སི་ཁྲོན་ཞིང་ཆེན་གྱིས་རྩྭ་ཐང་གླིང་ཁུལ་ཆེན་པོ་གཉིས་འདི་ལོར་བསྐྲུན་འགོ་ཚུགས་རྒྱུ།
རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-12
ད་ལོའི་ལོ་འཁོར་ནང་སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་རྩྭ་ཐང་གི་ཡུལ་སྐོར་གླིང་ཁུལ་དང་ཞིང་ཆེན་རིམ་པའི་རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འདུས་ཁུལ་གཉིས་བསྐྲུན་འགོ་ཚུགས་རྒྱུ་ཡིན་ཞིང་། ལོ10ཡས་མས་ཀྱི་དུས་ཚོད་སྤྱད་དེ་འབྲོག་ཁུལ་ཚང་མར་ཁྱབ་གང་ཐུབ་བྱ་རྒྱུ་ཡིན་པ་རེད།
ཞིང་ཆེན་རིམ་པའི་རྩྭ་ཐང་ཡུལ་སྐོར་གྱི་གླིང་ཁུལ་དེ་སི་ཁྲོན་གྱི་ནུབ་བྱང་དང་ལིའང་ཧྲན་ཆེ་ཆུང་གཉིས་ཀྱི་རྩྭ་ཐང་གི་གཞུང་ལམ་རྒྱབ་རྟེན་བྱས་ནས། རྩྭ་ཐང་གི་ཡུལ་ལྗོངས་དང་མི་རིགས་ཀྱི་རིག་གནས། དམངས་སྲོལ་གོམས་གཤིས་བཅས་དང་ཟུང་འབྲེལ་བྱས་ནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུ་རེད།ཞིབ་ཕྲ་བཤད་ན་ལྕགས་ཟམ་རྫོང་ནས་འབའ་ཐང་རྫོང་བར་དང་། ཝུན་ཁྲོན་རྫོང་ནས་སྡེ་དགེ་རྫོང་བར། ཝུན་ཁྲོན་རྫོང་ནས་མཛོད་དགེ་རྫོང་བར་གྱི་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ1600དེ་ས་ཁོངས་ཀྱི་ཚོད་འཛིན་མེད་པ་བཟོས་ནས་གཅིག་གྱུར་གྱིས་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།
ཞིང་ཆེན་རིམ་པའི་རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འདུས་ཁུལ་ནི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབྲོག་ཁུལ་གྱི་གཞུང་ལམ་བརྒྱུད་ཡུལ་ལ་གཟན་རྩྭ་འདེབས་འཛུགས་དང་། ཕྱུགས་ལས་ཐོན་རྫན་ལས་སྣོན། སྐྱེ་ཁམས་ཀྱི་ལྟ་སྐོར་ལས་རིགས་ལུགས་མཐུན་ངང་སྤེལ་ནས་ཐོན་ལས་དང་པོ་གཉིས་པ་གསུམ་པ་གཞི་མཐུན་མཉམ་འདྲེས་བྱེད་པ། ས་བབ་མཐོ་བའི་ས་ཁུལ་དུ་འཚོ་བ་བྱེད་བཞིན་པའི་འབྲོག་པ་ཚོ་ས་བབ་དམའ་བ་དང་ས་ཞིང་གི་ཐོན་ཚད་ཆེ་བའི་གཞུང་ལམ་གཞོགས་གཉིས་སུ་སྤོ་བཅུག་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བ་བྱ་རྒྱུ་རེད།
སི་ཁྲོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་པོ་ལྔའི་ཡ་གྱལ་ཡིན། ད་ལྟ་རྩྭ་ཐང་མུའུ་དུང་ཕྱུར3.13ཡོད། བེད་སྤྱོད་བྱ་ཆོག་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར2.12ཡན་ཆད་བརྒལ་ནས་གཞི་ཁྱོན་བསྡོམས་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས་པ་རེད།