ཁྲོ་ཆུ་རྫོང་ས་སྟོད་ཡུལ་ཚོའི་ཅ་ཅུ་སྡེ་བས་ཐོན་ལས་གཉེར་ཚུལ་རགས་བཀོད།
ངོ་མཚར་བའི་ནགས་ཚལ་སྟུག་པོ་དང་། ཚོན་མདོག་སྣ་ཚོགས་ཀྱིས་བརྒྱན་པའི་བོད་གྲོང་། རྣ་བར་སྙན་ཞིང་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་ཆང་གཞས་སྙན་མོ། བབ་ཆགས་ཡ་རབས་ཀྱི་སྲོལ་བཟང་རང་ཆས་སུ་གྲུབ་པའི་ས་དེའི་མི་སོགས། མདོར་ན། ཁྱོད་རང་ཁྲོ་ཆུ་རྫོང་ས་སྟོད་ཡུལ་ཚོའི་ཅ་ཅུ་སྡེ་བར་བག་ཕེབས་སོས་དལ་གྱིས་ཐེངས་གཅིག་སོང་དང་། བདེ་སྐྱིད་དཔལ་གྱིས་ཕྱུག་པའི་གངས་འདབས་ཀྱི་ཞིང་ཁམས་ཤིག་ཏུ་ཐོན་པ་ཡིན་ནམ་སྙམ་པར་བྱེད།
སྔོ་ལྡེམ་མེར་གྱི་སྐྱེ་ཁམས་ཁམས་དཔལ་ཡོན་གྱིས་རྨང་གཞི་དང་། ལྗོངས་སྐོར་ལས་རིགས་ཀྱིས་མཐོང་སྣེ་བྱས་ཏེ། སྔར་རི་སྐེད་ཅིག་ནས་ད་ལྟ་ཆུ་འགྲམ་དུ་མར་སྤར་འོངས་པའི་སྡེ་བ་འདིས་འཚོ་ཚིས་ཀྱི་ཆེད་དུ་འབད་པ་ཆེན་པོ་བྱས་པར་མ་ཟད། སྔར་ས་ཞིང་རྨོད་འདེབས་ཁོ་ནར་བརྟེན་ནས་རང་ཁ་གསོས་པའི་དུས་ལས་བརྒལ་ཏེ། ད་ལྟ་ཐོན་ལས་སྣ་མང་གིས་རང་ཁ་གསོ་བའི་ཕྱོགས་སུ་བསྐྱོད་ཟིན་པ་འདི། སྡེ་བ་དེའི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་རེད་ཨང་།
སྡེ་བ་འདི2012ལོ་ནས་བཟུང་སྟེ། རི་སྐེད་མཐོ་ས་ཞིག་ཏུ་ཆགས་པ་ནས་མར་སྤར་མགོ་ཚུགས་ཤིང་། མར་སྤར་མ་ཐག་ཏུ་སྔར་གྱི་ཐོན་ལས་སྒྲིག་གཞི་སྣ་གཅིག་གི་བཀག་རྒྱ་རྨང་ནས་གཏོར་ཏེ། ཐོན་ལས་སྣ་མང་གི་ཕྱོགས་སུ་ཇི་ལྟར་བསྐྱོད་རྒྱུ་དེ་ནི་སྡེ་བ་དེར་ཐོག་མར་འཕྲད་པའི་དཀའ་ཁག་ཅིག་རེད། ད་ལྟ་ཅ་ཅུ་སྡེ་བ་གླིང་ཚང་ལུང་པའི་ལུང་སྐེད་ཅིག་ཏུ་ཆགས་ཡོད་ལ། ས་དེའི་ལྗོངས་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས། རྫོང་ཨུ་དང་། རྫོང་སྲིད་གཞུང་གི་ཡུལ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ལྗོངས་སྐོར་ལས་རིགས་དང་། སྡེ་བ་རེ་རེས་ཐོན་རྫས་རེ་རེ་གསར་གཏོད་བྱེད་པའི་འཕེལ་རྒྱས་ཀྱི་གནས་བབ་ནུས་པ་ཡོད་དགུས་བསྐྲུན་པའི་སྤྱིའི་རིག་ལམ་ལྟར། སྡེ་བ་དེས་ཚོན་མདོག་རྣམ་པར་བཀྲ་ཞིང་། ཡིད་ཀྱི་བརྟན་པ་འཕྲོག་པའི་མདངས་ལྡན་ནགས་ཚལ་གང་ཉིད་རྨང་གཞིར་བཞག་ཅིང་། ཁྱིམ་ཚང85ཡིས་གྲུབ་པའི་བོད་ཁྱིམ་ཐམས་ཅད་ཚོན་མདོག་སྣ་ཚོགས་ཀྱིས་བྱུགས་པས། ཚོན་མདོག་རྣམ་པར་བཀྲ་བའི་ཅ་ཅུ་སྡེ་བ་ཞེས་ཡོངས་སུ་གྲགས།
བསོད་ནམས་རྡོ་རྗེ་ནི་སྡེ་བར་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་སྣེ་ཁྲིད་པ་ལྟ་བུ་ཡིན་ཞིང་། གནས་མ་སྤར་པའི་ཡར་སྔོན་དུའང་། ཁོས་སྐབས་སྐབས་སུ་རང་གིས་བཟོས་པའི་ཞིང་ལས་ཐོན་རྫས་དག་བཟུང་སྟེ། གཞུང་ལམ་གྱི་འགྲམ་དུ་སོང་ནས་བཙོང་པ་དང་། སྡེ་བ་གནས་སྤར་རྗེས་བའི་རྗེས་སུ། འགྲུམ་འགྲིལ་སྟབས་ཇེ་བདེར་གྱུར་པ་དང་། སྡེ་བར་ཡོང་བའི་ལྗོངས་སྐོར་པའང་ཇེ་བས་ཇེ་མང་དུ་གྱུར། དེའི་ཕྱིར། ཁོས་རང་གི་ཁང་པ་བསྒྱུར་བཀོད་བྱས་ནས་ལྗོངས་སྐོར་པ་སྣེ་ལེན་བྱེད་ས་བྱས་པ་རེད། 2017ལོར། ཁྲོ་ཆུ་རྫོང་དུ་ལྗོངས་སྐོར་འཕེལ་རྒྱས་ཀྱི་ཚ་རླབས་ལྟ་བུ་འཕྱུར་སྐབས་སུ། ས་སྟོད་ཡུལ་ཚོས་ལྗོངས་སྐོར་པ་སྣེ་ལེན་ལ་དོ་དམ་ཚད་ལྡན་བྱས་པས། ས་གནས་དེའི་ལྗོངས་སྐོར་པ་སྣེ་ལེན་གྱི་ནུས་པ་ཇེ་མཐོར་བཏང་། བསོད་ནམས་རྡོ་རྗེས་ཀྱང་གོ་སྐབས་དེར་བསྟུན་ཏེ། རང་གི་མགྲོན་ཁང་སྔར་བས་རྒྱ་བསྐྱེད་ནས་ཚད་ལྡན་གྱི་མགྲོན་ཤག8དང་། མགྲོན་ཁང་དཀྱུས་མ1ཡོད་པར་བསྒྱུར། དེ་དང་ཆབས་ཅིག་ཏུ། སྡེ་བའི་ནང་གི་ཞིང་ལས་ཐོན་རྫས་ཀྱི་སྒོ་རྩིས་ཚོང་ཁང་ཡང་ཁོ་རང་གིས་འགན་གཉེར་བྱས་པ་དང་། སྦྲང་རྩི་དང་། རྩྭ་སྨན། ཤ་མོ་སོགས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་རྣམས་གློག་རྡུལ་ཚོང་ལམ་དུ་བཀྲམ་པས། ཁོ་རང་སྡེ་བ་དེའི་དྲྭ་ལམ་ནས་ཚོང་བྱེད་མཁན་དང་པོར་གྱུར།
ན་ནིང་། ལྗོངས་སྐོར་པ་སྣེ་ལེན་བྱས་པའི་ཡོང་འབབ་ལ་ཁྱོན་སྒོར་ཁྲི18འདུག་ལ། ད་ལོར་ཁྱད་ཆོས་ལྡན་པའི་ཚོད་མ་གསར་བ་འགའ་ཞིག་བཟོ་རྒྱུའི་འཆར་གཞི་ཡོད་པས། ཚོང་སྔར་བས་བཟང་པའི་ཡིད་ཆེས་བརྟན་པོ་ཡོད། ཅེས་ཅ་ཅུ་སྡེ་བའི་བུ་མོ་ལོ་ཆུང་སྒྲོལ་དཀར་གྱིས་ད་ལོར་ཚོང་ཇེ་བཟང་དུ་ཇི་ལྟར་གཏོང་བའི་ཐབས་ལ་བསམ་བློ་གཏོང་བཞིན་བཤད། 2017ལོར། མོ་རང་སློབ་ཆེན་མཐར་ཕྱིན་རྗེས་སུ་གང་དུའང་མ་སོང་པར་ཕྱིར་རང་ཡུལ་དུ་ལོག་ནས་ལས་རིགས་གསར་གཏོད་བྱ་རྒྱུའི་ཐག་བཅད་ཅིང་། མོས་གསར་འགོད་པར། ལྗོངས་སྐོར་དྲ་བ་སྐད་གྲགས་ཅན་དག་ཏུ་ཁྲོ་ཆུ་རྫོང་གི་མདངས་ལྡན་ནགས་ཚལ་དང་། གངས་རི་སོགས་མཐོང་ཐུབ་ལ། ལོ་འདི་དག་ལ་ཕ་ཡུལ་གྱི་ལྗོངས་སྐོར་ཇེ་བས་ཇེ་དར་དུ་གྱུར་པས། ངས་ཀྱང་ལས་རིགས་གསར་གཏོད་ཀྱི་གོ་སྐབས་འདི་མ་ཤོར་བ་བྱས། ཞེས་བཤད། ཐོག་མར་མོས་རང་ཁྱིམ་དུ་མགྲོན་ཁང་ཐབས་ཆག་ཅིག་གཉེར་བ་དང་། ཕྱིས་སུ་རྒྱ་ཇེ་ཆར་བཏང་བར་བརྟེན། མོས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཚོད་མ་བཟོ་རྒྱུ་སོགས་ཀྱང་མོ་རང་གི་ཚོང་གཉེར་གྱི་ཁོངས་སུ་བསྡུས། ན་ནིང་། ལྗོངས་སྐོར་པ་སྣེ་ལེན་བྱ་སའི་ཁང་པ་ཡང་བསྒྱུར་བཀོད་བྱས་པ་དང་། ས་གནས་རང་གི་ཁྱད་ཆོས་སྔར་བས་ལྡན་པར་བྱས་པས། སྔར་ཁྱིམ་ཚང་གང་པོར་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི5ཡར་མར་ལས་མེད་པ་དང་བསྡུར་ན། ད་ལྟ་ལྗོངས་སྐོར་ལས་རིགས་དར་རྒྱས་སུ་བཏང་བར་བརྟེན་ཏེ། མོའི་ཁྱིམ་ཚང་གི་ཡོང་འབབ་སྔར་བས་ལྡབ་འགའ་ཇེ་མང་དུ་གྱུར་འདུག
བུ་མོ་སྒྲོལ་དཀར་ཇི་བཞིན་ལྗོངས་སྐོར་གྱི་ཟ་མ་རེག་པའི་མི་ཅ་ཅུ་སྡེ་བར་ད་རུང་ཧ་ཅང་མང་སྟེ། མིག་སྔར་ཅ་ཅུ་སྡེ་བར་ལྗོངས་སྐོར་པ་སྣེ་ལེན་ཐུབ་པའི་ཁྱིམ་ཚང52ཡོད་ལ། མལ་ཁྲི300ལྷག་ཡོད་པས། ན་ནིང་སྡེ་བ་ཡོངས་ཀྱིས་ལྗོངས་སྐོར་པ་མི20000ལྷག་སྣེ་ལེན་བྱས་པ་དང་། དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི68ལྷག་ཡོད་འདུག
ཐོན་ལས་དར་བ་དང་། འཚོ་བའང་བདེ་སྐྱིད་ལྡན་པར་གྱུར། ཅ་ཅུ་སྡེ་བར་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་བའི་སྐྱིད་མཚོ་ལགས་ཀྱིས་གསར་འགོད་པར། ན་ནིང་། སྡེ་བར་ཏང་ཡོན་རྣམས་ཀྱི་བྱེད་སྒོ་སྤེལ་ཁང་འཛུགས་བསྐྲུན་བྱས་པར་མ་ཟད། ནོར་གནག་གསོ་སྤེལ་གྱི་རྟེན་གཞིའི་རྣམ་གྲངས་ཀྱང་བསྒྲུབས་ཟིན་པས། ཕྱུག་འགྱུར་གྱི་ལམ་ཁ་སྔར་བས་ཡངས་པར་བྱས་ཡོད། ད་ལྟ། སྡེ་བ་ཡོངས་ཀྱི་ཁོར་སྲུང་དང་། སྨན་བཅོས། སློབ་གསོ་སོགས་ལས་དོན་ཐམས་ཅད་དབྱར་མཚོ་རྒྱས་པ་བཞིན་དུ་དར་བར་གྱུར། ཅེས་བཤད།
ད་ལོར་ཡང་ང་ཚོས་འབད་པ་ཆེན་པོ་བྱས་ཏེ། སྡེ་བ་ཡོངས་རྫོགས་འཕེལ་རྒྱས་ཀྱི་ལམ་ཁ་སྔར་བས་བཟང་པར་བགྲོད་ཐུབ་པར་བྱ་ངེས་ཡིན། ཞེས་སྐྱིད་མཚོ་དང་། སྡེ་བའི་བཅའ་སྡོད་ལས་བྱེད་རུ་ཁག་གི་ལས་བྱེད་པ་རྣམས་ཀྱིས་རེག་ཟིག་ཅིག་ཏུ་བྲིས་འདུག་ལ། རེག་ཟིག་དེར་ད་ལོར་སྡེ་བར་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་འགའ་སྟེ། མདངས་ལྡན་ནགས་ཚལ་ར་བ་བཟོ་བསྐྲུན་དང་། གཟུགས་མིན་ཤུལ་བཞག་རིག་གནས་རྒྱུད་སྦྱོང་ཁང་འཆར་བཀོད་དང་། ལྗོངས་སྐོར་པ་ཚོས་ཉམས་སུ་མྱང་ཆོག་པའི་ལྗོངས་སྐོར་གནས་གཞི་ཇེ་མང་དུ་གཏོང་བ་སོགས། ལོ་འདིའི་འཆར་གཞི་རྣམས་ངོ་སྤྲོད་བྱེད་ཀྱིན། སེམས་པ་སྤོབས་པས་ཁེངས་འདུག
བཅར་འདྲི་མཇུག་རྫོགས་ཏེ། རང་ཡུལ་དུ་ལོག་བཞིན་ཕྱིར་མིག་ཅིག་འཕངས་པ་ན། ཚོན་མདངས་རྣམ་པར་བཀྲ་བའི་བོད་གྲོང་རྣམས་གཞུང་ལམ་གྱི་རྒྱུད་དུ་ཆགས་ཤིང་། རི་མོ་མཁན་གྱིས་པུར་གྱིས་བྲིས་པ་ལྟ་བུའི་སྡེ་བའི་འཕེལ་རྒྱས་གང་དེ་དཔྱིད་དཔལ་གྱི་ངོ་མཚར་བའི་མཛེས་སྡུག་གིས་རྣམ་པར་བརྒྱན་འདུག་ལ། སྐྱེ་བོ་ཀུན་ངོ་མཚར་བའི་ཡུལ་དེའི་མཛེས་སྡུག་གིས་ར་ཡིས་བཟིས་པ་བཞིན་དུ་གྱུར་འགུག་གོ །