས་ཚོད་བཅས་ལ་ཚད་བཀག་མེད་ཅིང་སློབ་ཁྲིད་ལ་དེ་ལས་ལྡོག་སྟེ་ཚད་བཀག་ནན་མོ་ཡོད། འཁྲིད་བཤད་ནི་སློབ་ཁྲིད་ཞིབ་འཇུག་ལ་གཏོགས་ཤིང་། སློབ་ཁྲིད་ནི་སློབ་ཐུན་དངོས་ལ་འཇུག་པས་ཁྱབ་ཁོངས་ཀྱི་ཁྱད་པར་ལྡན། ད་དུང་འཁྲིད་བཤད་ནི་སློབ་གསོའི་གཞུང་ལུགས་ཀྱི་རྣམ་བཤད་ཅིག་དང་གསལ་འགྲེལ་ཞིག་ཡིན་ལ། སློབ་ཁྲིད་རྨང་གཞིའི་ཁག་ཐེག་ཅིག་ཀྱང་ཡིན། སྤྱིར་བཏང་དུ་བཤད་ན་འཁྲིད་བཤད་བཟང་ངན་གྱིས་དགེ་རྒན་ཞིག་གི་སློབ་ཁྲིད་སྤུས་ཀ་བཟང་ངན་འབྱེད་པར་མ་ཟད། དེའི་སློབ་གསོའི་ཆུ་ཚད་དང་སློབ་ཁྲིད་ཞིབ་འཇུག་གི་ནུས་པའང་མཚོན་ཐུབ་པ་ཡིན།
གསུམ་པ། འཁྲིད་བཤད་དང་འཁྲིད་ཉན།
འཁྲིད་བཤད་ནི་དགེ་རྒན་གྱིས་སློབ་ཁྲིད་འཆར་འགོད་དང་། འབྲེལ་ཡོད་ཀྱི་ནང་དོན་ལ་འགྲེལ་བཤད་དང་གསལ་བཤད་བྱེད་རྒྱུ་དེ་ཡིན། འཁྲིད་ཉན་ནི་དགེ་རྒན་གྱིས་སློབ་ཁྲིད་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས་པའི་ཟིན་ཐོ་ཞིག་ཡིན། དེ་གཉིས་ལ་ལག་ལེན་བྱེད་མཁན་དང་ནང་དོན། དམིགས་ཡུལ་བཅས་ཀྱི་ཕྱོགས་ནས་ཁྱད་པར་ཆེན་པོ་ཡོད། སློབ་ཁྲིད་ལ་ཉན་མཁན་གྱིས་སློབ་ཁྲིད་དགེ་རྒན་གྱི་འཁྲིད་བཤད་ཀྱི་ལེགས་ཉེས་ཐོབ་ཤོར་དང་། འཁྲིད་བཤད་དང་སློབ་ཁྲིད་ལ་འགལ་འདུ་ཡོད་མེད། འཁྲིད་བཤད་ཀྱི་སྤུས་ཚད་དང་། ཞིབ་ཚགས། གཙོ་ཕལ་དང་གོ་རིམ་སོགས་ཀྱི་གནད་དོན་ལ་ལྟ་ཞིབ་གཟབ་ནན་བྱས་ཏེ་ཟིན་ཐོ་ཞིབ་མོར་འགོད་དགོས་པ་ཞིག་ཡིན། དེ་ནི་སློབ་ཁྲིད་ལ་ཉན་མཁན་གྱིས་ངེས་པར་དུ་འགྲུབ་འོས་ཤིང་བསྒྲུབ་དགོས་པ་ཞིག་ཡིན།
སློབ་ཁྲིད་མ་ཉན་གྱི་སྔོན་ལ་གྲ་སྒྲིག་ཀྱང་འོས་འཚམ་དགོས་ཏེ། མ་མཐའ་ཡང་སློབ་དེབ་ཀྱི་ནང་དོན་ལ་རྒྱུས་ལོན་བྱེད་དགོས་པར་མ་ཟད། དུས་མཚུངས་སུ་རང་ཉིད་སློབ་ཚན་འདི་འཁྲིད་མཁན་ཡིན་ན་ཇི་ལྟར་ཁྲིད་པའི་རྟོག་བཟོ་ཞིག་དང་། རབ་ཡིན་ན་སློབ་ཁྲིད་འཆར་འགོད་ཅིག་ཟོས་ན་སློབ་ཁྲིད་ཉན་སྐབས་སྡུར་བྱེད་དམ་བསྡུར་ཡུལ་ལ་ཆ་རྒྱུས་ཡོད་པ་ཞིག་ཡིན་དགོས།
སྤྱིར་སློབ་ཁྲིད་བྱ་འགུལ་ལ་ཞུགས་ཚེ་སྔོན་ནས་རིགས་པའི་གཞུང་ལུགས་ལ་ལྟ་ཀློག་དང་ཞིབ་འཇུག གཞན་གྱིས་ཁྲིད་པར་ཉན་པ། རང་གིས་བཀླགས་ཟིན་པ་དག་ལ་བསམ་གཞིག་བྱས་ནས་རང་ཉིད་དང་རིག་གཞུང་གི་བར་ཐག་ཇེ་ཉེ་རུ་བཏང་སྟེ། གཞུང་ལུགས་ལ་རྒྱུས་མངའ་ལྡན་དགོས་པར་མ་ཟད། མིག་རྒྱང་རིང་ཞིང་བློ་ཁོག་ཡངས་དགོས། དེ་ལྟར་སློབ་ཁྲིད་ལ་ཉན་སྐབས་དགེ་རྒན་གྱི་སློབ་ཁྲིད་ལ་དོ་ཁུར་བྱེད་དགོས་པར་མ་ཟད། ལྷག་ཏུ་སློབ་མས་སློབ་པར་དོ་ཁུར་བྱ་དགོས། ཉན་མཁན་གྱིས་དགེ་རྒན་གྱི་སྣེ་ཁྲིད་འོག་ནས་སློབ་མ་དུས་ལྟར་སློབ་སྦྱོང་གི་ནང་དུ་ཞུགས་ཡོད་མེད་དང་སློབ་ཁྲིད་ཀྱི་བསམ་བློ། བསམ་གཞིག གྲོས་བསྡུར། རྩོད་པ། ལག་ལེན། སློབ་མས་རང་འགུལ་གྱིས་གནད་དོན་དང་དྲི་བ་འདོན་གྱིན་ཡོད་མེད། སེམས་ཁམས་དང་གོམས་གཤིས་སོགས་ལ་དོ་ཁུར་དང་ལྟ་ཞིབ་བྱེད་དགོས། སློབ་ཁྲིད་ནི་སློབ་སྦྱོང་གི་བྱ་འགུལ་ཞིག་ཡིན་པས་ངོ་བོའི་ཆ་ནས་སློབ་མ་གཙོ་བོར་བཟུང་ཡོད། དགེ་རྒན་གྱིས་བྱེད་སྒོ་དེ་སྤེལ་བ་ནི་སློབ་མའི་སློབ་སྦྱོང་གི་ཆེད་ཡིན་པས། འཁྲིད་པ་དང་སློབ་པ་ཟུང་དུ་འབྲེལ་སྐབས་སློབ་མའི་སློབ་སྦྱོང་གི་བྱེད་སྒོ་ལ་དོ་སྣང་ཟབ་མོ་བྱེད་དགོས། འཁྲིད་ཉན་སྐབས་སུ་གཟབ་ནན་གྱིས་ལྟ་ཞིབ་དང་ཟིན་ཐོ་འགོད་པ་དང་བསམ་བློ་གཏོང་དགོས། སློབ་ཁྲིད་ཀྱི་སྐད་ཆ་དང་། རྣམ་འགྱུར། གནད་འགག་གི་སློབ་ཁྲིད་བྱེད་ཐབས་ཟིན་ཐོ་རུ་བཀོད་དེ། ཕྱོགས་གཅིག་ནས་ལྟ་ཞིབ་དང་གཅིག་ནས་བསམ་གཞིག་བྱེད་དགོས། གལ་ཏེ་ཆ་རྒྱུས་ཡོད་པའི་དགེ་རྒན་དང་འཛིན་གྲྭ་ཞིག་ཡིན་ན། སློབ་ཁྲིད་སྐབས་སུ་སློབ་སྦྱོང་གི་གོམས་གཤིས་སྐྱེད་སྲིང་བྱས་པའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་དགོས། དེ་མིན་སྤྱིར་བཏང་གི་སློབ་ཁྲིད་ཞིབ་འཇུག་ཡིན་ན། ཞིབ་འཇུག་ཁ་ཕྱོགས་ཀྱི་གྲུབ་འབྲས་གཙོ་གནད་དུ་གཟུང་དགོས། དེ་མིན་མིང་གྲགས་ཅན་གྱི་ཆེད་མཁས་པའི་སློབ་ཁྲིད་ཡིན་ན། སློབ་ཁྲིད་ཉམས་འགྱུར་དང་འོས་མཐུན་གྱི་རིག་གཞུང་བསམ་བློའི་མངོན་ཚད་གཙོ་བོར་གཟུང་དགོས། ཡང་གཅིག་བཤད་ན། སློབ་ཁྲིད་ཉན་པར་སློབ་ཁྲིད་འཆར་འགོད་དང་། སློབ་ཁྲིད་བྱེད་ཐབས། སྦྱོང་ཐབས་མཛུབ་སྟོན་བཅས་གཙོ་བོར་བཟུང་ནས། སློབ་ཁྲིད་ཀྱི་གོ་རིམ་དང་རང་ཉིད་ཀྱི་ཉམས་མྱོང་ཟིན་ཐོ་ཞིབ་རྒྱས་ཤིག་འགོད་དགོས། སློབ་འཁྲིད་ལ་ཉན་རྗེས་བྱ་བ་ཡོངས་སུ་གྲུབ་སོང་བ་མ་ཡིན་པར་མུ་མཐུད་དུ་བསམ་གཞིག་དང་ལེགས་སྒྲིག་བྱེད་དགོས། དེ་ནས་ཟིན་ཐོའི་ཁ་ཕྱེ་སྟེ་ཕན་ཚུན་འབྲེལ་ཆགས་པའི་སྒོ་ནས་སློབ་ཁྲིད་དགེ་རྒན་དང་བགྲོ་གླེང་བྱེད་དགོས། རང་ཉིད་ཀྱིས་སློབ་ཁྲིད་ལ་ཉན་པའི་འཐོབ་བྱ་འབྲི་བའི་གོམས་གཤིས་ཤིག་ཆགས་ཐུབ་ན། རང་ཉིད་ཡར་རྒྱས་ཡོང་བར་ཕན་པ་ཆེན་པོ་ལྡན། བརྒྱུད་རིམ་འདི་དག་གི་ཁྲོད་ནས་སློབ་ཁྲིད་དགེ་རྒན་གྱི་ལེགས་ཉེས་ལ་དབྱེ་ཞིབ་དང་། བསྡུར་བ། དཔྱད་འཇོག་བྱས་ཏེ་རང་ཉིད་ཀྱི་སློབ་ཁྲིད་འཐུས་ཚང་དུ་གཏོང་བར་གཞན་གྱི་ལེགས་ཆ་རྣམས་བཀོལ་ནས་ཚོད་ལྟ་བྱེད་དགོས། ད་དུང་སློབ་ཁྲིད་དགེ་རྒན་གྱི་རྩ་བའི་ཤེས་ནུས་དང་སློབ་ཁྲིད་གྲ་སྒྲིག་གི་གནས་ཚུལ། བསླབས་ཕྱིའི་འབད་འབུངས་བྱེད་སྟངས་ལ་དོ་སྣང་དང་རྒྱུས་ལོན་བྱེད་དགོས།
བཞི་པ། འཁྲིད་ཚུལ་དང་ཉན་དཔྱོད།
ཉན་དཔྱོད་ནི་སློབ་ཁྲིད་ཀྱི་དམིགས་ཡུལ་ལ་གཞིགས་ཏེ། དགེ་སློབ་གཉིས་ཀྱི་སློབ་ཐུན་བྱེད་སྒོ་དང་དེ་ལས་བསླངས་པའི་འགྱུར་བ་རྣམས་ལ་བརྡར་ཤ་གཅོད་རྒྱུ་དེ་ཡིན། རྣམ་པ་ཡང་མང་དུ་ཡོད་དེ། ལས་གྲོགས་ཕན་ཚུན་ལ་སློབ་སྦྱོང་བྱེད་པར་ཞིབ་འཇུག་དང་གྲོས་སྡུར་བྱེད་པ། སློབ་གྲྭའི་མགོ་ཁྲིད་ཀྱིས་དཔྱད་ཞིབ་བྱེད་པར་ལྟ་རྟོག་དང་ཉན་དཔྱོད་བྱེད་པ། གོང་རིམ་མམ་ཆེད་མཁས་པས་གསལ་འབྱེད་དང་གདེང་འཇོག ཉན་དཔྱོད་བྱེད་པ་སོགས་མང་པོ་ཡོད། ཉན་དཔྱོད་ཀྱིས་དགེ་རྒན་གྱི་སློབ་ཁྲིད་ལ་བརྩོན་སེམས་དང་རང་འགུལ་ལ་སྐུལ་སློང་བྱེད་ཅིང་། དགེ་རྒན་གྱི་སློབ་ཁྲིད་ཉམས་མྱོང་ལ་ཕྱོགས་སྡོམ། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་ཇེ་མཐོར་ཡོང་བར་རོགས་འདེགས་སོགས་འཁྲིད་སྟོན་གྱི་ཕན་ནུས་མི་དམན་པ་ཐོན་གྱི་ཡོད་པར་མ་ཟད། ད་དུང་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་ཀྱི་བྱང་ཚད་དང་། སློབ་ཁྲིད་ལག་བསྟར་ལ་ལེགས་བཅོས། ཁྱབ་ཁོངས་མང་ས་ནས་ཆ་འཕྲིན་བསྡུ་བ། སློབ་ཁྲིད་ཀྱི་ཆུ་ཚད་ཇེ་མཐོར་ཡོང་སྟེ། སློབ་ཁྲིད་ཀྱི་གོ་རིམ་ཚང་ཞིང་སྤྲོ་ཉམས་ལྡན་པ། སློབ་ཁྲིད་ཀྱི་སེམས་ཤུགས་ཇེ་ཆེར་འགྲོ་བ། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ནས་ཡུན་གྱིས་རང་ཉིད་ལ་ཐུན་མོང་མ་ཡིན་པའི་འཁྲིད་གཤིས་ཤིག་ཆགས་པར་ཕན་ནུས་ཐོན་བཞིན་ཡོད།
ཉན་དཔྱོད་ནི་སློབ་ཁྲིད་དགེ་རྒན་ལ་མཚོན་ན། སློབ་ཁྲིད་དགེ་རྒན་ལ་ཉན་མཁན་རྣམས་ཀྱིས་སློབ་ཁྲིད་དབྱེ་ཞིབ་དང་དཔྱད་སྡུར་ཞིག་ཡིན་པར་མ་ཟད། སློབ་ཁྲིད་ལག་ལེན་གྱི་དཔྱད་སྡུར་ཞིག་གམ་རིན་ཐང་ལྡན་པའི་གཏན་འབེབས་ཤིག་ཀྱང་ཡིན། འཁྲིད་ཚུལ་བཤད་པ་ནི་རང་གི་སློབ་ཁྲིད་ལ་རང་གིས་དབྱེ་ཞིབ་བྱེད་པ་ཞིག་དང་། སློབ་ཐུན་གྱི་སྣང་ཚུལ་དང་སློབ་ཁྲིད་གྲ་སྒྲིག་ལ་གསལ་བཤད་ཅིག ཡང་ན་དོན་དངོས་ཞིབ་བརྗོད་གཙོ་གནད་དུ་འཛིན་གྱིན་ཡོད་པ་ཞིག་ཡིན།
ཡང་དག་པའི་ཉན་དཔྱོད་ཀྱིས་དགེ་རྒན་རང་གི་སློབ་ཁྲིད་ཀྱི་ལེགས་ཕྱོགས་དང་ཞན་ཆ་རྣམས་ཚོར་ཐུབ་ལ། གཞུག་ཕྱོགས་ཀྱི་འཆད་ཁྲིད་ཀྱི་སྤུས་ཀ་སྔར་ལས་ལྷག་པའི་ཇེ་མཐོར་གཏོང་ངེས། དེ་ལྟ་བུ་ཞིག་བསྒྲུབ་པར་སློབ་ཁྲིད་ལ་ཉན་པའི་རྨང་གཞིའི་ཐོག་ནས་སློབ་ཁྲིད་ཀྱི་གོ་རིམ་ལ་བསམ་གཞིག་དང་། དབྱེ་ཞིབ། ལངས་ཕྱོགས་མང་པོ་དང་མཐོང་སྣང་མི་འདྲ་བ་བཅས་ནས་དཔྱད་སྡུར་བྱེད་དགོས། ཡིན་ཡང་ངེས་པར་དུ་ཕྱོགས་ལྷུང་མེད་ཅིང་དྲང་བདེན་དང་དངོས་ཡོད་གནས་ཚུལ་ལ་བསྟུན་དགོས། །
* འཇམ་དཔལ། མཚོ་སྔོན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།