རྒྱལ་རོང་བོད་ཁྱིམ་གྱི་ཞག་སྡོད་ཟིན་ཐོ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-09
ཉེ་ཆར། གསར་འགོད་པ“ཀྲུང་གོའི་ཤིང་ཏོག་ལིའི་ཕ་ས”ཞེས་པའི་མཚན་སྙན་ཡོད་པའི་སི་ཁྲོན་ཅིན་ཁྲོན་རྫོང་དུ་འབྱོར། ཅིན་ཁྲོན་ནི་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་མཐའ་མཚམས་སུ་གནས་ཤིང་། མཐའ་བཞི་གངས་རིའི་ར་བས་བསྐོར་བ་དང་ཆུ་བོ་རབ་ཏུ་དྭངས་པ་མ་ཟད། རྒྱལ་རོང་གི་བོད་པའི་མཁར་རྫོང་ཡང་མང་པོ་མཐོང་རྒྱུ་འདུག དཔྱིད་དུས་སུ་ལིའི་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་མ་ཟད། འབྲི་ཆུའི་སྟོད་རྒྱུད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་ཕྱུག་འགྱུར་ལ་གཞོལ་བའི་དགའ་སྤྲོའི་འཛུམ་མདངས་འཕྱུར།
ལོ་64ལ་སླེབས་པའི་བོད་རིགས་ཨ་མ་ཧོ་པང་ཞིའུ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་ཞིག་ཡིན་པ་དང་། ཁོང་གིས་སེམས་རྩ་འཁོལ་པོས་གསར་འགོད་པ་ཁྱིམ་དུ་བསུས་པ་དང་སྦྲགས་ལིའི་ལྡེ་གུ་བཟོ་སྟངས་ངོ་སྤྲོད་བྱས། ཁོང་གིས་ལོ་17ནས་ལིའི་ལྡེ་གུ་བཟོ་ཤེས་ཀྱི་ཡོད། ལི་རྒྱ་མ་20ཙམ་གྱིས་ལྡེ་གུ་རྒྱ་མ་1བཟོ་ཐུབ་ཅིང་། ཡོང་འབབ་ནི་ཤིང་འབྲས་སོས་པ་བཙོངས་པ་ལས་ལྡབ་མང་པོས་མཐོ་བ་ཡོད་ཅེས་བཤད།
ལིའི་སྡོང་པོ་དང་། ལིའི་མེ་ཏོག ལིའི་ལྡེ་གུ་བཅས་ནི་གངས་ལྗོངས་ས་མཐོས་རྒྱལ་རོང་གི་བོད་རིགས་མི་སེར་ལ་གནང་བའི་ཕྱག་རྟགས་ཡིན་ཞིང་། ད་ཆ་ཡུལ་དེའི་མང་ཚོགས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་མཆོག་ནོར་ལྟ་བུར་གྱུར་ཡོད།
ལས་གཏོད་པ་ཀོའུ་ཧྭ་2015ལོར་ཅིན་ཁྲོན་དུ་ལོག་སྟེ་ཞིང་ལས་ཚན་རྩལ་གྱི་ཁེ་ལས་གཉེར་བ་དང་། དེང་རབས་ཅན་གྱི་བཟོ་རྩལ་སྤྱད་ནས་ཅིན་ཁྲོན་གྱི་ལི་ལས་སྣོན་བྱས་ཏེ་ལིའི་ལྡེ་གུ་དང་། ལི་ལྷེབ། ལིའི་ཀ་ར་སོགས་ཐོན་རྫས་རབ་དང་རིམ་པ་བཟོས་པ་རེད།
སྤུས་ཚད་འགན་ལེན་དང་ཚོང་ལམ་རྒྱ་ཆེར་བཏང་བས་ཁོང་གི་ལིའི་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་ཤོས་སུ་གྱུར་ཁར་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཐའེ་དབན་སོགས་ལ་འཚོང་བཞིན་ཡོད་པ་རེད། 2018ལོར་ཀུང་སིའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་300ལྷག་ཟིན་པ་དང་། ཡུལ་དེའི་དུད་ཚང་182ཀྱི་གྲོང་མིར་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱས་པས་དུད་ཚང་རེར་སྒོར་3000ལྷག་ཙམ་གྱི་ཡོང་འབབ་བྱུང་ཡོད་ཅེས་ཀོའུ་ཧྭས་བཤད།
2013ལོར་ཅིན་ཁྲོན་རྫོང་གིས་ཤིང་ཏོག་ལི་དར་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཏེ་ལིའི་སྡོང་པོའི་ཐོན་ཁུངས་སྲུང་སྐྱོང་དང་ཕྱོགས་བསྡུས་གསར་སྤེལ་བྱས་པ་རེད། ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་རྫོང་ཡོངས་ཀྱི་ལིའི་སྡོང་པོ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་4དང་སྡོང་རྐང་ཁྲི་100ལས་བརྒལ་ཞིང་། ཅིན་ཁྲོན་དུ་སྐྱེ་ཡུན་རིང་ཤོས་ཀྱི་ལིའི་སྡོང་པོར་ལོ་300ལྷག་གི་ལོ་རྒྱུས་ལྡན་པ་དང་། ལིའི་སྡོང་པོར་དཔྱིད་ཀ་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་དང་སྟོན་ཀར་ལོ་འདབ་དམར་པོར་གྱུར་ཁར། གང་སར་སྐྱེས་པའི་ཅིན་ཁྲོན་གྱི་ལིའི་སྡོང་པོས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་ལ་སྲུང་སྐྱོང་གི་ནུས་པ་ཐོན་ཡོད་ལ། ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཀྱི་ཐོན་ཁུངས་སུ་གྱུར་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི“གསེར་རི”དང“དངུལ་རི”ལྟ་བུར་གྲུབ་ཡོད་པ་རེད།