གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ལ་སྐུལ་སློང་བྱེད་ཆེད། ཉེ་ཆར། རང་ཁུལ་གྱི་རྫོང་ཁག་སོ་སོས་གཅིག་རྗེས་གཉིས་མཐུད་དུ་དྭངས་གསལ་དུས་ཆེན་ལ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་བྱེད་སྒོ་སྤེལ་བྱུང་།
ཟུང་ཆུ་རྫོང་།
ཟླ་4པའི་ཚེས་4ཉིན། ཟུང་ཆུ་རྫོང་གིས་རྫོང་ཡོངས་ཀྱི་ལས་ཁུངས་དང་། ཟུང་ཆུར་བཅའ་སྡོད་ལས་ཁུངས། ཟུང་ཆུར་བཅའ་སྡོད་དམག་དཔུང་གི་འཐུས་ཚབ་བཅས་དང་དེ་བཞིན་སློབ་མའི་འཐུས་ཚབ་ལ་རྩ་འཛུགས་བྱས་ནས་སྔོན་གཤེགས་དཔའ་བོའི་རྗེས་དྲན་ར་བ་རུ་དུར་མཆོད་བྱེད་སྒོ་སྤེལ།
གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕྲེང་བ་ཕུལ་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་དྲན་གསོ་གཏིང་ཟབ་ཞུས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་བསྣན་པ་རེད།
ཝུན་ཁྲོན་རྫོང་།
ཟླ་4པའི་ཚེས་4ཉིན། ཝུན་ཁྲོན་རྫོང་གིས་རྫོང་ཡོངས་ཀྱི་ལས་ཁུངས་སོ་སོའི་ལས་བཟོའི་འཐུས་ཚབ་དང་། ཝུན་ཁྲོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་དང་དེ་བཞིན་སློབ་མའི་འཐུས་ཚབ་ལ་སྒྲིག་འཛུགས་བྱས་ཏེ་ཝུན་ཁྲོན་རྫོང་གི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྤྱི་མཆོད་བྱེད་སྒོ་སྤེལ་ཞིང་། དེས་ཝུན་ཁྲོན་མི་དམངས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཚད་མེད་ཞུ་བ་དང་ཡི་རངས་བྱེད་པའི་བརྩེ་སེམས་མཚོན་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་སེམས་གཏིང་ནས་དྲན་གསོ་ཞུས་ཏེ། སྔོན་གཤེགས་དཔའ་བོ་ཚོས་དཔའ་མི་ཞུམ་པ་དང་གཏོང་ཕོད་པ། ཤི་རྒྱུར་མི་སྐྲག་པ་བཅས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱས་པ་རེད།
བྱེད་སྒོའི་ཁྲོད། ཐུན་མོང་འདས་མཆོད་ནང་ཞུགས་མཁན་མི་སྣ་ཡོངས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་ལངས་ནས་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བས་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་པ་དང་འབྲེལ་མེ་ཏོག་སི་ར་ཕུལ་ལ། སྤྱི་མཆོད་ནང་ཞུགས་མཁན་མི་སྣས་དྲན་གསོའི་རྡོ་རིང་ལ་མཇལ་བ་རེད།
བྱེད་སྒོའི་ནང་ཞུགས་མཁན་ལས་ཁུངས་ཁག་གི་ལས་བཟོའི་འཐུས་ཚབ་དང་ཝུན་ཁྲོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཚོས་སླད་ཕྱིན་གྱི་ལས་ཀ་དང་འཚོ་བ། དམག་ཞུགས་ཞབས་ཞུ་བཅས་ཀྱི་བརྒྱུད་རིམ་ནང་། སྔོན་བྱོན་དཔའ་བོ་ཚོས་རང་སྲོག་བློས་གཏོང་བར་མི་སྐྲག་པ་དང་རང་དོན་རྒྱབ་སྐྱུར་གྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏང་ནས། འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དང་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་རང་ཉིད་ཀྱི་ལས་གནས་ཐོག་བྱས་རྗེས་དེ་བས་ཆེ་བ་འཇོག་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད་བྱུང་། སློབ་མའི་འཐུས་ཚབ་ཀྱིས་དེང་གི་མཛེས་སྡུག་ལྡན་པའི་འཚོ་བར་དྲིན་གཟོ་དང་གཅེས་སྤྲས་བྱ་རྒྱུ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཕུགས་འདུན་རྒྱུན་འཛིན་བྱས་ཏེ། མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་འགན་འཁྲི་འཁུར་ཏུ་བཞེས་ནས། སློབ་སྦྱོང་ལ་བརྩོན་པ་དང་འཇོན་ཐང་ཆེར་བསྐྱེད་ཀྱིས། མེས་རྒྱལ་གྱི་སྟོབས་འབྱོར་མངའ་ཐང་རྒྱས་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
རྔ་བ་རྫོང་།
ཟླ་4བའི་ཚེས་4ཉིན། རྔ་བ་རྫོང་གི་མི་རིགས་ཁག་གི་ལས་བྱེད་ལས་བཟོ་དང་སློབ་གྲྭའི་དགེ་སློབ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། རྫོང་དུ་བཅའ་སྡོད་དཔོན་དམག གཞོན་ནུ་དང་བླངས་པ། སྔོན་གཤེགས་དཔའ་བོའི་གཉེན་ཉེ་སོགས་ཁྱོན་མི་1450ལྷག་ཞོགས་སྔ་མོ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་ཡོང་ནས་དྭངས་གསལ་དུས་ཆེན་ལ་སྔོན་གཤེགས་དཔའ་བོའི་བང་སོ་རུ་དུར་མཆོད་བྱེད་པའི་བྱེད་སྒོ་སྤེལ་བ་རེད།
འདས་མཆོད་མེ་ཏོག་ཕྲེང་བ་འབུལ་བ་དང་མཉམ་དུ་ངག་བསྡམས་ནས་མྱ་ངན་ཞུས་པ། གུང་གཞོན་ཚོགས་པའི་འཐུས་ཚབ་ཀྱིས་གཏམ་བཤད་ལ། སྔོན་གཤེགས་དཔའ་བོའི་བང་སོར་མཇལ་བ་སོགས་ཀྱི་རྣམ་པ་བརྒྱུད་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་ཐུན་མོང་ཐོག་དྲན་གསོ་ཞུས་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཚད་མེད་ཞུས་པ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་བླ་ན་མེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་བཅས་བྱས་པའོ། །
ཧུང་ཡོན་རྫོང་།
ཟླ་4བའི་ཚེས་4ཉིན་གྱི་སྔ་དྲོར། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་དང་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་དྲན་གསོ་ཞུ་ཆེད། ཧུང་ཡོན་རྫོང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་དྭངས་གསལ་དུས་ཆེན་གྱི་དུར་མཆོད་བྱེད་སྒོ་སྤེལ་བ་རེད།
སློབ་གྲྭ་ཁག་དང་། གྲོང་རྡལ་དང་ཡུལ་ཚོ་ཁག ལས་ཁུངས་ཁག་གིས་རང་འགུལ་ངང་མི་སྣ་སྒྲིག་འཛུགས་བྱས་ཏེ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད་དེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕྲེང་བ་ཕུལ་བ་དང་། དཔའ་བོར་མཇལ་བ། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་བཅས་བྱས་ནས་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་དང་མྱ་ངན་ཚད་མེད་ཞུས་པ་རེད།
གཟི་རྩ་སྡེ་དགུ་རྫོང་།
ཟླ་4བའི་ཚེས་3ཉིན་གྱི་སྔ་དྲོར། གཟི་རྩ་སྡེ་དགུ་རྫོང་གི་2019ལོའི་དྭངས་གསལ་དུས་ཆེན་གྱི་དུར་མཆོད་བྱེད་སྒོ་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་སྤེལ་བ་རེད། དཔུང་སྡེའི་དཔོན་དམག་གི་འཐུས་ཚབ་དང་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་ཀྱི་འཐུས་ཚབ་120ལྷག་བྱེད་སྒོར་ཞུགས་པ་རེད།
བྱེད་སྒོའི་ཁྲོད། ཚང་མས་ངག་བསྡམས་མྱ་ངན་ཞུས་པ་བརྒྱུད་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་དང་འབྲེལ། མྱ་ངན་ཞུ་ཚིག་དང་མེ་ཏོག་ཕྲེང་བ་ཕུལ། དམ་བཅའ་བཞག་པ་དང་འགྲེམས་ཁང་ལ་ལྟ་སྐོར་བྱེད་པ། བང་སོར་གཟིགས་པ་སོགས་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོའི་བྱས་རྗེས་རླབས་ཆེན་ལ་དྲན་གསོ་ཞུས་ཏེ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་རེད།
དེ་དང་ཆབས་ཅིག་གཟི་རྩ་སྡེ་དགུ་རྫོང་གིས་ད་དུང་ཚང་མར་སྒྲིག་འཛུགས་བྱས་ནས་དྲ་ཐོག་ཏུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་དང་། ལག་ཐོགས་ཁ་པར་བརྒྱུད་གསར་བརྗེའི་སྔོན་གཤེགས་དཔའ་བོར་བསྔགས་བརྗོད་དང་། དྲན་འཆར་འཇོག་པ། ལོ་རྒྱུས་ལ་དྲན་གསོ་ཞུ་བ། མེས་པོར་དྲན་གསོ་ཞུ་བ་བཅས་ཀྱི་བྱེད་སྒོ་སྤེལ་བ་རེད།
ལིས་རྫོང་།
ཟླ་4བའི་ཚེས་3ཉིན། ལིས་རྫོང་གི་སྤྱི་བདེ་དང་མེ་ཟོན། དྲག་ཆས་ཉེན་རྟོག་པ། སློབ་གྲྭ་ཆུང་འབྲིང་སོགས་ལས་ཁུངས་100ལྷག་གིས་བྲང་ཁར་མེ་ཏོག་དཀར་པོ་བཏགས་ཏེ་ལིས་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ནས་རྒྱལ་གཅེས་བརྩེ་སེམས་རྒྱུན་འཛིན་བྱེད་ཅེས་པའི་དྭངས་གསལ་དུས་ཆེན་གྱི་དུར་འཕྱག་བྱེད་སྒོ་སྤེལ་བ་རེད།
དཔའ་བོ་ནི་མཆོག་ཏུ་གྱུར་པས་ཉམས་པ་མེད། སྙིང་སྟོབས་ནི་རྒྱུན་འཛིན་བྱས་པས་བཀྲག་མདངས་འཚེར། ཚང་མས་དྲན་གསོའི་རྡོ་རིང་མདུན་དུ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་འབྲེལ་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་ལ། གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་དང་མྱ་ངན་ཚད་མེད་ཞུས་པ་རེད།
བཙན་ལྷ་རྫོང་།
ཟླ་4བའི་ཚེས་3ཉིན། བཙན་ལྷ་རྫོང་གིས་ལིའང་ཧོ་ཁོའུ་གྲོང་རྡལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་དྭངས་གསལ་དུས་ཆེན་གྱི་དུར་འཕྱག་བྱེད་སྒོ་སྤེལ་བ་རེད།
གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་མི་རབས་རྗེས་མར་བདེ་སྐྱིད་ཡོང་བའི་ཆེད་དུ་ཁྲག་བཏོན་དམར་འཛིང་དང་རང་སྲོག་བློས་གཏོང་བར་མི་སྐྲག་པར་ང་ཚོར་མཛེས་སྡུག་ལྡན་པའི་ཞི་བདེའི་འཚོ་བ་སྐྱེལ་ཐུབ་ཏུ་བཅུག ལོ་རྒྱུས་ཀྱིས་ཁོང་ཚོ་བརྗེད་མི་སྲིད་པ་དང་། མེས་རྒྱལ་གྱིས་ཁོང་ཚོ་བརྗེད་མི་སྲིད་པ། ང་ཚོས་ཁོང་ཚོ་དེ་བས་བརྗེད་མི་སྲིད་པ། ང་ཚོས་གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།
འཛམ་ཐང་རྫོང་།
ཟླ་4བའི་ཚེས་3ཉིན། འཛམ་ཐང་རྫོང་དྲག་ཆས་ཉེན་རྟོག་རུ་འབྲིང་དང་འཛམ་ཐང་རྫོང་ཞག་སྡོད་ལམ་ལུགས་སློབ་ཆུང་གི་དགེ་སློབ་100ལྷག་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཡོང་ནས་དྭངས་གསལ་དུས་ཆེན་གྱི་མཆོད་འབུལ་བྱེད་སྒོ་སྤེལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུས་པ་རེད།
བྱེད་སྒོའི་ཁྲོད་དུར་འཕྱག་མི་སྣ་ཡོངས་གྲལ་བསྒྲིགས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་ཀྲོང་ངེར་ལངས་ཤིང་། དཔུང་སྡེའི་འཐུས་ཚབ་ཀྱིས་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ་རེད། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན།》ཞེས་པའི་གླུ་གཞས་མཉམ་གཏོང་བྱས་ཤིང་། ཚང་མ་གོ་རིམ་ལྡན་པའི་ངང་སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་མདུན་དུ་བསྐྱོད་དེ་བང་སོའི་རྡོ་རིང་ཐོག་གི་ཐལ་རྡུལ་ཕྱིས་པ་དང་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་པ་རེད།
མའོ་རྫོང་།
ལོ་རེའི་དྭངས་གསལ་དུས་ཆེན་ཉིན་མོར་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། མི་སྐོར་ཞིག་གིས་མི་རིགས་བཅིངས་འགྲོལ་དང་། རྒྱལ་ཁབ་རང་བཙན། མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་རང་སྲོག་བློས་བཏང་། དུས་རབས་ལ་འཕོ་འགྱུར་བྱུང་རུང་། དུས་ཚོད་ཡུན་རིང་འགོར་རུང་། ང་ཚོས་དཔའ་མཛངས་རྟུལ་ཕོད་ཀྱིས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་། གཡུལ་སར་ཁྲག་འདོན་པའི་མི་དམངས་ཀྱི་དཔའ་བོ་དེ་དག་གཏན་ནས་བརྗེད་མི་སྲིད།
དྭངས་གསལ་དུས་ཆེན་རིང་། མའོ་རྫོང་གི་ལས་ཁུངས་ཁག་དང་སློབ་གྲྭ་ཆུང་འབྲིང་ཁག་གིས་དྭངས་གསལ་དུས་ཆེན་ལ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་མྱ་ངན་གྱི་བསམ་པ་བཅངས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་རེད།