དེ་ཡང་རང་རེ་ཁ་བའི་ལྗོངས་ཀྱི་དབུས་གཙང་གྲོང་སྡེ་སོ་སོའི་ནང་གནས་པའི་སྒེར་པ་དང་། གྲོང་དྲག་ལྟ་བུར་མཚོན་ན་ཐོག་མར་བུའི་ཕ་མའི་གཉེན་ཉེ་གང་རུང་། བློ་དཀར་གོ་ཆོད་ཅིག་ས་གནས་གའན་པར་བཏང་ནས་བུའི་མི་ཚང་དང་རིགས་རུས་སྟོབས་འབྱོར་ཕལ་ཆེར་མཉམ་པའི་མི་ཚང་ལ་བུ་མོ་ཇི་འདྲ་ཡོད་པ་གཙོ་བོར་སེམས་གཤིས་དང་སྤྱོད་པ།དེ་རྗེས་རྒྱན་གོས་སོགས་སྟེར་དངོས། བྱད་གཟུགས་སྐྱེས་འབྲས་མཚར་ལུགས་གནད་ཆུང་ཤོས་བྱས་ཏེ་རྩད་འིབ་དཔྱད་ནས་ཕྱིར་ལོག་རྗེས་བུའི་ཕ་མ་དང་གྲོས་གླེང་ལེགས་པར་བྱེད། སྐབས་དེར་བུ་ལ་ཕ་མས་གོ་སྡུར་དང་འབྲེལ་བའི་ཐེ་བྱུས་དབང་ཆ་ཡོང་བ་ཤིན་ཏུ་ཉུང་། འགའ་ཞིག་ཏུ་ཕ་མ་གཤིས་འཇམ་རང་ཤེད་ཆུང་ཞིང་། བུར་བྱམས་རིགས་འགས་ཕ་མ་གཉིས་དང་བུ་ལྟ་སྐོར་བ་བཅས་ཚང་འཛོམས་ཀྱིས་གྲོས་འཆར་གླེང་སྲོལ་ཡོད། གང་ལྟར་ལོ་རྟགས་ལེན་མཁན་དམིགས་སུ་བུ་མོ་མང་ན་ལྔ།དེ་མིན་ན་གསུམ། ཉུང་ཤོས་ལའང་གཉིས་ལ་གཏན་འཁེལ་བྱས་ཏེ་སླར་ཡང་བུ་མོའི་ཁྱིམ་དུ་ཕྱིན་ནས་བུ་མོའི་ལོ་རྟགས་སྐད་ཆ་དྲིས་ཏེ་ལེན། དེ་མཚམས་དབང་ཆ་ཐོབ་པའི་བུའི་རིགས་ཀྱིས་རང་གི་འོས་གྲས་བུ་མོ་མཐོང་འདོད་ཡོད་ཚེ་ཁྲོམ་དང་ལྟད་མོ། མཆོད་མཇལ་སོགས་ལ་བུ་མོ་འགྲོ་བ་དང་སྐབས་བསྟུན་ནས་བུ་མོས་མི་མངོན་པའི་ངང་མཐོང་བ་བྱེད་པ་ལས་མངོནགསལ་དོད་པོས་འབྲེལ་འདྲིས་བྱེད་སྲོལ་མེད། དབང་ཆ་མ་ཐོབ་པའི་བུ་ཡིན་ན་བག་མ་རང་ཁྱིམ་དུ་མ་འབྱོར་བར་བསྒུགས་ནས་སྡོད་རྒྱུ་ཡིན། དེ་ནས་འོས་གྲས་ཀྱི་བུ་མོའི་ལོ་རྟགས་བླ་མ་ལ་ཐུགས་དམ་ས་བོན་འབུལ་བ་དང་། ཆོས་སྐྱོང་ལ་ལུང་ཞུ་བ།ལྷག་པར་དུ་རྩིས་པའི་མདུན་དུ་རྩིས་བཤར་ནས་གཟའ་སྐར་ཚེས་གྲངས་བཟང་བའི་ཉིན་རྟེན་འབྲེལ་གྲོ་སོ་ཕྱེ་མར། མདའ་དར་སྣ་ལྔ། ནམ་རྒྱུའམ་ནམ་དོད་བཅས་བསྒྲིགས་ཏེ་བསང་གི་དུ་སྤྲིན་འཁྲིགས་པའི་ཁྲོད་དུ་བག་རྩིས་སྦྱོར་གཞུང་གི་གཏན་ཕབ་ཤོག་སྒྲིལ་ལ་བལྟས་ནས་བརྩེ་མཐུན་བཟང་བས་སུར་བྱུང་བུ་མོ་དེའི་ཕ་མའི་ནང་དུ་སྔོན་མའི་ལོ་རྟགས་ལེན་མི་དེའམ།ཡང་ན་གཞན་མི་དོ་ཆོད་ཅིག་ཕྱིན་ནས་ཁ་བཏགས་ཨ་ཤེ། གྲུའུ་ཙིའི་སྟོད་གོས་བཅས་ཕུལ་ཏེ་ཁྱེད་ཚོའི་བུ་མོ་ངེད་ཚོའི་བུ་ཡི་འདུན་ཐབས་སུ་མོ་ལུང་རྩིས་གསུམ་མཐུན་པར་བཟང་ཕེབས་བྱུང་ན་ད་ཆ་དེ་རང་ལ་གཏན་འཁེལ་རྒྱུར་གོ་སྟེར་ཡོང་བ་ཞེས་ཐོག་མའི་གླེང་སློང་བྱེད། དེ་ལ་དང་ཐོག་ལོ་རྟགས་སྤྲོད་པའི་སྐབས་ནས་སྟེར་འདོད་ཡོད་ཀྱང་། སློང་མཁན་གཞན་པ་ཤིན་ཏུ་མང་ནའང། བུའི་ཁྱིམ་འཛིན་ཕ་མ་སོགས་ཡ་རབས་ཀྱི་རྒྱུད་པ་ཡིན་པ་དང་། ཐུགས་དམ་སོགས་བཟང་ཕེབས་བྱུང་བས་ཕུགས་ཀྱི་གཏད་སོ་ལ་ཡིད་ཆེས་ཆེན་པོས་ད་ལམ་བུ་མོ་སྟེར་རྒྱུ་ཞུས་ཆོག་ཅེས་ངོ་སོ་ཆེན་པོ་དང་བཅས་ཁས་ལེན་བྱས་པའི་མཚམས་དེར་བུ་མོ་སློང་མཁན་དེ་དང་། བུ་མོའི་ཕ་མ་གླེང་མོལ་གྱིས་སློང་ཆང་ནམ་འདྲེན་གཟའ་སྐར་ཚེས་གྲངས་བཟང་བ་ཞིག་ལ་དུས་བཀག་བཟོ་སྲོལ་ཡོད། དུས་ཡུན་ཐད་གྲ་སྒྲིག་བྱ་དགོས་ལ་བརྟེན་པས་ཟླ་ངོ་གཉིས་གསུམ་བྱུང་ན་ལེགས་གནས་ཀྱང་། བསུ་ལེན་གཉིས་པོ་ཧ་ཅང་བློ་མོས་ཆེ་བ་བྱུང་ཚེ་གཞན་ནས་དཀྲོག་གཏམ་བྱས་ནས་འགྱུར་དོགས་ཀྱིས་ཉིན་བཅོ་ལྔ་ཉི་ཤུ་ཙམ་མམ། འགྱངས་་མཐར་ཡང་ཟླ་གཅིག་ལྷག་ཙམ་ལས་འཇོག་གི་མེད། གང་ལགས་ཟེར་ན། སློང་ཆང་དྲངས་རྗེས་འགྱུར་ལྡོག་བྱས་མི་ཆོག་པའི་རྐྱེན་གྱིས་རེད།
དེ་ནས་དུས་བཀག་སློང་ཆང་གི་ཚེས་ཆར་སླེབས་པའི་ཉིན་མོར། བུའི་ཁྱིམ་ཚང་གི་སྐུ་ཚབ་པ་དེ་ཕེབས་རོགས་བའི་ལྔ་གང་རུང་དང་མཉམ་དུ་གྱོན་ཆས། རྟ་དང་བཅས་པ་ལེགས་པར་བརྒྱན་ནས་བུ་མོའི་ཁྱིམ་ཚང་དུ་ཡོང་སྟེ། བུ་མོའི་ཕ་མ་དང་སྤུན་མཆེད་སོགས་ནང་མི་ཚང་མ་བཞུགས་གྲལ་དུ་འཁོད་མདུན་དེར། རྟེན་འབུལ་གྲོ་མ་འབྲས་སིལ། འབུལ་ཚན་ལ་མར་ལྟང་། ཇ་སྒམ། འབྲས་ལྟང་། ནས་དང་གྲོ་དོ་པོ་བཅས་བསྒྲིགས་པའི་སྟེང་དངུལ་རྡོ་ཚད་བཅོ་ལྔའམ་ཉི་ཤུ་སྐོར་རས་དཀར་གྱི་ཐུམ་པོ་བརྒྱབ་པའི་ཁ་བྱང་རས་འཛར་གྱི་ཡི་གེར། ཉིན་འཁྱོངས་སྤྲོ་དོད་དངུལ་རྡོ་ཚད་××ཞེས་བཀོད་པ་འཇོག གང་ལགས་ཟེར་ན། དེ་ཉིན་བུ་མོའི་ཁྱིམ་ཚང་གི་ངོ་གཡོག་ཇི་ཡོད་ལ་བུའི་ཁྱིམ་ཚང་ནས་ཉིན་འཁྱོངས་གཅིག་གི་གསོལ་ཚིགས་དང་། ཞལ་ཏོག་ཇ་ཆང་སོགས་འབུལ་དགོས་རུང་བུའི་ཁྱིམ་ཚང་ཐག་རིང་དུ་སོང་གཤིས་སྟབས་མི་བདེ་བས་དོད་འབུལ་ཞུས་ནས་དངོས་སུ་བུ་མོའི་ཁྱིམ་ཚང་ནས་སྒྲིག་སྲོལ་ཡོད། བུའི་ནང་ནས་དངོས་འཁྱེར་དགོས་པ་གོང་གསལ་གྱི་འབུལ་ཚན་རྣམས་དང་། ད་དུང་བུ་མོའི་ནང་གི་བུ་མོ་དང་བཅས་པ་ནང་མི་ཚང་མར་གོས་ཆེན་ནམ། འགོ་སྣམ། གྲུའུ་ཙི་གསུམ་ལས་མི་་འན་པའི་གྱོན་སྣེ་རེ་དང་། མཇལ་དར་ཨ་ཤེ་རེ་བཅས་འབུལ་སྲོལ་ཡོད། དེ་སྐབས་བུ་མོའི་སྐུ་སྐལ་སྤྲོད་ལེན་ལས་བུ་མོ་དོགས་པ་སྐྱེ་ཟོན་བྱ་ཕྱིར་ཉེ་འཁོར་གཉེན་ཚན་གྱི་ཁྱིམ་དུ་ཁ་གཡར་གྱིས་གཏོང་སྲོལ་འདུག ལྷག་པར་དུ་བུ་མོའི་ཨ་མར་གོང་གསལ་གྱི་ཕྱག་རྟགས་སྨོས་མེད་ཁར། སྔར་སྲོལ་རྣུ་རིན་པང་གདན་ཞེས་པར་ཕྱིས་སུ་མཇལ་དར་ཨ་ཤེ། དངུལ་རྡོ་ཚད་ལྗོ་ནས་བཅུ་བར་གང་རུང་གི་ཐུམ.པོ། པང་གདན་ལེགས་པ་གཅིག་བཅས་ངེས་པར་ཨ་མ་ལ་དམིགས་བཀར་གྱིས་འབུལ་དགོས། དེ་རྗེས་བུའི་ཕ་མའི་སྐུ་ཚབ་དང་། བུ་མོའི་ཕ་མ་དང་བུ་མོའི་ཕྱོགས་ཀྱི་སྐུ་ཉེ་ཞིག་ལྷན་འཛོམས་ནས་ཐོག་མར་གཉེན་འབྲེལ་བྱུང་བའི་ཡི་གེ་བ། ཟོ་དགོས་པ་དེ་ལ་གཉེན་གན་ཟེར། འདིར་བྲི་ན་འདི་ལྟ་སྟེ། ཨོཾ་སྭ་སྟི། གནས་སྐབས་མཐར་ཐུག་ཕན་བདེའི་རིན་ཆེན་ཆོགས། ཡིད་བའིན་མཛོད་དུ་འདྲེན་པའི་ཤིང་རྟ་ཆེ། གང་ལ་བསྟེན་ན་བསླུ་བའི་སྐབས་བྲལ་བ་རིན་ཆེན་རྣམ་གསུམ་སྤྱི་བོའི་རྒྱན་དུ་མཆོད། འཇིག་རྟེན་སྲིད་པའི་ཐབས་ཤེས་བུ་ནོར་གྲོགས། ལས་བཟང་མཛའ་གཅུགས་གཉེན་དུ་མཐུན་བསྡེབས་པ། མཛངས་པའི་བྱ་གའག་གཏན་ལ་ལེགས་ཕབ་པའི་གཉེན་ཡིག་ནོར་བུའི་དོ་ཤལ་འདི་ན་སྤེལ་ཞེས་འགོ་བརྗོད་དང་། གཉེན་གན་གྱི་དོན་གཙོ་བོ་མདོ་ཙམ་བསྟན་ན། བུ་དང་བུ་མོ་ཕན་ཚུན་མི་ཕྱེད་མཛའ་གཅུགས་ཀྱི་མཐུན་གཤིབས་ལེགས་པར་གང་ཆགས་བཙོ་རྦུང་དག་པའི་གསེར་ལྟར་འགྱུར་མེད་ཐོག བུ་ནས་གྲོགས་ཟུར་བསྟེན་དང་། ཚུལ་མིན་ཤོ་སྦག མྱོས་བྱེད་རྒྱུན་བསྟེན་གྱིས་ཕྱག་རྫས་འཐོར་གཞིའི་རིགས་མི་མཛད་པ་དང་། བུ་མོས་ཀྱང་སྐྱེས་རྒྱལ་དམན་ཀུན་ལ་གོ་བབས་བཀུར་བསྟི། འགྲོགས་འེས་སྐྱོང་ཤེས་ཀྱིས་ཕྱི་ནང་གང་སར་འཇིག་རྟེན་ཡར་དཔེར་འགྲན་པའི་མཛད་བཟང་དར་སྤེལ་གནང་རྒྱུ་བཅས། བུའི་ཁྱིམ་གྱི་ཐེའུ། གཉེན་དཔང་གི་ཐེའུ། བུ་མོའི་ཁྱིམ་གྱི་ཐེའུ། གཉེན་དཔང་གི་ཐེའུ། ཡ་རབས་ལྷ་མིའི་ཆོས་ལ་ཕྱོགས་པ་ཡི། བསོད་ནམས་དཔག་བསམ་ལྗོན་པའི་རྩེར་སྨིན་པའི། རང་སྲིད་ཕུན་ཚོགས་འབྲས་བུ་གཡུར་ཟ་བར། རྟག་ཏུ་སྤྱོད་པའི་དགེ་མཚན་གོང་འཕེལ་ཤོག ཅེས་པའི་གཉེན་ཡིག་འདྲ་གཉིས་བཟོས་ཏེ་འདྲ་གཅིག་ཕ་མིང་ཕྱོགས་དང་། འདྲ་གཅིག་གོ་ལེན་ཕྱོགས་ནས་བདག་གཉེར་བྱེད།
དེ་ནས་ཕན་ཚུན་གསུང་མོལ་གྱིས་སློང་སྟེར་ཞུ་ཆང་ལེགས་པར་གྲུབ་ནས་སློང་ཆང་འདྲེན་མི་ལོག་རྗེས་བུ་མོའི་ཕ་མ་གཉིས་ཀྱིས་ཉིན་ཞིག་སྔགས་བོན་གང་རུང་གདན་དྲངས་ནས་ལྷ་རྟེན་ཡོད་ན་ལྷ་བསང་དང་། མགོན་ཁང་ཡོད་ན་བསྐང་འཕྲིན་གསེར་སྐྱེམས་ཕུལ་ཏེ། བུ་མོར་ཁ་གཡར་མགོ་སྐོར་གྱིས་བུ་མོའི་ལག་བདར་ནས་སྙན་བཤལ་འབུལ་དུ་བཅུག་སྟེ་ལྷ་ཁྲོལ་ཞུ་སྲོལ་ཡོད། དེ་ནི་རང་ཁྱིམ་གྱི་ལྷ་སྲུང་ཚོར་བུ་མོ་དགོངས་ཁྲོལ་ཞུ་བའི་དོན་དང་། དགོས་པ་ནི་བུ་མོའི་རྗེས་སུ་འཕྲེང་ནས་གནོད་འཚེ་མི་གཏོང་བའི་ཆེད་དུ་ཡིན། དེ་ནས་ཆང་ས་དངོས་གཞིའི་ཚེས་ཆ་གཏན་འབེབས་བྱ་རྒྱུ་བཅས་ཡིན།