༄༅། །ཞང་བོད་རིག་གནས་དང་རྒྱལ་རོང་སྐོར་ལས་འཕྲོས་པའི་གཏམ།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-11


         

               སྤྱིར་བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཅུང་ཡོད་པའི་མི་ཞིག་ཡིན་ནས་བཟུང་རྒྱལ་མོ་རོང་དེ་བོད་རིགས་ཡིན་མིན་སྐོར་ལ་ཐེ་ཚོམ་ཏིལ་འབྲུ་ཙམ་ཡང་ཟ་མི་དགོས་རུང་། དེང་སྐབས་རྒྱ་ཡིག་ལ་མཁས་ཉམས་ཆེ་བའི་མི་རེ་ཟུང་གིས་སྐད་བརྡ་རིག་པ་སོགས་ཀྱི་ཁུངས་ལུང་མང་དག་དྲངས་ནས་རྒྱལ་རོང་གི་སྐད་དེ་བོད་སྐད་ལས་གཞན་པའི་སྐད་རིགས་ཤིག་ཡིན་པ་དང་རྒྱལ་རོང་བོད་རིགས་ཀྱང་ཧ་ལམ་མ་ཡིན་པའི་འཁྱོག་གཏམ་རྙོག་འཛིང་ཆེ་བ་མང་དག་སྤེལ་བཞིན་འདུག གལ་ཏེ་རྒྱལ་རོང་སྐོར་ལ་ཞིབ་འཇུག་གནང་མཁན་ཚོས་རྒྱའི་ཡིག་ཚང་ཁོ་ན་ལ་གཞིར་བཟུང་ན་རྒྱལ་རོང་གི་ལོ་རྒྱུས་ཁུངས་གཙང་མ་ཞིག་བཙལ་དཀའ་བ་ང་ཚོས་ཤེས་བཞིན་པ་ལྟར་རེད། དེ་བས་ང་ཚོས་རྒྱལ་རོང་ལ་ཞིབ་འཇུག་གནང་སྐབས་ཐོག་མར་བན་བོན་གྱི་གནའ་དཔེ་དང་། ཞང་བོད་ཀྱི་གནའ་བོའི་ཤེས་རིག་ལོ་རྒྱུས་མང་དག་དཔྱད་གཞིར་འཛིན་ན་གཞི་ནས་བན་བོན་གྱི་ཕྱོགས་རིས་བྲལ་བའི་རྒྱལ་རོང་གི་ལོ་རྒྱུས་ཡང་དག་པ་ཞིག་ཤེས་ཐུབ་རྒྱུ་གདོན་མི་ཟའོ། །འུ་ཅག་རྗེས་རབས་པ་ཚོས་རྒྱལ་རོང་སྐོར་ལ་མུ་མཐུད་ནས་མཐོང་ཆེན་དང་ཞིབ་འཇུག་ལེགས་པོ་ཞིག་མ་བྱས་ན་ནམ་ཞིག་བོད་མི་རང་གིས་རྒྱལ་རོང་གི་ལོ་རྒྱུས་འབྱུང་ཁུངས་ཡང་དག་པ་ཞིག་བཤད་མི་ཤེས་པར་གྱུར་ནས་ལོ་རྒྱུས་འཁྱོག་བཤད་བྱེད་མཁན་དེ་དག་གི་བཤད་སྟངས་དེ་ཚད་མར་འཛིན་པའི་ཉེན་ཁ་ཆེ་འདུག་པར་དོགས་ནས་འདིར་གནའ་བོའི་བན་བོན་སྐོར་གྱི་དཔྱད་གཞིའི་ཡིག་རིགས་མང་དག་བཙལ་བ་དང་རྒྱལ་རོང་ཡུལ་དུ་ཐེངས་མང་སོང་ནས་རྒྱལ་རོང་བོད་ཡིན་པས་མ་ཚད་རྒྱལ་རོང་ལ་ཞང་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཡོད་ཚུལ་སྐོར་ཅུང་ཟད་བཤད་པར་བྱའོ། །   

    《གངས་རྒྱལ་ཏི་སེའི་དཀར་ཆག》ཞེས་པ་ལས། གངས་ཀྱི་རྒྱལ་པོ་ཏི་སེ་ཞེས་བྱ་བ། །ཆུ་བོ་བཞི་ཡང་དེ་ཡི་རྨང་ནས་འབབ། །ལན་གསུམ་བསྐོར་ན་མཚམས་མེད་ལྔ་ཡང་དག །གཏན་ཚིགས་དེའི་ཕྱིར་གངས་ཀྱི་རྒྱལ་པོ་ཞེས། །ཐོག་མར་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས། །ཕུག་ཏེ་ཞང་ཞུང་རྒྱལ་གཤེན་བཅོ་བརྒྱད་དེ། །བར་ལ་དབུས་གཙང་ལྷོ་བྱང་ཀུན་ཏུ་ཤེས། །སྒོ་དེ་སུམ་པ་གླིང་གི་གྱིམ་ཤོད་དུ། །སྦས་པའི་ཤོད་ཆེན་བཅོ་བརྒྱད་རྒྱལ་མོ་རོང་། །ས་ཀུན་ཞང་ཞུང་མི་རྣམས་ཞང་ཞུང་གྲགས། །ཞེས་པའི་ཚིག་འདིས་ཤར་རྒྱལ་མོ་ཚ་བ་རོང་དེ་ཡ་ཐོག་གི་དུས་ནས་ཞང་ཞུང་གི་མངའ་ཁོངས་སུ་གཏོགས་ཡོད་པ་གསལ་པོ་ཤེས་ཐུབ།
      སྤྱི་ལོའི་སྔོན་གྱི་དུས་རབས་ཉི་ཤུ་བའི་ལོ་རབས་གཉིས་པའི་ནང(སྤྱི་ལོའི་སྔོན་གྱི་1917ལོ)ཤིང་བྱི་གཅིག་དཀར་གྱི་ལོའི་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཉིན་བོན་གྱི་སྟོན་པ་གཤེན་རང་མི་བོ་ཆེ་དེ་ཉིད་ཞང་ཞུང་ཡུལ་དུ་སྐུ་འཁྲུངས་པ་ནི《མདོ་གཟེར་མིག》དང་། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》《ཞང་བོད་ལོ་རྒྱུས་ཏི་སེའི་འོད་སྣང》《བོད་ཀྱི་ལོ་རྒྱུས་པད་མའི་རྭ་གའི་ལྡེ་མིག》སོགས་ཀྱི་འདོད་པ་གཅིག་མཐུན་ཡིན། སྐབས་དེར་ཞང་ཞུང་རྒྱལ་པོ་ཁྲི་ཨེར་གསེར་གྱི་བྱ་རུ་ཅན་ཟེར་བ་དེས་ཞང་ཞུང་སྒོ་ཕུག་བར་གསུམ་སྟེ་གངས་རི་ར་བས་བསྐོར་བའི་ལྗོངས་ཀུན་དབང་བསྒྱུར་བྱས་ནས་རིམ་བཞིན་རྒྱལ་རབས་བཅོ་བརྒྱད་བྱུང་ཡོད་པ་དང་། དུས་མཚུངས་སུ་གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་དང་རིག་གནས་སྤེལ་ཏེ་ཡུལ་འདི་བོན་གྱི་ཤེས་རིག་གིས་དབང་བསྒྱུར་བྱེད་པའི་སྲོལ་རྒྱུན་གྱི་བརྒྱུད་པ་ལ་བོན་གྱི་བླ་རབས་བཅོ་བརྒྱད་དང་རིང་བརྒྱུད་བླ་རབས་ཉེར་བཞི་སོགས་བྱུང་ཡོད། སྟོན་པ་གཤེན་རབ་མི་བོ་ཆེས་བདུད་ཁྱབ་པ་ལག་རིང་སོགས་བདུད་རྣམས་འདུལ་དུས་སུ་བོད་དུ་ཐོག་མ་ཞབས་བཅགས་ནས་ཀོང་པོ་ཕོན་རི་སོགས་རྒྱལ་མོ་དམུ་རྡོའི་རི་ནས་སྟོང་རྒྱུང་སོགས་བཞུགས་པའི་འདུལ་ཞིང་དུ་གཟིགས་ཚུལ་ནི་ཡོངས་གྲགས་གྱི་ལོ་རྒྱུས་རྣམས་ལས་ཞང་ཞུང་དང་རྒྱལ་རོང་བར་འབྲེལ་བ་ཡོད་པ་གསལ་པོ་མཐོང་ཐུབ། 
ཡ་ཐོག་ཞང་བོད་མི་རིགས་དང་རྒྱལ་རོང་གི་རིགས་རུས་སྐོར།
      རླངས་དཔལ་གྱི་སེང་གེའི་ཞལ་ནས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་རྒྱུད་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ། ཞེས་གསུངས་པ་ལྟར་ན་མི་རིགས་རང་གིས་རང་ཉིད་ཀྱི་ལོ་རྒྱུས་ཡང་དག་པ་ཞིག་མ་ཤེས་ན་ཧ་ཅང་ངོ་ཚ་བའི་གནས་སུ་གྱུར། དེས་ན་འདིར་བཤད་བྱ་གཙོ་བོ་ནི་རྒྱལ་རོང་གི་སྐོར་ཡིན་པས་ཐོག་མར་རྒྱལ་རོང་གི་རིགས་རུས་དང་། རྒྱལ་རོང་གི་ལོ་རྒྱུས། རྒྱལ་རོང་གི་སྐད་ཡིག རྒྱལ་རོང་གི་རིག་གནས། རྒྱལ་རོང་གི་རྒྱལ་རབས་སོགས་ངོ་སྤྲོད་བྱ་རྒྱུ་དགོས་གལ་ཆེ་འདུག་སྙམ།
      ད་ལྟར་འཛམ་གླིང་དུ་གངས་ཆེན་མོ་ཏི་སེའི་བརྒྱུད་ནས་འགྲོ་བ་མིའི་རིགས་རིམ་བཞིན་ཆད་པ་ཡིན་པའི་ཡོངས་གྲགས་ཀྱི་འདོད་པ་ལྟར་ན་རི་བོ་ཆེན་པོ་དེའི་ཉེ་འགྲམ་དུ་འཚོ་བ་རོལ་བཞིན་པའི་བོད་ཀྱི་མི་རིགས་འདི་ནི་གདོད་མའི་མི་རིགས་ཡིན་པ་སྨོས་མ་དགོས། སྔོན་བྱོན་མཁས་དབང་རྣམས་ཀྱིས་གཏམ་དང་དེབ་ཐེར་དག་ཏུ་ཁ་བ་ཅན་དང་། གངས་ཅན་པ། ཞང་ཞུང་། བྷོ་ཊ། སུམ་རྩེན་ཡུལ། བོན། བོད་ལ་སོགས་པའི་མིང་གི་བརྗོད་སྲོལ་དུ་མ་རྣམས་དེང་གི་དུས་རབས་འདིར་ཀུན་གྱི་སྣང་ངོར་གཏན་འཇགས་སུ་གྱུར་པའི་ཐ་སྙད་ནི་བོད་རིགས་ཟེར་བ་འདི་ཡིན་ནོ། །དེང་སྐབས་བོད་ཀྱི་ལོ་རྒྱུས་བཤད་སྐབས་ཐོག་མ་ཡ་ཐོག་ཞང་ཞུང་ལ་ཁུངས་གཏུག་དགོས་པ་ནི་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་དང་ནམ་མཁའི་ནོར་བུ་སོགས་ཀྱིས་གསལ་པོར་བཤད་ཟིན་པས་འདིར་ངལ་བར་བྱ་བའི་དགོས་པ་མི་འདུག་སྙམ།
      ཞང་ཞུང་གི་མི་རྒྱུད་ལས་ཆད་པའི་རུས་ཆེན་གྱི་གཙོ་བོ་ནི། བསེ་ཁྱུང་སྦྲ་ཞེས་སུ་གྲགས་པ་དེ་ཡིན། སྤྱིར་བཏང་བསེ་ཁྱུང་སྦྲ་ཞེས་པ་དེ་སྦྲ་ལ་བསེ་ཁྱུང་ཞེས་པའི་ཁྱད་ཆོས་ཀྱི་ཚིག་སྦྱར་བའི་ཟོལ་འདྲ་བ་སྣང་མོད། དོན་དུ་སྦྲའི་ནང་ཁོངས་སུ་གཏོགས་པའི་རུས་ཆེན་བྱེ་བྲག་པ་འགའི་ཐ་སྙད་ཅིག་ཡིན་ལ། ཞང་ཞུང་གི་མི་རྒྱུད་དེ་དག་གཙོ་ཆེར་ཁྱུང་གི་རུས་ཆེན་ལས་གྱེས་པ་ཡིན་སྟབས། ཡུལ་ལའང་ཁྱུང་སྡེ་ཟེར། སྤྱི་རྒྱལ་མོ་རོང་གི་རྗེ་འབངས་ཐམས་ཅད་ཀྱི་གདུང་རྒྱུད་ཡང་དག་པ་ཐམས་ཅད་ནི་སྦྲ་ཁོ་ན་ཡིན་པར་བཞེད་ལ། རིགས་དེ་རྣམས་ལ་རྒྱལ་རོང་རང་སྐད་ཀྱིས་ང་ཤུལ་ཙ་ང་ཤིས་ཙ་ངས་ཕུ་ཉེ་ཡང་ཟེར་རོ། །བོད་མི་བུ་གདོང་དྲུག་གི《རུས་མཛོད་མེ་ཏོག་སྐྱེད་ཚལ》ཞེས་བྱ་བ་ལས། བསེ་ཁྱུང་སྦྲ་ནི། སྔོན་སྤྲེའུ་བྱང་ཆུབ་སེམས་དཔའ་རང་གི་མི་ཚན་བཞིར་བཅད་པའི་ནང་གི་བསེ་ཞེས་པ་དེ་ཡིན། དེ་ལ་བསེ་ཁྱུང་སྦྲ་ཞེས་ཟེར་ཏེ། ཇི་སྐད་དུ། སྦྲ་མིང་སྣ་ཅན་ཞེས་པ་ཕྱུག་དཔལ་ཆེ། །ཞེས་དང་། གནའ་སྒྲུང་ལས། འགག་དོག་མོ་གསུམ་ནི་སྦྲ་ལ་ཐོབ། །སྦྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་། །ཞེས་སོགས་ཀྱི་དཔེ་མཚོན་གྱིས་མདོ་ཁམས་འདི་ནི་རོང་ཆེན་བཞིའི་བྱེ་བྲག་ཤར་རྒྱལ་མོ་རོང་སོགས་རོང་གི་འགག་དོག་མོར་གནས་པའི་དོན་ཡིན་པ་ཤེས་ཐུབདམ་པ་ཁྱུང་གི་གདུང་རབས་དངོས་རྒྱལ་རོང་དུ་མཆེད་ཚུལ་ནི། ཀུན་ཏུ་བཟང་བོའི་སྤྲུལ་བ་རིག་སྣང་འོད་ཀྱི་རྒྱལ་ཞེས་བྱ་བས་འགྲོ་བའི་དོན་ལ་དགོངས་ནས་སྐུ་གསུང་ཐུགས་ལས་སྤྲུལ་བའི་བྱ་ཁྱུང་གསུམ་ཞང་ཞུང་གི་ཁ་ཡུག་མེ་ཏོག་མཛེས་པའི་ཚལ་འབབ། དེ་ལ་ཞང་ཞུང་གི་མི་རྣམས་ངོ་མཚར་སྐྱེས་ནས་མཐོང་མ་མྱོང་བའི་འདང་ཆགས་ཟེར་བ་ལ་རྒན་པོ་ཁ་ཅིག་ན་རེ། རྭ་ཅོ་འདུག་པས་ཁྱུང་ཕོ་ཡིན་འདུག་ཟེར། དེར་ཁྱུང་གསུམ་དབྱིངས་སུ་འཕུར་ནས་སོང་བའི་ཤུལ་དུ་བལྟས་པས་སྤར་མོ་ས་ལ་རེག་པའི་དྲོད་རླངས་ལས་སྒོ་ང་དཀར་ནག་སོགས་ཁག་བཞིར་འདྲིལ་བ་བརྡོལ་བའི་ནང་ནས་མཚན་དང་ལྡན་པའི་ཁྱེའུ་རེ་རེ་བྱུང་བས་མིང་ཡང་ཁྱུང་ཕོ་ཞེས་བཏགས་སོ། །ཆེ་བ་ཁྱུང་དཀར་ཐོག་ལ་འབར། དེ་འོག་བྱུང་བསེ་ལྷ་ཁྱུང་། དེ་འོག་ཁྱུང་འཕགས་ཁྲ་མོ། ཆུང་བ་དམུ་ཁྱུང་རྒྱན་ཞེས་གྲགས། དེ་དག་གི་རིན་ཆེན་བླ་རྡོའི་ཕ་བོང་རེ་རེ། མ་བརྩིགས་པའི་རིན་ཆེན་སྐུ་མཁར་རེ་རེ། མ་བསྐྱིལ་བའི་གཡུ་ཡི་མཚོ་མོ་རེ་རེ། དེ་རྣམས་ཀྱིས་མངའ་བདག་ཏུ་མཛད་ཅིང་། མཁར་རེ་རེ་བཞེངས། ཐང་སྟག་ཁྱུང་འཕགས་ཁྲ་མོས་ཀྱང་གསས་ཁང་ལྷ་རྩེ་གུང་ནང་བཞེངས་ཤིང་། ཚེའི་རིག་འཛིན་བརྙེས་པས་ཞང་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་བླ་ཡི་མཆོད་གནས་མཛད་པའི་མཐར་གཡུ་འབྲུག་སྔོན་མོའི་ཆིབས་སུ་བཞོན་ཏེ་མདོ་སྨད་རྒྱལ་མོ་རིང་དུ་བྱོན་ནས་རྒྱལ་རོང་གི་བྲོ་ཟ་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས། དེ་ལས་བུ་འབོར་བཞི་འཁྲུངས་པས་གཡུང་དྲུང་བུ་བཞི(ཀུན་སློང་བུ་ཙ། ཁྲོ་ཙ། དབང་ཙ། དགེ་ཤིས་ཙ།)རུ་གྲགས་སོ། །བཤད་སྲོལ་དེ་ནི་ལྷ་སྒྲུང་གི་ཟོལ་ཅུང་འདྲེས་རུང་བོད་ཀྱི་ལོ་རྒྱུས་ནང་གི་ཡོངས་གྲགས་ཀྱི་བཤད་སྲོལ་ཞིག་ཡིན་ལ། དོན་དངོས་ལ་གཞིགས་ན། ཁྱུང་འཕགས་ཁྲ་མོས་གཡུང་དྲུང་བོན་གྱི་བསྟན་པ་རྒྱལ་རོང་དུ་སྤེལ་ཕྱིར་ཁོང་མི་གཅིག་པུ་མ་ཡིན་པར་ཁོང་དང་མཉམ་དུ་ཞང་ཞུང་གི་ཤེས་རིག་དང་། ལག་རྩལ་པ། གཡུང་དྲུང་བོན་ཆོས་སྤེལ་མཁན་སོགས་ཀྱི་ཕུལ་བྱུང་རིག་གནས་པ་མང་དག་ཁྲིད་ནས་རྒྱལ་མོ་ཚ་བ་རོང་དུ་གནས་སྤོས་ཡོང་བ་ཤེས་ཐུབ། དེ་ཡང《བོན་གྱི་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ》ཡི་མཇུག་བྱང་ལས། དལ་འབྱོར་སྟོབས་ཆེན་ཁྲོ་ཆེན་རྒྱལ་པོ་ཡི། །གདུང་རབས་ལོ་རྒྱུས་མདོ་ཙམ་ཞིག་བསྟན་ན། །སྔོན་ཚེ་སྟག་གཟིག་འོལ་མོའི་གླིང་ཆེན་དུ། །དམུ་རྒྱལ་འཁོར་ལོ་དབང་བསྒྱུར་ཡང་ཡུམ་ལ། །སྲས་དྲུག་འཁྲུངས་པའི་གཅེན་པོ་དམུ་ཡི་རྗེ། །དེ་ནས་མི་རབས་མང་པོ་སོང་རྗེས་སུ། །ཐང་སྟག་ཁྱུང་འཕགས་ཁྲ་མོ་ཞེས་བྱ་དེས། །རྫུ་འཕྲུལ་གོམ་པས་མདོ་ཁམས་ཀུན་ཏུ་བཀོད། །ཤར་ཕྱོགས་རྒྱལ་མོ་རོང་གི་ཡུལ་དུ་བྱོན། །ལྷ་མོ་དཀར་མོ་མདངས་ལྡན་ཁབ་ཏུ་བཞེས། །དེ་ནས་དབུ་འབོར་གཡུང་དྲུང་བུ་བཞི་དང་། །བུ་དྲུག་བུ་བརྒྱད་ལ་སོགས་གྲོལ་ཚུལ་རྣམས། །ཞིབ་པར་རྒྱལ་རབས་ཤེལ་དཀར་ཕྲེང་བ་གསལ། །ཞེས་སོགས་ལས་ཁྱུང་གི་རུས་རྒྱུད་དེ་ནི་མདོ་སྨད་དང་རྒྱལ་མོ་རོང་དུ་མཆེད་ནས་ཁྲོ་སྐྱབས་རྒྱལ་པོ་ཡང་དམ་པ་ཁྱུང་གི་གདུང་རྒྱུད་ཡིན་ཚུལ་གསལ་པོར་བཏོན་ཡོད།འོ་ན་ཁྱུང་འཕགས་ཁྲོ་མོ་རྒྱལ་རོང་ཡུལ་ལ་མ་ཕེབས་པའི་གོང་དུ་རྒྱལ་རོང་ས་གནས་སུ་གདོད་མའི་མི་རིགས་གང་འདྲ་ཡོད་དམ་ཞེ་ན། རོང་བྲག་གནས་འགོ་དགོན་པའི་མཆོག་སྤྲུལ་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་གསུངས་པ་ལྟར་ན། ད་ལྟ་རོང་བྲག་གི་ཉ་ག་དང་། སྤྲོ་སྣང་། ཇ་གྱུ། བྲག་སྟེང་སོགས་རྒྱལ་མོ་དམུ་རྡོའི་ཉེ་སྐོར་གྱི་མི་རྣམས་ཀྱི་རུས་ནི་སྔོན་ཆད་སྒ་དང་སྒོ་ཡིན་ཟེར། རྒྱལ་རོང་ས་གནས་ཀུན་ཏུ་ཨ་མྱེས་སྒོ་གདོང་ཞེས་པའི་གཏམ་རྒྱུད་ངོ་མཚར་བ་ཞིག་བཤད་སྲོལ་ཡོད་འདུགཨ་མྱེས་སྒོ་གདོང་གི་ཕའི་རུས་རྒྱུད་སྒ་དང་མའི་རུས་རྒྱུད་སྒོ་ཡིན་པའི་བཤད་སྲོལ་དང་།ད་དུང་ས་གནས་དེ་དག་གི་ཉིན་སྲིང་གཉིས་ལས་ཉིན་མོར་གནས་པའི་མི་རྣམས་ཀྱི་རུས་རྒྱུད་སྒ་དང་སྲིང་ངོར་གནས་པའི་མི་རྣམས་ཀྱི་རུས་རྒྱུད་སྒོ་ཡིན་པའི་བཤད་སྲོལ་འདུག དེ་ལའང་རྒྱུ་མཚན་ཅུང་འདུག་སྙམ་སྟེ། རྒྱལ་རོང་ལ་སྒ་རུས་ཡོད་པ། དཔེར་ན། ཤྰཀྱ་མཆོག་ལྡན་གྱིས་མཛད་པའི《རོང་སྟོན་ཆེན་མོའི་རྣམ་ཐར》ལས། བདག་ཉིད་ཆེན་པོ་འཁྲུངས་ཡུལ་ནི། སྤྲུལ་བའི་ལོ་ཙྰ་བ་བེེ་རོ་ཙ་ན་ནས་ཡུན་རིང་མོར་བཞུགས་ཤིང་བྱིན་གྱིས་བརླབས་པའི་ས། ཤར་རྒྱལ་མོ་དངུལ་ཆུའི་འགྲམ་གྱི་ཡུལ་ལྗོངས་དགེ་མཚན་ལྡན་པ་ཞིག་གོ །རིགས་ནི་རུས་ཆེན་སྒ་ཞེས་པའོ། །ཞེས་འབྱུང་བ་ལྟར་རོ། །གཞན་ཡང་། 《འབྱུང་རྩིས་ཉེར་མཁོ་བུམ་བཟང》ལས། གདོང་ནི་ས་ཁམས་ཤ་ལ་བླ། །འབྲུ་ནི་ཆུ་ཁམས་གཡག་ལ་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །སྒོ་ནི་མེ་ཁམས་ར་ལ་བླ། །སྒ་ནི་ཤིང་ཁམས་ལུག་ནི་བླ་ཞེས་པས། སྒ་ཡི་བླ་ནི་ལུག་དང་། སྒོ་ཡི་བླ་ནི་ར་ཡིན་པར་བསྟན། དོན་དུ་རྒྱལ་རོང་གི་གནས་མང་ཆེ་བ་བྲག་རོང་སོགས་འགག་དོག་པོའི་ཡུལ་དུ་གནས་པས་ར་ལུག་འཚོ་སྐྱོང་བདེ་ཞིང་། ཁ་ལ་ར་ལུག་འོ་མ་འཐུང་ཞིང་། རྒྱབ་ཏུ་ར་ལུག་སྤུ་ལས་བཟོས་པའི་ལྭ་བ་དང་ར་ལུག་པགས་པ་གྱོན་སྲོལ་ད་ལྟའང་མ་ཉམས་པར་ཡོད། གནས་ཆེན་རྒྱལ་མོའི་དམུ་རྡོའི་བླ་ཡང་ར་ཡིན་པ་དང་། རྒྱལ་མོ་དམུ་རྡོའི་གཞི་བདག་གི་ཐང་ཀའི་རི་མོ་ལའང་ར་སྤུས་བཟོས་པའི་སྟོད་ཁེབས་མནབས་པ་ཞིག་འབྲི་སྲོལ་འདུག ཚོད་དཔག་བྱས་པར་གཞིགས་ན། གདོད་མའི་རྒྱལ་རོང་བ་ནི་ཟས་སུ་རི་དྭགས་བདའ་བ་དང་། ཤིང་འབྲས། སྔོ་རིགས་སོགས་ལ་འཚོ་བ་བརྟེན་དགོས་སྟབས་ཕལ་ཆེར་ས་མཐོ་ས་དང་། བྲག་གཟར་ས་སོགས་སུ་འཚོ་བ་སྐྱེལ་བཞིན་ཡོད་པ་འདྲ། སྐབས་དེར་གདོད་མའི་བོན་ཆོས་སོགས་ཀྱང་མང་དག་དར་ཞིང་། ཁྱུང་འཕགས་ཁྲ་མོ་རྒྱལ་རོང་ཡུལ་དུ་ཕེབས་རྗེས་ཁྱུང་གི་གདུང་རྒྱུད་རྣམས་ཆུ་རྒྱུད་དང་ཞིང་ས་སོགས་ས་ཆ་བདེ་སར་ཆགས། འོག་གི་རྒྱལ་རོང་གི་རྒྱལ་ཕྲན་ཁག་གི་རྒྱལ་པོའི་རྒྱལ་རྒྱུད་ཀྱང་ཁྱུང་གི་གདུང་རྒྱུད་གཙང་མ་བསྐོས་པའི་སྲོལ་དར། དེ་ནས་བཟུང་ཁྱུང་གི་གདུང་རྒྱུད་དེ་རྒྱལ་རོང་ཡུལ་ཁམས་ཙམ་དུ་མ་ཟད། མི་ཉག་དང་རེབ་གོང་། ཉག་རོང་སོགས་སུ་མཆེད་དོ། །
ཞང་ཞུང་གི་སྐད་ཡིག་དང་རྒྱལ་རོང་གི་སྐད་ཡིག་སྐོར།
      《རྒྱལ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང》ལས། གངས་ཅན་བོད་དེ་ཁམས་སམ་མདོ་སྨད་དབུས། །ཤར་ངོས་ཆུ་བཞི་སྒང་དྲུག་ལ་ཆགས་ཏེ། །འབྲི་རྫ་སྒང་དང་ཚ་སྒང་སྨར་ཁམས་སྒང་། །སྤོར་འབོར་སྒང་དང་རབ་སྒང་རྨ་རྫ་སྒང་། །རྔུལ་ཆུ་ཟླ་ཆུ་འབྲི་ཆུ་རམ་ཆུའི་རྒྱུད། །ཚ་རོང་ཀོང་རོང་སྟག་རོང་རྒྱལ་མོ་རོང་། །རོང་བཞི་ཤོད་བརྒྱད་ཁོག་དགུ་གྲགས་པ་ལ། །མི་རྒྱུད་དབྲ་འབྲུ་ལྡོང་གསུམ་སྒོ་དང་བཞི། །ནུ་བོ་དཔལ་ཟླ་གཉིས་དང་མི་ཚོ་དྲུག །ཞང་ཞུང་སྐད་རིགས་མང་ཡང་བསྡུས་པ་ནི། །ཕུག་པའི་སྐད་དང་སྒོ་པའི་སྐད་དང་གཉིས། །བར་བའི་སྐད་དང་ཕལ་བའི་སྐད་བཞི་ལས། །ཞང་ཞུང་སྨར་གྱི་སྐད་དེ་སྒོ་པའི་སྐད། །ཞེས་པ་སོགས་ཀྱིས་རྒྱལ་མོ་རོང་གི་སྐད་དེ་ཞང་ཞུང་སྒོ་པའི་སྐད་ཡིན་ཚུལ་བསྟན་ཡོད། སྤྱིར་ལོ་རྒྱུས་ཀྱི་རིན་ཐང་གཙོ་བོ་ནི་ཤེས་རིག་དང་རང་གི་སྐད་ཡིག་རང་རྐྱ་ཐུབ་པ་ཞིག་ཡོད་མེད་ལ་ཐུག་ཡོད། དེ་དག་གི་རྩ་བ་ནི་སྐད་ཡིག་ཡིན་ཞིང་། རྒྱལ་མོ་རོང་གི་ལོ་རྒྱུས་ཞིབ་འཇུག་གནང་མཁན་གྲགས་ཅན་རྒྱལ་རོང་བ་བྲག་བར་དཔལ་ལྡན་དང་བཙན་ལྷ་ངག་དབང་སོགས་ཀྱིས་གསུང་རྒྱུར། སྔོན་ནས་ད་ལྟའི་བར་མདོ་སྨད་རྒྱལ་རོང་གི་སྐད་དེ་ཞང་ཞུང་བོད་སྐད་ཁོ་ན་ཡིན་པས་བརྡ་རྙིང་མ་འགྱུར་བ་ཤས་ཆེ་བས། ཞང་བོད་ཀྱི་སྐད་རང་ཡིན། དཔེར་ན། ལུང་བ་ལ‘གྱེས་ཁ’། ཡུལ་ལ‘ཁྱུང་’། ཡུལ་དཔོན་ལ‘ཁྱུང་རོ’ ། རུ་དཔོན་ལ‘ད་རོ’ ། འགྲོ་ལ‘འདོང་’ ། ཤ་ལ‘རྒྱ་རི’ ། གཅིག་ལ‘ཏེ’ ། བདུན་ལ‘སྣེ’ སོགས་མང་ངོ་། །ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་དབུ་གཙོ། ཞང་བོད་རིག་གནས་ཀྱི་ཞིབ་འཇུག་པ་གྲགས་ཅན་དགེ་རྒན་ཆེན་མོ་བ་ཚེ་རིང་ཐར་གྱིས་ཉེ་ཆར་དར་མདོ་རུ་ཞང་བོད་དང་རྒྱལ་རོང་སྐོར་གྱི་ཆེད་ཁྲིད་གནང་སྐབས། སྔོན་ཆད་འཇར་པན་སོགས་ཕྱི་རྒྱལ་གྱི་སྐད་བརྡ་རིག་པར་ཞིབ་འཇུག་གནང་མཁན་གྱི་མཁས་པ་མང་དག་གིས་ཀྱང་རྒྱལ་རོང་སྐད་དེ་བོད་སྐད་མ་ཡིན་པའི་བཤད་སྲོལ་བཏོན་ཡོད། འོན་ཏེ། ཉེ་རབས་སུ་ཁོ་ཚོས་རྒྱལ་རོང་སྐད་དེ་ཞང་ཞུང་གི་སྐད་ཡིན་པའི་ར་སྤྲོད་གསལ་པོ་བྱུང་ཡོད་གསུང་གིན་འདུག བོད་ཀྱི་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་རྒྱལ་སྤྱིའི་ཚོགས་ཆེན་ཞིག་གི་ཐོག མཁས་པ་ཚོས་རྒྱལ་རོང་སྐད་དེ་བོད་སྐད་མ་ཡིན་པའི་བཤད་སྲོལ་ལ་ལམ་སང་ལན་བཏབ་རྒྱུར། སྐད་བརྡ་རིག་པ་ཁོ་ནའི་ཐོག་ནས་རྒྱལ་རོང་སྐད་དེ་བོད་སྐད་མ་ཡིན་ཟེར་ན་རྒྱུ་མཚན་དེ་འདྲ་མི་འདུག མི་རིགས་ཤིག་གི་སྐད་ལ་ཞིབ་འཇུག་ཡང་དག་པ་བྱ་དགོས་ན་མི་རིགས་དེའི་ལོ་རྒྱུས་འཕེལ་རིམ་གསལ་པོ་ཞིག་ཤེས་དགོས། དཔེར་ན། ཤིང་དང་ལོ་མ་གཉིས་ཕྱིའི་རྣམ་པའི་ཐོག་ནས་ཐོག་ནས་མི་འདྲ་བས་དེ་ཁ་ཁ་རེད་ཟེར་ན་མི་འགྲིག རྒྱལ་རོང་གི་སྐད་དེ་ས་འོག་ཏུ་ནུབ་པའི་ཤིང་གི་རྩ་བ་དང་། དབུས་གཙང་གི་སྐད་དེ་ཤིང་གི་ལོ་མ་ལྟ་བུ་རེད་ཅེས་པའི་ལྟ་བ་བཏོན་པ་རེད།
  སྤྱིར་རྒྱལ་རོང་ཡུལ་དུ་ད་ལྟའང་ཡུལ་ལུང་མི་འདྲ་བ་ལ་ཡུལ་སྐད་མི་འདྲ་བ་མང་དག་བྱུང་ཞིང་གཙོ་བོ་བཙན་ལྷ་དང་བྲག་སྟེང་སོགས་ནི་ཞང་ཞུང་སྐད་དང་། རོང་མིའི་སྐད་ནི་ཁམས་ཕྱོགས་ཀྱི་སྐད། དགེ་ཤིས་ཙ་སོགས་ནི་ས་གནས་རང་གི་སྐད་ཡིན་པའི་བཤད་སྲོལ་འདུག དཔེར་ན་རོང་བྲག་གི་བྲག་སྟེང་སོགས་ཀྱིས་བུ་མོ་ལ‘མི་ཙྭ་ཕོ’དང་། བུ་ལ‘ཀུ་ཆི་ཕོ’ཟེར། གནས་འགོ་དང་དགེ་ཤིས་ཙ་སོགས་ཀྱིས་བུ་མོ་ལ‘སི་མེ’དང་། བུ་ལ‘སྦུ་བྱི’ཟེར། རོང་མི་ཚོས་བུ་མོ་ལ‘བུ་མོ’དང་། བུ་ལ‘བུ’ཞེས་ཁམས་སྐད་དང་ཧ་ཅང་མཚུངས། མཁས་པ་ཁ་ཤས་ཀྱིས“རྒྱ་གར་རྒྱ་ནག་བོད་དང་ཞང་ཞུང་སྐད། །ཅུང་ཟད་འདྲེས་མ་རྒྱལ་མོ་རོང་གི་སྐད། །”ཟེར་བ་ལའང་རྒྱུ་མཚན་གཏན་ནས་མེད་པ་ག་ལ་ཡིན། སྤྱིར་ཧ་ལམ་མི་ལོ་བཞི་སྟོང་ཙམ་གྱི་དུས་རབས་ཀྱི་འཕེལ་འགྱུར་ཁྲོད་སྐད་ཅུང་འདྲེས་འགྲོ་བ་ཡང་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་རིགས་རུས་དང་སྲོལ་ལུགས། སྐད་ལུགས་མི་འདྲེས་པ་ཞིག་ག་ལ་ཡོད་སྲིད། རྒྱལ་རོང་གི་སྐད་ཀྱང་ཚ་ཁོག་རང་མིའི་སྐད་དང་། ཞང་ཞུང་སྐད། ཁམས་སྐད་དང་ཨ་མདོའི་སྐད། རྒྱ་གར་སྐད་དང་རྒྱ་ནག་སྐད་སོགས་འདྲེས་ཀྱང་སྲིད། འོན་ཏེ། རྒྱལ་རོང་ནི་སྔོན་ནས་རི་ལུང་དོག་ཅིང་བྲག་གཟར་བ། མཁར་རྫོང་བཙན་པ་སོགས་ཀྱིས་ཕྱིའི་ཡུལ་དང་འབྲེལ་འདྲིས་དེ་ཙམ་མི་ཆེ་བས་ཡུལ་སྲོལ་དང་སྐད་བརྡ། རིག་གནས་སོགས་ལ་གཞན་པའི་ས་གནས་ལྟ་བུའི་འགྱུར་ལྡོག་དེ་འདྲ་ཆེན་པོ་ཐེབས་མ་ཐུབ། དཔེར་ན་དབུས་གཙང་ལྟ་བུ་ནི་ཆོས་དང་རིག་གནས་ཀྱི་ལྟེ་བ་ཡིན་པས་འཕེལ་རྒྱས་ཧ་ཅང་མྱུར་བས་ད་ལྟ་སྐད་ཀྱང་འགྱུར་བ་ཆེན་པོ་བྱུང་ཟིན་པ་ནི་ཚང་མས་མཁྱེན་གསལ་ལྟར་རེད།
 
      གལ་ཏེ་སྐབས་དེའི་ཞང་ཞུང་གི་སྐད་ཡང་དག་པ་ཞིག་དེ་རིང་བར་རྒྱུན་གནས་ཐུབ་ཡོད་ཚེ་རྒྱལ་རོང་མ་གཏོགས་ས་གནས་གང་ལའང་དེའི་ཆ་རྐྱེན་ལྡན་མེད་པ་འདྲ། རྒྱུ་མཚན་གང་ལགས་ཟེར་ན། ཞང་ཞུང་སྐད་དང་རིག་གནས་ཀྱི་འབྱུང་ཁུངས་མངའ་རིས་ཡིན་ཡང་ཆབ་སྲིད་དབང་བསྒྱུར་དང་། བན་བོན་ཆོས་ལུགས་ཀྱི་འཐབ་རྩོད་འོག་མངའ་རིས་ནི་ཞང་ཞུང་རིག་གནས་གཏོར་བརླག་ཐེབས་ཆེ་ཤོས་ཀྱི་ས་ཆ་ཞིག་ཏུ་གྱུར་ནས་སྐད་དང་རིག་གནས་རྩ་བརླག་ཏུ་གྱུར་པའི་གནས་སུ་ལྷུང་། འོན་ཏེ། རྒྱལ་རོང་ཡུལ་ལ་རྒྱ་ནག་གོང་མ་ཆན་ལུང་གི་སྔོན་དུ་བོན་གྱི་རིག་གནས་ལ་བར་ཆད་ཆེན་པོ་མ་ཐེབས་པས་ཞང་ཞུང་གི་སྐད་དང་རིག་གནས་མ་ཉམས་པར་གནས་ཐུབ་པར་བྱུང་། དཔེར་ན་ལེགས་སྦྱར་གྱི་སྐད་དེ་སྐབས་དེར་རྒྱ་གར་ལ་དར་ཁྱབ་ཆེ་རུང་ད་ལྟ་རྒྱ་གར་ལ་དེ་ཤེས་མཁན་གྱི་མཁས་པ་ཉུང་ཤོས་ཙམ་མ་གཏོགས་ཧ་ཅང་ཉུང་། འོན་ཏེ། བོད་ལ་ད་དུང་དེའི་རྒྱུན་མ་ཉམས་པར་གནས་ཡོད་པ་ནི། རྒྱལ་རོང་དུ་ཞང་ཞུང་གི་སྐད་དང་རིག་གནས་ད་དུང་གནས་ཡོད་པ་གཅིག་མཚུངས་ལྟ་བུ་རེད་སྙམ། ད་ལྟ་རྒྱལ་རོང་གི་སྐད་དེ་ས་གནས་གཞན་དག་གི་བོད་པ་ཚོས་ཅུང་ཉན་དཀའ་བས་དེ་བོད་མ་རེད་ཟེར་ན་ག་ལ་འགྲིག རྒྱལ་རོང་གི་སྐད་དེ་ཞང་བོད་རང་སྐད་དང་བརྡ་སྤྲོད་ཀྱི་སྤྱི་འགྲོས་དང་ཧ་ཅང་མཐུན་ནོ། །དོན་དུ་རྒྱལ་མོ་རོང་ལ་སྐད་བརྡ་གོ་བདེ་མིན་གྱི་ཡུལ་སྐད་མང་རུང་ཚང་མ་བོད་རང་ཉིད་ཀྱི་སྐད་ལས་མི་རིགས་གཞན་པའི་སྐད་མིན་པ་ཁོ་ཐག་ཆོད་དོ། །
      སི་ཏུ་པཎ་ཆེན་གྱིས《སུམ་རྟགས་འགྲེལ་ཆེན》ལས། ཁམས་ཕྱོགས་ཀྱི་ཨ་མདོ་དང་རྒྱལ་རོང་སོགས་བྱང་ཤར་གྱི་ས་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་གྲགས་པའི་ཡི་གེ་འདོན་ཚུལ་དང་། དེ་དག་གི་ཡུལ་སྐད་བཅས་ལའང་ཅུང་ཉམས་ཆེ་ཙམ་ལས་འཕུལ་རྟེན་སོགས་སྒྲ་དག་པར་འདོན་པ་བྱུང་བ་མངོན་སུམ་གྱིས་གྲུབ་ཅེས་གསུངས་སོ། །མཁས་དབང་དམུ་དགེ་བསམ་གཏན་གྱིས་ཀྱང་མ་གཞི་རྒྱལ་རོང་གི་སྐད་འདི་བོད་སྐད་རང་ཡིན་པ་ངེད་ཅག་བོད་རང་མཚན་པ་དང་བོད་ཡིག་ཤེས་པ་དག་གིས་བལྟས་ན་ཤིན་ཏུ་གསལ། བོད་སྐད་དང་བོད་ཡིག་མི་ཤེས་ཤིང་། རྒྱལ་རོང་གི་སྐད་ཀྱང་མི་ཤེས་པ་འགའ་ཞིག་གིས་བྱུང་རྒྱལ་དུ་སྨྲ་བས་དོན་དངོས་ལྕགས་ལྟ་བུ་དག་བསྒྱུར་ག་ལ་ནུས་ཞེས་གསུངས་པ་ནི་ཧ་ཅང་རྒྱུ་མཚན་དང་ལྡན་ནོ། །དེང་སྐབས་བོད་ཡིག་དང་རྒྱལ་རོང་སྐད་ཙམ་མི་ཤེས་མཁན་གྱིས་རྒྱལ་རོང་བོད་རིགས་མ་ཡིན་པ་དང་། རྒྱལ་རོང་སྐད་དེ་བོད་སྐད་མ་ཡིན་པ་སོགས་ཀྱི་རྩོམ་ཡིག་སྤེལ་བཞིན་འདུག དཔེར་ན། ལོ་ཤས་སྔོན་དུ་འབར་ཁམས་དགེ་འོས་སློབ་གྲྭའི་རྒྱ་རིགས་དགེ་རྒན་ལིང་ཤམ་རུང་ཞེས་པས་རྒྱལ་རོང་སྐད་དེ་བོད་སྐད་མ་ཡིན་ཞེས་པའི་དེབ་ཅིག་བརྩམས་ནས་དཔེ་སྐྲུན་བྱེད་གྲབས་ཡོད་པའི་སྐབས་སུ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་གིས་ཞང་ཞུང་དང་རྒྱལ་རོང་སྐད་ཀྱི་ཚིག་མཛོད་ཅིག་པར་དུ་བསྐྲུན་པ་མཐོང་དུས་ཁོའི་དེབ་དེ་པར་སྐྲུན་བྱ་རྒྱུའི་སྤོབས་པ་ཡེ་ནས་ཉམས་སོ། །མ་འོངས་པ་ལའང་དེ་ནང་བཞིན་གྱི་གནས་ཚུལ་འབུད་སྲིད་པ་ནི་དམུ་དགེ་བསམ་གཏན་ལགས་ཀྱིས་གསུངས་པ་དེ་ནང་བཞིན་ལགས།
རྒྱལ་རོང་གི་ཡི་གེ་ནི་ཞང་ཞུང་གི་ཡི་གེ་ཡིན་པ་བཤད་མ་དགོས་པར་གསལ་ཞིང་། རྒྱལ་རོང་ནི་ཡ་ཐོག་དུས་ནས་ཞང་ཞུང་གི་ཁོངས་སུ་གཏོགས་པས་སྐབས་དེར་སྤྱོད་རྒྱུའི་ཡི་གེ་ནི་ཞང་ཞུང་གི་དུས་རབས་རིམ་བྱུང་གི་ཡི་གེ་ཡིན་པར་སྨོས་མ་དགོས། ཞང་ཞུང་གི་ཡི་གེ་བྱུང་ཚུལ་ནི《ལེགས་བཤད་རིན་པོ་ཆེའི་མཛོད》དང་ནམ་མཁའི་ནོར་བུའི《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང》སོགས་ལས་བོད་ཀྱི་ཡི་གེ་ནི་མི་ལོ་སུམ་སྟོང་དགུ་བརྒྱ་ཙམ་གྱི་སྔོན་རོལ་ནས་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་ཡི་གེའི་སྲོལ་གསར་བ་བཏོད་ཚུལ་ཞིབ་པར་གསུངས་ཡོད། གཞན་ཡང་། མདོ་ལས། ཡི་གེ་སུམ་ཅུ་བོན་གྱི་ཁོག་ཡང་ཕུབ། །མགོ་ཡིས་ལམ་དྲངས་ཤད་ཀྱིས་མདོར་ཡང་བཅད། །ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །ཞེས་པས་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ཞང་ཞུང་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར་ཞེས་སོགས་རྒྱས་པར་གསུངས་ཟིན་པས་འདིར་མ་སྤྲོས། ད་ལྟ་རྒྱལ་རོང་གི་བོན་པོའི་དགོན་སྡེ་རྣམས་ཀྱི་སྒོ་སྟེང་དང་ནང་གི་གདུང་མའི་སྟེང་ལ་ཡི་གེ་སུམ་ཕབས་ཤིག་འབྲི་སྲོལ་ཡོད་པ་ནི་ཐོག་མར་སྟག་གཟིག་སྤུངས་ཡིག་དང་། དེའི་འོག་སྨར་ཆེན་ནམ་སྨར་ཆུང་། དེའི་འོག་ད་ལྟའི་བོད་ཡིག་འབྲི་སྲོལ་འདུག་པ་ཁོ་ནས་སྔོན་ཆད་ཞང་ཞུང་གི་ཡི་གེ་སྟག་གཟིག་སྤུངས་ཡིག་དང་། སྨར་ཆེན་སྨར་ཆུང་སོགས་སྤྱོད་བཞིན་ཡོད་པ་ཤེས་ཐུབ། གནས་འགོ་སྤྲུལ་སྐུས་སྔོན་ཆད་བྲག་ཁུང་ནང་དུ་སྦས་པའི་རྒྱལ་རོང་ཡུལ་གྱི་དཔེ་རྙིང་ཤོག་གྲངས་སུམ་ཁྲི་ཙམ་ཉར་ཚགས་བྱས་ཡོད་པའི་ནང་དུ་སྨར་ཆེན་སྨར་ཆུང་གིས་བྲིས་པ་ཧ་ཅང་མང་པོ་ད་ལྟའང་མཐོང་ཐུབ། ད་དུང་རྒྱལ་རོང་ཡུལ་དུ་ཞང་ཞུང་ཡི་གེ་སྨར་ཆེན་སྨར་ཆུང་སོགས་ལས་གཞན་པའི་ས་གནས་རང་ཉིད་ཀྱི་ཡིག་གཟུགས་མི་འདྲ་བ་ཞིག་ཡོད་པ་ནི་ད་ལྟ་མཐོང་བཞིན་པའི་སྐུ་འབུམ་བྱམས་པ་གླིང་དུ་རྒྱལ་མོ་ཚ་བ་རོང་གི་ཡི་གེ་ཞེས་པའི་ཀ་དཔེ་ཞིག་ཡོད་པ་དེ་ལགས། དོན་དངོས་ཡི་གེ་དེ་དུས་རབས་གང་ཞིག་ཏུ་དར་བའི་ལོ་རྒྱུས་ཁ་གསལ་པོ་མི་འདུག་རུང་། མཁས་དབང་བཙན་ལྷ་ངག་དབང་གིས་ཡི་གེ་དེ་ནི་བེེ་རོ་ཙ་ན་ནས་བརྩམས་པ་ཡིན་པའི་བཤད་སྲོལ་འདུག་གསུངས། གཞན་རྡོ་རིང་པཎྚིཏའི་རྣམ་ཐར་ནང་ཁོང་གིས་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལས་རྒྱལ་མོ་ཚ་བ་རོང་གི་ཡི་གེ་སྦྱོང་ཚུལ་བཀོད་འདུག གནས་འགོ་དགོན་པའི་མཆོག་སྤྲུལ་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་གསུངས་པ་ལྟར་ན་སྔོན་ཆད་རྒྱལ་རོང་དུ་ཤིང་ཐུར་བསྒྲིགས་ནས་སྦྱོང་རྒྱུའི་ཡི་གེ་ཞིག་ཡོད་པའི་ལོ་རྒྱུས་གསུང་གིན་འདུག དེ་ནི་ཕལ་ཆེར་སྐུ་འབུམ་བྱམས་པ་གླིང་གི་རྒྱལ་མོ་ཚ་བ་རོང་གི་ཡི་གེ་དེ་ཡིན་པ་འདྲ་སྙམ།
ཞང་བོད་ཤེས་རིག་དང་རྒྱལ་རོང་གི་རིག་གནས་ལག་རྩལ་སྐོར།
གཤེན་རབ་མི་བོ་ཆེ་འཇིག་རྟེན་འདིར་སྐུ་བལྟམས་པའི་དུས་ནས་བཟུང་། ཁོང་གིས་བསྟན་པའི་བོན་གྱི་བྱེ་བྲག་ཇི་སྙེད་པ་དང་། དེ་དང་འབྲེལ་བའི་ཤེས་རིག་རྒྱ་ཆེ་ལ་གྲངས་མང་བ་དུ་མ་ཞིག་དར་རྒྱས་བཏང་མྱོང་བ་དང་།དེ་དག་ཀྱང་གནའ་བོའི་ལོ་རྒྱུས་ཙམ་ཞིག་མ་ཡིན་པར་ཤེས་རིག་གི་རྒྱུན་དེ་དག་མི་རབས་ནས་མི་རབས་སུ་རྒྱུན་མ་ཆད་པར་འཚོ་སྐྱོང་བྱས་པས་མང་དག་ཅིག་ནི་ད་ལྟའི་དུས་སུའང་བོད་རྒྱལ་མོ་རོང་གི་དམངས་ཁྲོད་དུ་འཚོ་བཞིན་ཡོད་པ་དང་།ད་ལྟ་ལའང་ལག་ལེན་དུ་བསྟར་བཞིན་དུ་ཡོད་པ་འདི་དག་ལས་ལྷག་པའི་བདེན་དཔང་ཞིག་ག་ལ་དགོས།《ལེགས་བཤད་སྐལ་བཟང་མགྲིན་རྒྱནལས་གཏོ་བུ་འབུམ་སངས་དཔྱད་བུ་ཁྲི་ཤེས་ཟུང་།།སྲས་འཁྲུངས་གསས་ཆེན་རུ་བཞི་སྤྱན་དྲངས་ནས།།སྒོ་བཞི་མཛོད་ལྔའི་བོན་བསྟན་ཡོངས་སུ་སྤེལ།།ཞེས་པ་དག་གིས་ཞང་རྒྱལ་ཡ་ཐོག་གི་བོན་རབས་བྱུང་ཚུལ་གྱི་སྐབས་སུ་གསལ་བར་བཤད་པའི་བསྒྲགས་པ་གསུམ་གྱི་དཔེའུ་རྩེ་དང་སྒོ་བཞི་མཛོད་ལྔའི་བོན་རྣམས་བསྟན་ཡོད་པར་གསལ་ཞིང་།ཡང《སྐལ་བཟང་མགྲིན་རྒྱན》ལས།བསྟན་པའི་གཞི་མ་བཟོ་རིག་པ་གཏན་ལ་ཕབས་ཏེ་གར་མ་ལི་ཤོ་སོགས་འཛམ་གླིང་མཁས་པའི་རྒྱན་དྲུག་དཔལ་བསྟན།ཞེས་མཁས་པ་གར་མ་ལི་ཤོ་སོགས་ཀྱིས་གཙོས་པའི་མཁས་པ་མི་དྲུག་གིས་ཞུས་པའི་ངོར། གཤེན་རབ་མི་བོ་ཆེས་བཟོ་རིག་པའི་སྐོར་རྣམས་བསྟན་པར་གསལ་བ་དང་། རྩིས་དང་སྨན་ལ་སོགས། །འགྲོ་ལ་ཉེ་བར་ཕན་ཅིང་གསོ་བ་དང་། །ལྐོག་གྱུར་མངོན་གསལ་བོད་སྡེ་དུ་མ་གསུངས། །ཞེས་པས་གསལ་བས་པྲ་ལྟོས་མོ་དང་། ཕྱྭ་གཉེན། ཇུ་ཐིག བརྒྱག ཡེ་མཁྱེན་དགྲ་བླའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷའི་བཀའ་བབས། སྣང་མཐོང་རྩིས། སྤར་ཁ་དང་སྨེ་བའི་གླིང་སྐོར། ཇུ་ཞག་རྟེན་འབྲེལ། ནད་གསོ་སྨན་དཔྱད། དཔྱད་འབུམ་ཁྲ་བོ། སྨན་འབུམ་དཀར་ནག འཆི་བསླུའི་གཏོ་སོགས་ཀྱི་ཤེས་རིག་ཀྱང་སྟོད་མངའ་རིས་ནས་སྨད་རྒྱལ་མཚམས་རྒྱལ་མོ་རོང་གི་བར་ལ་ཐུག་གི་བར་མ་ཁྱབ་པ་མེད་པར་གྱུར་ནས་བོན་གྱི་ཤེས་རིག་དར་རྒྱས་ཆེན་པོ་བྱུང་ཡོད།

གཉའ་ཁྲི་བཙན་པོའི་དུས་སུ་བོད་ཁམས་ཀྱི་དབུ་བརྙེས་ཤིང་། དེ་ནས་བཟུང་བོད་ཀྱི་བཙན་པོ་རིམ་བྱོན་ནས་ཁྲི་སྲོང་ལྡེ་བཙན་མ་བྱོན་གྱི་བར་དུ་རྒྱལ་སྲིད་སྐྱོང་བྱེད་ཀྱི་གཞི་རྩའི་ཤེས་རིག་ནི་སྒྲུང་དང་ལྡེའུ་བོན་གསུམ་ཡིན་པ་རླུང་ལྟར་གྲགས།དེ་རྗེས་ནང་བ་སངས་རྒྱས་པའི་ཆོས་དང་རིག་གནས་བོད་ཡུལ་དར་ནས་ནང་ཆོས་ཀྱི་ཤེས་བྱ་རིག་གནས་ཀྱང་རྒྱལ་རོང་དུ་དར་ཁྱབ་ཆེན་པོ་བྱུང་། མཁས་དབང་ནམ་མཁའི་ནོར་བུས་གངས་ཅན་གྱི་ལྗོངས་འདིར་མིའི་འགྲོ་བ་ཐོག་མར་དར་བའི་དབུ་ཚུགས་པ་ནས་བཟུང་ད་ལྟའི་བར་དུ་དུས་རབས་ཇི་ཙམ་ཞིག་བརྒལ་ཡོད་པ་དང་།བོད་ཀྱི་མི་རིགས་ལ་ཆེས་རྙིང་མའི་རང་གཤིས་ཅི་འདྲ་ཞིག་ཡོད་པ་ནི་གཙོ་ཆེར་གནའ་བོའི་རིག་རྫས་སོགས་ལ་བརྟེན་ནས་ངེས་ཤེས་བརྙེད་དགོས་པ་དེ་རེད་ཅེས་གསུངས་པ་བཞིན།གནའ་བོའི་རྒྱལ་རོང་ཡུལ་དུ་ཤེས་རིག་དང་། རིག་གནས། བཟོ་རྩལ་སོགས་ཅི་འདྲ་ཞིག་དར་ཡོད་པའང་གནའ་བོའི་རིག་རྫས་ལ་བརྟེན་ནས་ཤེས་དགོས་པ་མ་གཏོགས་ང་ཚོས་མི་ལོ་བཞི་སྟོང་ཙམ་སོང་བའི་མི་རྒན་ཞིག་གདན་འདྲེན་ཞུས་ནས་ལོ་རྒྱུས་འདྲི་བའི་ཆ་རྐྱེན་ནི་ག་ལ་ལྡན། གནད་དོན་དེར་ཡང་དག་པའི་ངེས་ཤེས་རྙེད་པ་གདོད་མའི་སྤྱི་ཚོགས་ཀྱི་རིག་དངོས་ནས་དབྱེ་ཞིབ་ནན་པོར་བྱས་ན། 1983ལོར་འབར་ཁམས་རྫོང་འབར་གཞུང་ནས་རྙེད་པའི་རུས་སྒྲོམ་ཆེ་ཆུང་གཉིས་ལས་གཟིའི་རིགས་རྙེད་ཅིང་མཁས་ཆེན་ཚོས་རུས་སྒྲོམ་ཆུང་བ་དེ་ལོ་ལྔ་སྟོང་ཡན་དང་ཆེ་བ་དེ་ལོ་ངོ་ཁྲི་གཅིག་ཡན་གྱི་ལོ་རྒྱུས་ཡོད་པར་བཞེད། ཆུ་ཆེན་རྫོང་གི་སྤུ་དམ་ཞེས་པའི་ས་ཆ་ནས་རྡོ་སྒམ་དུར་སྦས་དུ་མ་རྙེད་པའི་རྡོ་ལེབ་ཐོག་བོན་གྱི་སྙིང་བོ་རྣམ་གསུམ་བརྐོས་ཡོད་པ་དང་། ཡང་འབར་ཁམས་རྫོང་ཀྱོམ་ཀྱོའི་ཁོ་ནུ་དང་བྲོ་ཤོན་ཞེས་པའི་ས་ཆ་ནས་དུར་སྒམ་དང་རྫ་ཆས་བསྲེགས་ས་གཞི་རྒྱ་མི་ཆུང་བ་ཞིག་རྙེད། དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་ཙམ་དུ་རོང་བྲག་གི་སྤྲོ་སྣང་ས་ཆ་ནས་བུར་སྒམ་དང་རྫ་ཆས་སོགས་ཀྱི་དངོས་པོ་མང་དག་རྙེད་པས་སི་ཁྲོན་གྱི་གནའ་རྫ་རྟོག་ཞིབ་པ་ཚོས་ལོ་བཞི་སྟོང་ནས་ལྔ་སྟོང་ཡན་མན་གྱི་ལོ་རྒྱུས་ཡོད་པའི་ཁས་ལེན་བྱས་ཤིང་། དངོས་པོ་ཚང་མ་ད་ལྟ་སི་ཁྲོན་ཞིང་ཆེན་གྱི་དངོས་མང་བཤམས་སྟོན་ཁང་དུ་བཞག་ཡོད། རྒྱལ་རོང་ཡུལ་ནས་རྙེད་པའི་གནའ་ཤུལ་དེ་དག་ཐོག་ནས་རྒྱལ་རོང་བ་རྣམས་བོན་དང་བོན་གྱི་ཤེས་རིག་གཏན་ཁེལ་གྱི་གནས་སྡོད། ཞིང་ལས་གཙོ་གཉེར་ཐོག་སྒོ་ཕྱུགས་གསོ་ཞིང་རྔོན་པ་བྱེད་པའི་དོན་དངོས་མཚོན་པ་དང་། ལག་ཤེས་བཟོ་རྩལ་ཡང་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་མངོན་གསལ་དུ་མཐོང་ཐུབ། སྔོན་ཆད་རྒྱལ་རོང་ཡུལ་འདིར་མཚན་ཉིད་པ་དང་། མཁན་པོ། དགེ་བཤེས། སྨན་པ། རི་མོ་བ། གླུ་གར་བ། ལོ་རྒྱུས་པ། ཟློས་གར་བ་སོགས་དང་། དགའ་ལྡན་ཁྲི་བ་རྐྱང་བ་ཡང་བདུན་ཙམ་བྱོན་ནས་བན་བོན་གྱི་ཆོས་དང་རིག་གནས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པར་མཛད། ལྷག་པར་དུ་རྒྱལ་རོང་ཡུལ་དུ་ལག་རྩལ་དར་རྒྱས་ཆེན་པོ་བྱུང་ཡོད་པ་ནི་ས་འོག་ནས་བཏོན་པའི་དངོས་པོ་དང་། ད་ལྟ་དམངས་ཁྲོད་དུ་ཉར་ཚགས་བྱས་ཡོད་པའི་རྫ་ཆས་རིགས་དང་། ལི་ཆས། རྡོ་ཆས། འཚེམ་བཟོ་སོགས་ལས་ཤེས་ཐུབ། རོང་བྲག་གི་གནས་འགོ་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་ལོ་ཉི་ཤུ་ཙམ་གྱི་རིང་དུ་རོང་བྲག་གཙོས་པའི་རྒྱལ་རོང་ས་ཆ་ནས་ཐོན་པའི་རྫ་ཆས་དང་། ལི་ཆས། ཟངས་ཆས། ཤིང་ཆས། གསེར་དངུལ་གྱི་བཟོས་རྫས། དམངས་ཁྲོད་ཀྱི་སྤྱོད་ཆས་སོགས་རྒྱུན་ཆད་ལ་ཉེ་བའི་གནའ་རྫས་གལ་ཆེན་སྣ་ཁ་ཆིག་ཁྲི་ཙམ་དང་། གནའ་དཔེ་ཤོག་དེབ་ཁྲི་སུམ་ཅུ་ཙམ་ཉར་ཚགས་བྱས་ཡོད་པ་རྐྱང་བའི་ཐོག་ནས་བལྟས་ན། རྒྱལ་རོང་ཡུལ་དུ་བོད་ཀྱི་རྩེར་སོན་གྱི་བཟོ་རྩལ་དང་ཤེས་རིག་རིག་གནས་དར་རྒྱས་བྱུང་ཡོད་པའི་རྗེས་ཤུལ་མཐོང་ཐུབ། རྒྱལ་རོང་གི་རྡོ་རྩིག་ནི་རིང་མོ་ཉིད་ནས་བཟུང་ཚོམས་ཆེན་དགུ་ཐོག་ཡོད་ཅེས་རྒྱའི་དེབ་ཐེར་དུ་བཀོད་ཡོད། ད་ལྟའི་མཁར་རྫོང་མཐོན་པོ་དེ་དག་ལ་བལྟས་ན་ལག་རྩལ་རྩེར་སོན་ཡིན་ཚུལ་གསལ་བོར་ཤེས་ཐུབ། མཁར་དེ་དག་དེ་འདྲ་བརྟན་པོ་ཡིན་པ་ཡང་མཁར་རྩིག་སྟངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་ཅིང་། མཁར་རྩིག་སྐབས་ཟུར་བཞི་ཡར་བཀྱགས་ནས་བརྩིགས་པ་སོགས་ཀྱི་ལག་རྩལ་བཅུ་གཉིས་ཙམ་ཡོད། མཁར་རྩིག་བྱེད་ཀྱི་རྡོ་ཆས་འདེམས་སྐབས་རྡོའི་རི་མོ་དང་བཟོ་ལྟ་ལ་ཕོ་མོའི་དབྱེ་བ་ཡོད་ཅིང་། མཁར་རྩིག་སྐབས་རྡོ་དེ་དག་ཕོ་རྡོ་མོ་རྡོ་བསྡེབས་ནས་རྩིག་དགོས་པ་ལས་གང་མོས་སུ་རྩིག་པ་ཞིག་མ་ཡིན། 1772ལོར་བླ་བྲང་གི་ཚོམས་ཆེན་འདུ་ཁང་ཀ་བ་བརྒྱད་ཅུ་ཅན་དེ་ཇེ་ཆེར་གཏོང་དུས། སོ་མང་ར྽??ྱལ་མོས་ཆེད་མངགས་ཀྱི་རྩིག་དཔོན་བཞི་སོགས་རྡོ་རྩིག་པ་དུ་མས་བརྟན་ཅིང་མཛེས་པ་བསྒྲུབས་ཚུལ་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་དུ་གསལ། དེ་ལས་ཡུལ་འདིའི་འབག་དང་གསོབ། འཇིམ་བཟོ། གསེར་དངུལ་མགར་བ་དག་ནི་ལག་རྩལ་ཁྱད་དུ་འཕགས་ཤིང་བཟོ་རྩལ་རྨད་དུ་བྱུང་ངོ་། །
རྒྱལ་མོ་ཚ་བ་རོང་དང་མོ་བཟའ་རྒྱལ་བོའི་སྐོར།
      ད་ལྟ་རྒྱ་ཡིག་གི་རྩོམ་ཡིག་ཁ་ཤས་ནང་རྒྱལ་རོང་ཡུལ་ལ“ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ”ཞེས་པའི་བཤད་སྲོལ་མང་དག་ཅིག་ཡོད་འདུག འོན་ཏེ། རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་དག་ནང་དེའི་སྐོར་གྱི་ནང་དོན་གསལ་ཆ་མི་ལྡན་ཞིང་། “ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ”ཅེས་པ་ལ་ངེས་འཛིན་བྱེད་སྟངས་མི་འདྲ་བ་མང་དག་བྱུང་འདུག དོན་དུ་རྒྱལ་རོང་ཡུལ་གྱི་དམངས་ཁྲོད་དུ“མོ་བཟའ་རྒྱལ་བོ”ཞེས་པའི་བཤད་སྲོལ་ཞིག་ཡོད་འདུག བཤད་སྲོལ་དེ་དང་རྒྱ་ཡིག་ནང་བཀོད་པའི“ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ”ཅེས་པ་དང་གཉིས་དོན་གཅིག་པ་ཡིན་མིན་ད་དུང་ཁ་ཚོན་གཅོད་མི་ཐུབ། འོན་ཏེ། རོང་བྲག་གི་སོག་པའི་ཡུལ་དུ་མོ་བཟའ་རྒྱལ་མོ་ཞིག་ལོ་བརྒྱའི་སྔོན་གྱི་བར་དུ་གནས་ཡོད་ཚུལ་ད་ལྟའི་མི་རྒན་ཚོས་གསལ་པོར་བཤད་རྒྱུ་འདུག་ལ། རྒྱལ་རོང་བྲག་སྟེང་རྒྱལ་བོའི་བློན་པོ་འཕེལ་ཡར་ཞེས་པ་ནི་བྲག་སྟེང་རྒྱལ་བོའི་བློན་རབས་བཅུ་གསུམ་གྱི་བློན་རྒྱུད་ཡིན་པས་ཁོ་རང་རྒྱལ་རོང་གི་གནའ་བོའི་ལོ་རྒྱུས་ལ་ཧ་ཅང་རྒྱུས་མངའ་ཆེ་བས། འཕེལ་ཡར་གྱིས་གནས་འགོ་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་ལ་དེའི་སྐོར་གྱི་གཏམ་རྒྱུད་མང་པོ་ཞིག་བཤད་འདུག ཨ་མྱེས་སྒོ་གདོང་གི་གཏམ་རྒྱུད་ནི་རྒྱལ་རོང་ཡུལ་ཕྱོགས་ཀུན་གྱི་རིས་མེད་ཀྱི་བཤད་སྟངས་ཤིག་ཡིན། བཤད་སྲོལ་ལ་ཨ་མྱེས་སྒོ་གདོང་དགུང་ལོ380ཙམ་བཞུགས་པ་དང་། བུ་རྒྱུད་སུམ་ཅུ་ཙམ་ཡོད་པར་ཟེར། ཚོད་རྩིས་བྱས་ན་ད་བར་ཧ་ལམ་ལོ་བརྒྱད་སྟོང་ཙམ་སོང་ཡོད་པ་ནི་དམངས་ཁྲོད་ཀྱི་ཡོངས་གྲགས་བཤད་སྲོལ་ཞིག་ཡིན་པ་ལས་ལོ་བརྒྱད་སྟོང་སྔོན་གྱི་ལོ་རྒྱུས་ཀྱི་ཡིག་ཚང་ཞིག་ག་ལ་རྙེད་ཐུབ། ཨ་མྱེས་སྒོ་གདོང་གིས་རྒྱལ་རོང་ཡུལ་ཕྱོགས་ལེགས་པོ་སྐྱོང་བའི་བཀའ་དྲིན་མི་བརྗེད་པའི་ཕྱིར་དུ་རྗེས་རབས་པ་ཚོས་ལོ་སར་གྱི་དུས་ཆེན་དང་། གོ་རེ་ལ་ཐེལ་ཙེ་རྒྱག་པ། ཁོའི་སྤྱོད་ཆས་མང་དག་ལ་དཔེ་བྱས་ནས་ལི་ཆས་དང་རྫ་ཆས་ཀྱི་དངོས་པོ་མང་དག་བཟོས་པ། ད་དུང་ཨ་མྱེས་སྒོ་གདོང་གི་འཆམ་རྒྱག་རྒྱུ་དང་གསོལ་མཆོད་བྱ་རྒྱུ་སོགས་ཀྱི་དྲན་གསོའི་བྱ་བ་མང་དག་ཅིག་ད་བར་སྤེལ་བཞིན་ཡོད། བཤད་སྲོལ་ལ་ཨ་མྱེས་སྒོ་གདོང་འདས་རྗེས་བུ་རྣམས་ཀྱིས་ཕྱོགས་སོ་སོ་ནས་རྒྱལ་རོང་ཡུལ་ཕྱོགས་མུ་མཐུད་ལེགས་པོར་སྐྱོང་། འོན་ཏེ། དུས་རབས་མང་པོའི་རྗེས་སུ་རིམ་བཞིན་ཕྱི་ནང་གི་ཡུལ་སྡེའི་བར་གྱི་འཁྲུག་རྩོད་ཇེ་མང་དུ་བྱུང་ནས་མཐར་ཡུལ་ཕྱོགས་མང་པོར་གྱེས་ནས་བོད་སིལ་པོའི་དུས་སྐབས་ནང་བཞིན་གྱི་དུས་རབས་མང་དག་ཅིག་བརྒལ་ཡོད། སྐྱེས་པ་རྣམས་ཀྱང་དགྲ་འཁྲུག་མང་པོའི་ནང་ཤི་རྒྱུ་ཇེ་མང་ཕྱིན་ནས་རྒྱལ་རོང་གི་མི་གྲངས་ཀྱང་ཇེ་ཉུང་དུ་ཕྱིན་ཏེ་བུད་མེད་མང་དག་ཡུགས་སར་ལུས། དེ་ནས་རིམ་བཞིན་ས་གནས་ཁག་གི་ཡུལ་དཔོན་དང་རྒྱལ་བོ་མང་དག་བུད་མེད་ཀྱིས་དཔོན་འགོ་བཟུང་ནས་རིམ་བཞིན་མོ་བཟའ་རྒྱལ་བོ་ཆེ་ཆུང་མང་དག་བྱུང་། དཔེར་ན། རོང་བྲག་གི་གནས་འགོ་དང་། སྟོང་སྐོར། སོག་པོ་སོགས་དང་། གཞན་ཡང་ཆུ་ཆེན་དང་། བཙན་ལྷ་སོགས་རྒྱལ་མོ་དམུ་རྡོའི་ཉེ་འཁོར་གྱི་ཡུལ་ཕྱོགས་མང་དག་ལ་མོ་བཟའ་རྒྱལ་བོ་སུམ་ཅུ་ཙམ་གྱི་གྲངས་འདྲེན་ཐུབ་ཀྱིན་འདུག མོ་བཟའ་རྒྱལ་བོ་དེ་དག་ལས་ཆེས་ཐོབ་ཐང་ཆེ་བ་ནི་ལྷ་མོ་མདངས་ལྡན་མ་ཡིན་ཞིང་། དེའི་རྒྱལ་ས་ནི་བཙན་ལྷའི་ཕྱོགས་ཀྱི་རྒྱལ་མོ་རི(གྱེར་མོའང་ཟེར)ཞེས་པའི་ས་ཆར་ཆགས་ཡོད་ཟེར། ཁྱུང་འཕགས་ཁྲ་མོའི་བཙུན་མོ་ལྷ་མོ་མདངས་ལྡན་མ་ནི་ཆེས་མཐའ་མའི་རྒྱལ་རོང་གི་མོ་བཟའ་རྒྱལ་བོ་དེ་ཡིན་ཞིང་། དེའི་སྔོན་དུ་མོ་བཟའ་རྒྱལ་བོའི་རྒྱལ་རབས་ཅི་ཙམ་བྱུང་བའི་ལོ་རྒྱུས་དང་གཏམ་རྒྱུད་ཁ་གསལ་ཞིག་བཤད་ཤེས་མཁན་མི་འདུག འོན་ཏེ། ད་ལྟའི་རྒན་པོ་ཚོས་རིན་ཆེན་སྨན་དང་། ཀླུ་རྒྱལ་སྨན། རྣལ་འབྱོར་སྐྱིད་སོགས་ཀྱི་མོ་བཟའ་རྒྱལ་མོ་ཁ་ཤས་ཀྱི་མིང་བཤད་ཤེས་ཀྱིན་འདུག དེ་ཚོའི་བཤད་སྟངས་ལ་གཞིགས་ན། མོ་བཟའ་རྒྱལ་མོ་དེ་དག་ནི་ལྷ་མོ་མདངས་ལྡན་མའི་སྔོན་གྱི་རྒྱལ་མོ་དག་གི་མིང་རེད་ཟེར། མོ་བཟའ་རྒྱལ་བོ་དེ་དག་བྱུང་བའི་དུས་རབས་ནི་ཕལ་ཆེར་ཨ་མྱེས་སྒོ་གདོང་འདས་རྗེས་ནས་ཁྱུང་འཕགས་ཁྲ་མོ་རྒྱལ་རོང་ཡུལ་དུ་མ་བྱོན་པའི་བར་དུ་བྱུང་ཡོད་པའི་བཤད་སྲོལ་འདུག མཁས་དབང་ཁ་ཤས་ཀྱིས་སུམ་པ་རྒྱལ་བོ་མདོ་སྨད་དུ་འཐོར་ནས་རྒྱལ་རོང་ཡུལ་དུ་བུད་མེད་རྒྱལ་བོའི་ལུགས་སྲོལ་དར་བ་དེ་སུམ་པ་དང་འབྲེལ་བ་ཡོད་ཚུལ་གསུངས་འདུག
 
       རྒན་རབས་ཚོའི་བཤད་ཚུལ་ལྟར་ན། མོ་བཟའ་རྒྱལ་བོ་དེ་དག་ལ་རྒྱུད་པ་མེད་རྐྱེན་རྒྱལ་རྒྱུད་ཆད་སྐབས་རྒྱལ་རོང་གི་རྒྱལ་ཕྲན་གཞན་གྱི་མོ་བཟའ་རྒྱལ་བོ་ཆུང་ཆུང་དག་བདམས་བསྐོས་བྱས་ནས་རྒྱལ་བོ་ཆེ་བའི་རྒྱལ་སྲིད་དུ་དབང་བསྐུར་བཞིན་ཡོད། མོ་བཟའ་རྒྱལ་བོའི་ནང་ཁུལ་དུ་སྒྲིག་ལམ་ཧ་ཅང་བཙན་པ་དང་རྒྱལ་མོ་ཚོས་མག་པ་ལེན་ཞིང་ཁྱིམ་འཛིན་མི་ཆོག ད་དུང་བུད་མེད་ཀྱི་དམག་མི་མང་དག་ཡོད་པས་དེ་དག་གིས་ཀྱང་ཁྱིམ་ཐབས་བཟུང་མི་ཆོག དགྲ་བོ་དང་འཐབ་འཛིང་བྱེད་སྐབས་སྐྱེས་པ་ལྟ་བུའི་མདའ་གྲི་མདུང་སོགས་ཀྱི་འཐབ་རྩལ་ལ་མི་མཁས་རུང་། དུག་འདྲེན་པ་སོགས་ཀྱི་ངན་ཐབས་གཞན་དག་མང་བས་སྐད་གྲགས་ཧ་ཅང་ཆེ་ཟེར། ད་ལྟའི་བཙན་ལྷའི་ཕྱོགས་ཀྱི་མོ་བཟའ་རྒྱལ་བོ་ཞིག་ནི་ཆེད་དུ་དུག་བཟོ་མཁན་ཡིན། རྒྱལ་བོ་དེས་ས་སྟོང་དུ་ཁང་བ་ཞིག་བརྒྱབ་ནས་ཤིང་གྲུ་བཞི་ཞིག་ཁང་ཐོག་ཏུ་འདོགས། དེའི་ཐོག་རྒྱལ་རོང་ཡུལ་དུ་ཡོད་པའི་དུག་ཤུགས་ཆེ་བའི་སྦྲུལ་ནག་དུག་འཇོམས་ཞེས་པའི་དུག་སྦྲུལ་མང་དག་དཔྱངས་ནས་ཉིན་བདུན་ནས་བཅོ་ལྔའི་བར་འོག་ཏུ་མེ་སྦར་ནས་དུ་བ་འདོན། དུག་སྦྲུལ་འོག་ཏུ་ལྕགས་ལས་གྲུབ་པའི་སྣོད་འཇོག་སྐབས་དུག་སྦྲུལ་གྱི་དུག་ཚང་མ་སྣོད་ནང་འཛག་བཞིན་ཡོད། དུག་སྦྲུལ་ལས་ཕྱུངས་པའི་དུག་ནང་ད་དུང་དུག་རྩྭ་ཁ་ཤས་བསྲེས་ནས་ཞིབ་མོར་འཐག་རྗེས་དུག་རྒོད་པོ་ཡོང་ཐུབ། བཟོས་ཟིན་པའི་དུག་དེ་གླང་ཐུག་གི་རྭ་ཅོའི་ནང་བླུག་ན་དུག་དེ་བས་ཇེ་རྒོད་ཡོང་བ་དང་ཉར་ཚགས་བྱེད་བདེ། དུག་དེ་ནི་མོ་བཟའ་རྒྱལ་མོ་ཚོས་དགྲ་བོ་ཆམ་དུ་ཕབས་པའི་ཐབས་ཤེས་གཙོ་བོ་ཞིག་ཡིན་ཟེར། སྐབས་དེའི་བུད་མེད་ཚོའི་གྱོན་ཆས་ནི་ད་ལྟའི་བོད་གོས་དང་འདྲ་ཞིང་། མང་ཆེ་བས་ར་ལུག་སྤུ་ཡིས་བཟོས་པའི་ལྭ་བ་གྱོན་རྒྱུའི་སྲོལ་ཡོད་པ་དང་། ར་ལུག་གི་གྱོན་པ་བཟོ་སྟངས་ལ་ཐུན་མིན་གྱི་བཟོ་རྩལ་ཞིག་ཀྱང་ཡོད་ཟེར། སྐབས་དེའི་བུད་མེད་ཚོའི་འཚོ་བ་ལ་དཀའ་ངལ་ཆེ་བ་དང་། གཏན་འཇགས་ཀྱི་ཁྱིམ་གཞིས་ཀྱང་མེད་པས་སྡུག་བསྔལ་མང་དག་གིས་མནར་ནས་མཐར་བུད་མེད་དེ་དག་མེ་ཏོག་དང་མཉམ་རྒས་དང་མེ་ཏོག་དང་མཉམ་ཤི་འགྲོ་བའི་གཏམ་རྒྱུད་མང་དག་བཤད་རྒྱུ་འདུག ཆུ་ཆེན་གྱི་གཡུང་དྲུང་ལྷ་རྩེའི་མདུན་གྱི“རྨོ་བྱོ་ཀོ་ཀོ”ཞེས་པའི་ས་གནས་ཉམས་དགའ་ཞིང་། མེ་ཏོག་མང་པོ་བཀྲ་ཡོད་ས་ཞིག་ཏུ་བུད་མེད་ཚོ་དབྱར་དུས་དེར་སོང་ནས་རྩམ་པ་སོགས་ཀྱི་ཟས་རིགས་ཕྲན་བུ་ཙམ་ཟས་ཚར་རྗེས་མེ་ཏོག་དང་མཉམ་དུ་ཤི་འགྲོ་བ་རེད་ཟེར། (“རྨོ་བྱོ་ཀོ་ཀོ”ནི་རྒྱོལ་རོང་གི་སྐད་ཡིན་ཞིང་། དོན་དུ་བུད་མེད་ཚོ་ཤི་སའི་ས་གོར་གོར་ཞེས་པའི་དོན་ཡིན།)ད་ལྟ་གནས་འགོ་དགོན་གྱི་རི་མགོ་ཞིག་ནའང་“རྨོ་བྱོ་ཀོ་ཀོ་”ཞེས་པའི་ས་ཆ་ཞིག་འདུག དེ་དག་གི་བཤད་ཚུལ་ཙམ་ལ་བལྟས་ན། སྐབས་དེའི་སྤྱི་ཚོགས་དང་བུད་མེད་ཚོའི་འཚོ་བ་ཅི་འདྲའི་ཉམ་ཐག་པ་ཞིག་ཡིན་ཚུལ་ཤེས་སླ
      རྒན་པོ་ཁ་ཤས་ཀྱི་བཤད་ཚུལ་ནི། སྔོན་ཆད་རྒྱལ་རོང་ཡུལ་དེ་དག་མོ་བཟའ་རྒྱལ་བོ་མང་དག་གིས་བཟུང་རྐྱེན། སྐྱེས་པའི་གྲངས་ཉུང་བ་དང་སྐྱེས་པ་འཇོན་ཐང་ཅན་དར་མི་ཐུབ་པས་བུད་མེད་ཀྱི་བསྟན་པ་དར་ཆེ་བས་ཁྱུང་འཕགས་ཁྲ་མོ་ཆེད་དུ་རྒྱལ་རོང་འཕྲལ་སྐྱོབ་བྱེད་པའི་ཕྱིར་དུ་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས་ནས་བོན་གྱི་བུ་འབོ་བཞི་འཁྲུངས་པ་དང་། རྒྱལ་རོང་གི་རྒྱལ་ཕྲན་གཞན་དག་གི་མོ་བཟའ་རྒྱལ་མོ་རྣམས་ལའང་ཁྱིམ་གཞིས་བཙུགས་བཅུག་ནས་དམ་པ་ཁྱུང་གི་གདུང་རྒྱུད་སྤེལ་ཏེ་རིམ་བཞིན་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་དུ་གྱེས་པ་རེད་ཟེར། བཤད་སྟངས་དེ་དག་ལ་གཞིགས་ན། ཨ་མྱེས་སྒོ་གདོང་སྐབས་སུ་རྒྱལ་རོང་གི་རོང་བྲག་སོགས་རྒྱལ་མོ་དམུ་རྡོའི་ཉེ་འཁོར་དུ་སྒ་རིགས་དང་སྒོ་རིགས་མང་བའི་བཤད་ཚུལ་ཡོད་ཅིང་། ཕྱིས་ཀྱི་དུས་རབས་ནང་སྒ་དང་སྒོའི་རིགས་ཧ་ཅང་ཉུང་བའི་རྒྱུ་མཚན་གཙོ་བོ་ནི་དགྲ་འཁྲུག་ནང་དུ་སྐྱེས་པ་མང་དག་ཤི་ནས་དེའི་རིགས་རྒྱུད་ཀྱང་རྒྱུན་ཆད་ལ་ཉེ་བར་གྱུར། ཁྱུང་འཕགས་ཁྲ་མོས་ཁྱུང་པོ་སོགས་ནས་སྦྲ་རིགས་ཅན་གྱི་མི་མང་པོ་རྒྱལ་རོང་དུ་ཁྲིད་ནས་མོ་བཟའ་རྒྱལ་མོ་དེ་དག་གཙོས་པའི་རྒྱལ་རོང་བུད་མེད་རྣམས་དང་གཉེན་སྒྲིག་བྱས་རྗེས་སུ་རྒྱལ་རོང་ཡུལ་དུ་སྦྲ་རིགས་ཀྱི་བརྒྱུད་པ་མང་དག་འཕེལ་ཡོད་པའི་རྒྱུ་མཚན་ཤེས་ཐུབ།

ཞང་ཞུང་དང་རྒྱལ་རོང་གི་རྒྱལ་རབས་བྱུང་ཚུལ་སྐོར།
      《གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ཉུང་བསྡུས》ཞེས་པ་ལས་ཞང་ཞུང་གི་རྒྱལ་རབས་ནི་དང་པོ་མི་ལོ་ཆིག་ཁྲི་བརྒྱད་སྟོང་ཙམ་གྱི་སྔོན་དུ། གསས་ཆེན་ཧོས་ཀྱི་གདུང་རྒྱུད་གཅིག་འཛམ་གླིང་དབུས་སུ་ཆས་པས། སྟོད་ལ་སེང་གི་ས་གནས་ལྷོ་བྱང་གངས་མུ་ཝེར་དང་། ཕྱ་ཝེར། པྲ་ཕུད། ཡོ་ཆ་སོགས་བཟུང་། སྨད་སུམ་པ་གླང་གི་གྱིམ་ཤོད་ཤོད་ཆེན་བཅོ་བརྒྱད་ཡན། ཞང་ཞུང་སྒོ་བ་ཁྲི་སྡེ་བརྒྱད་ཅུ་དབང་བསྒྱུར་བའི་ཨིས་རྗེ་ཁྲི་ཝེར་གནམ་ཐོག་གི་གདུང་རྒྱུད་ཀྱིས་བཟུང་བ་ཡིན། གཤེན་རབ་མི་བོ་ཆེས་བསྟན་སྤེལ་མཛད་པའི་སྐབས་སུ་ཞང་ཞུང་གི་རྒྱལ་བོ་ཧོས་རྗེ་ཁྲི་ཝེར་ནོར་འཛིན་ཞེས་པས་གངས་ཅན་ལྗོངས་ཕལ་ཆེར་དབང་བསྒྱུར་བ་ཞིག་ཡིན་པར་གསུངས། ཡ་ཐོག་ཞང་ཞུང་རྒྱལ་བརྒྱུད་ཀྱི་ཁུངས་དེ་གསས་ཆེད་ཧོས་ཀྱི་བརྒྱུད་པ་ལས་ཆད་ཅིང་། དེ་ནས་ཧོས་རྗེ་ཁྲི་ཝེར་ནོར་འཛིན་ནམ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ཞེས་སུ་གྲགས་པ་དེའི་བར་དུ་གདུང་རྒྱུད་ཀྱི་རིམ་པ་མང་པོ་ཞིག་བྱུང་ཡོད་པར་གསལ། ཧ་ལམ་ལོ་གྲངས་སུམ་སྟོང་དགུ་བརྒྱ་ཙམ་འདས་པའི་སྔ་རོལ་དུ་བྱུང་བའི་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཞང་ཞུང་སྲིད་པའི་རྒྱལ་བོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ཞེས་པའི་རྒྱལ་བོ་དེ་ནས་ཞང་ཞུང་ལོ་རྒྱུས་ཀྱི་དབུ་འཛུགས་དགོས་ཤིང་རྒྱལ་བོའི་དེའི་མངའ་འོག་ཏུ་གྱུར་པའི་ཞང་ཞུང་སྒོ་ཕུགས་བར་གསུམ་ནི་གནའ་བོའི་ཞང་ཞུང་རྒྱལ་ཁམས་སུ་ངོས་འཛིན་དགོས།
      རྒྱལ་རོང་གི་རྒྱལ་བོ་ཐོག་མ་བྱུང་ཚུལ་ནི། བསྟན་པའི་སྦྱིན་བདག་ལི་ཝེར་ནམ་མཁའ་རྒྱལ། །དེ་ནས་ད་བར་བཞེངས་བྱེད་སྦྱིན་པའི་བདག །དལ་འབྱོར་སྟོབས་ལྡན་རབ་བརྟན་རྒྱལ་བོ་ཡིན། །གདུང་རབས་ལོ་རྒྱུས་མདོ་ཙམ་བསྟན་པ་ལ། །སྔོན་ཚེ་རྒྱལ་མོ་ཚ་བའི་རོང་ཆེན་དེ། །ཞང་ཞུང་སྦྲ་ལས་མཆེད་པའི་རྗེ་འབངས་ཀུན། །ཀུ་རུ་ཞེས་པ་འབྱོ་བ་གནས་སྤོར་བའོ། །ཞེས་དང་། བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱིས་མཛད་པའི《མདོ་སྨད་ཆོས་འབྱུང》ལས་ཀྱང་། ཞང་ཞུང་སྦྲ་ལས་ཆད་པའི་རྒྱལ་རོང་ལ་ཞང་ཞུང་གི་རྒྱལ་རྒྱུད་དང་རྒྱལ་རོང་གི་རྒྱལ་བོ་རྣམས་ཀྱང་ཕལ་ཆེར་རབ་བརྟན་གྱི་རྒྱུད་ནས་ཆད་པ་ཡིན། ཞེས་གསུངས་སོ། །
      གཡུང་དྲུང་བོན་གྱི་བཀའ་ཁམས་བརྒྱད་གཏན་ལ་ཕབ་པའི་སྟོང་ཕྲག་བརྒྱ་བར། གངས་ཆེན་ཤར་ཕྱོགས་རྒྱལ་མོ་རོང་གི་ཞིང་ཁམས་བདེ་ལེགས་དཔལ་ལ་འགོད་པར་དགོངས་ནས་མ་གཡོས་ངང་ལས་གཡོ་བ་ཡེ་ཤེས་ཀྱི་འོད་རབ་ཏུ་སྤྲོས་པས་སྲིད་པ་གནམ་ནས་བསྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་བོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ལྷ་དབང་བརྒྱ་བྱིན་གྱི་གདུང་རྒྱུད་ཞང་ཞུང་ཏ་རོག་ཡུལ་ནས་བདུད་འདུལ་དཔལ་གྱི་རྒྱལ་བོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་ལིག་ཝེར་གྱེར་གྱི་རྒྱལ་བོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་ནས་ཐུགས་རྒྱུད་བསྐུལ་བས་མཆེད་པར། སྐྱབས་མེད་དཀོས་ཐག་པ་ཤར་རྒྱལ་མོ་རོང་གི་འགྲོ་བའི་མགོན་དུ་འབྱོན་པར་དགོངས་ནས་བཀའ་བསྩལ་ལོ། །དེ་ནས་འོད་ཀྱི་མི་དཀར་པོ་རྫུ་འཕྲུལ་རྩལ་གྱིས་རྒྱལ་མོ་དམུ་རིའི་རྩེ་ལ་ཕེབས་ནས་གཟིགས་ཚེ། འདི་ལྟར་གསུངས་སོ། །ལྷ་སྲས་ཉིད་དང་ཉིད་ཀྱི་བརྒྱུད་པ་ཡིས། །ཤར་རོང་གདན་ས་གནམ་ཕྱེད་གོས་སུ་མནབས། །ས་ཕྱེད་གདན་བཏིང་སྒང་རིང་དགུ་དབང་བའི། །ལྟས་བཟང་གཟིགས་པས་དགྱེས་ཤིང་བཞུགས་པར་སྣང་། །དེའི་ཚེ་བོན་གྱི་བླ་མ་ཅོ་བོན་གྱིམ་བུས་ལྷ་སྲས་བྱོན་པ་མཁྱེན་ཀྱང་མི་མཁྱེན་པ་བརྫུས་ནས། དྲི་བས་གསུངས་པ་ལ་ཁྱོད་མིའམ་ལྷ། ཡང་ན་འདྲེ་གང་ཡིན་ནམ། ཁོ་ན་རེ། བདག་ནི་ལྷ་བུ་མཁའ་འགྱིང་ལྷ་ཡིས་མངགས། །དབུ་ནག་མི་རྗེ་ས་དང་མི་ཡི་བདག །ལེགས་ཉེས་འབྱེད་པའི་ཕྱག་མཁས་ཐིག་འཛིན་ནོ། །ཞེས་གསུངས། དེ་ནས་ཅོ་བོན་སོགས་ཀྱིས་ལྷ་སྲས་དེ་རྒྱལ་བོར་བཀུར་ནས། གྱད་རྡོ་ཕ་བོང་མང་བ་དེ་ཡི་སྟེང་། །རྫུ་འཕྲུལ་མི་བཞིས་ཕོ་བྲང་དེ་ལ་བརྩིགས། །རྒྱལ་བོ་བཞུགས་པའི་ཁྲི་ཡང་ལེགས་པར་བཤམས། །ལུང་བའི་ཕྱོགས་བཞི་དབུས་ལྔ་གཡུ་ཐོག་ལྔ། །བརྩིགས་པས་ཕོ་བྲང་གཡུ་རྩེ་ཞེས་སུ་གྲགས། །ལྷ་སྲས་གོང་དུ་ཀུན་གྱིས་སྤྱི་རྗེ་བཀུར། །བཙན་པོ་གཉའ་གནོན་ཉམ་ཐག་མཐའ་ནས་སྐྱོང་། །མགྱོགས་ཀྱིས་སྔོན་བཅད་དཔུང་གི་ཁ་ལོ་བསྒྱུར། །ལིག་ཝེར་བཙན་ན་རབ་བརྟན་རྒྱལ་བོར་གྲགས། །རིགས་མིན་བཙུན་མ་ཙུང་ནི་ཁབ་ཏུ་བཞེས། །དེའི་ཚེ་མི་འགྱུར་འགྲན་མེད་བརྟན་བཅུ་འཛོམས། །བླ་རི་མི་འགྱུར་མཁའ་འགྱིང་ལྷ་ཡི་རི། །བླ་ཆུ་མི་འགྱུར་རྒྱལ་མོ་དངུལ་མདངས་རྒྱུན། །ཡུལ་ལྗོངས་མི་འགྱུར་བརྟན་པ་ཀ་ལིང་ཀ །གནས་བྱིན་མ་འགྱུར་སྣམ་སྣང་རྡོ་ཡི་སྐུ། །རྟེན་མཆོག་མི་འགྱུར་སྐུ་བདེ་འབྱུང་བའི་གནས། །ས་གཞི་མི་འགྱུར་དཔལ་གྱི་གྲོང་ཁྱེར་ཆེ། །རྒྱལ་བརྒྱུད་མི་འགྱུར་ལིག་ཝེར་གནམ་གྱི་རྒྱལ། །མཆོད་གནས་མི་འགྱུར་བོན་མཆོག་རིན་པོ་ཆེ། །དེ་ལྟར་གནམ་གྱི་རྒྱལ་བོའི་བྱ་ལས་དེ། །ས་དང་སྐྱེ་འགྲོའི་བསོད་ནམས་བསགས་པས་བྱུང་། །ཅོ་བོན་གྱིམ་བུའི་ཚན་ཁྲུས་བྱས་ནས་ནམ་མཁའ་རྒྱལ་བོ་མཚན་གསོལ། དེ་ནས་ས་ཕོ་སྟག་ལོ་ལ་ཡུམ་བཙུན་ཙུང་མ་ལ་དུས་བབ་དང་མཐུན་པའི་ཚེས་བཟང་དུས་བཟང་རེ་ལ་སྔ་ཕྱི་བར་གསུམ་གྱི་ཁྲི་མིང་ཐོག་པ་སྲས་གསུམ་འཁྲུངས་པ། སྲས་ཆེ་བ་དང་པོ་གསེར་ཁྲི་ཞེས་སྟོད་ཀྱི་ཐ་གྲུ་མཛད་པའི་སྟོད་ཀྱི་ཡར་ལུང་རྒྱལ་བོ་ཞེས་སུ་གྲགས། སྲས་འབྲིང་པོ་ཁྲི་འོད་དམ་ཁྲི་འོག་དེ་ཉིད་སྨད་ཀྱི་རྒྱ་ནག་གི་རྒྱ་ཐོར་ཅོག་རྒྱལ་བོར་གྲགས། སྲས་ཐ་ཆུང་ཁྲི་ཏི་རྒྱལ་བོ་ནི་ཕོ་བྲང་གཡུ་རྩེའི་རྒྱལ་སའི་མངའ་བདག་མཛད། ཅེས《བོན་གྱི་རྒྱལ་རབས་མུ་ཏིག་ཕྲེང་བ》དང《བཀའ་ཁམས་བརྒྱད་པ》སོགས་ལས་གསུངས་སོ། །ཁྲི་ཏིའི་སྲས་ཡེ་འབུམ་དཀར་པོ། དེའི་སྲས་ཞལ་དཀར། དེའི་སྲས་ཡུལ་འཁོར། དེའི་སྲས་གསེར་སློང་ཚངས་ཡིག དེའི་སྲས་བཀའ་རྟགས། དེའི་སྐབས་བཀའ་རྗེ་གཡུ་རྩེ་ཕོ་བྲང་བཞེངས། (སྔར་ཡོད་བཤེན་རབ་ལྷ་ཁང་དུ་ཁྲོ་བོ་སྟག་ལྷའི་མེ་འབར་སྲུང་མ་གསོལ་ནས། ཡུལ་བཅོ་བརྒྱད་དུ་སྲུང་དམག་དྲེགས་པ་བཅོ་བརྒྱད་དུ་བཀོལ་ལོ། །)དེའི་སྲས་ལིག་ཝེར། དེའི་སྲས་ནེ་ཝེར། དེའི་སྲས་ཏིང་ཝེར། དེའི་སྲས་སླས་ཝེར། དེའི་སྲས་དྲུང་ཅན། དེའི་སྲས་གཡུང་དྲུང་། དེའི་སྲས་དེར་འབུམ། དེའི་སྲས་གཡུ་ཡིན། དེའི་སྲས་རིན་ཆེན། དེའི་སྲས་དངུལ་འཁོར། དེའི་སྲས་གསེར་འཛིན། མང་ཁར། དེའི་སྲས་སྒོམ་བློ། དེའི་སྲས་མང་ཁར་སྒོམ་སྐྱབས། (གཡུ་རྩེ་ཕོ་བྲང་དང་གཤེན་རབ་ལྷ་ཁང་རྒྱས་སུ་བཏང་ནས་གཡུང་དྲུང་ལྷ་སྟེང་གཉིས་པོ་བཞེངས་ནས་དྲན་པ་ནམ་མཁའ་ཡབ་སྲས་སོགས་ཀྱིས་མཆོད་གནས་མཛད།)དེའི་སྲས་སྨད་པ་ཏ་ཡོད། དེའི་སྲས་ཨ་སྐྱབས། དེའི་སྲས་ཁ་ཏེ་ཉི་འབུམ། དེའི་སྲས་ཁྲོ་བོ་འབུམ་རྒྱལ་ལ་སྲས་བཞིའི་གཅེན་པོ་གྲགས་རྒྱལ། དེའི་སྲས་ཨ་དབང་། དེའི་སྲས་གཡུང་འབུམ། དེའི་སྲས་གསུམ་གྱི་འབྲིང་པོ་རྣམ་རྒྱལ་གྲགས་པ། རྣམ་རྒྱལ་གྲགས་པའི་སྲས་གསུམ་གྱི་འབྲིང་པོ་ཁྲོ་བོ་རྒྱལ། དེའི་སྲས་ཚེ་དབང་དོན་འགྲུབ། དེའི་སྲས་ཡ་དྲུང་། ཡ་དྲུང་གི་སྲས་ལྔའི་སྐུ་ཆེན་གྲགས་རྒྱལ། གྲགས་རྒྱལ་གྱི་སྲས་ཀྱི་འབྲིང་བ་རྡོ་རྗེ་རྒྱལ། དེའི་སྲས་ཟླ་བ་ལ་སྲས་གཉིས་འཁྲུངས་པའི་གཅེན་པོ་འབུམ་རྒྱལ། འབུམ་རྒྱལ་ལ་སྲས་བཞིའི་གཅེན་འོག་ཨ་བློ། དེའི་སྲས་གཉིས་ཀྱི་གཅེན་ལྷ་རྒྱལ་ལ་སྲས་མེད་པས། གཅུང་ཆུང་རྒྱལ་ལ་བ་ལྷ་འབུམ་གྱི་སྲས་ངི་སྲུང་གིས་རྒྱལ་སྲིད་སྐྱོང་བའི་དེ་ལ་སྲས་ལྔ་ཡི་གཅེན་འོག་ལྷ་དབང་རྡོ་རྗེ། དེ་ལ་སྲས་ལྔ་འཁྲུངས་པའི་གཅེན་འོག་རྡོ་རྗེ་རྒྱལ་གྱིས་རྒྱལ་སྲིད་སྐྱོང་བས་ན། རྒྱལ་བོ་རེ་ལ་སྐུ་སྲུང་གཅེན་པོ་རེ། བཞེངས་པའི་གསས་ཁང་མཛད་འཕྲིན་མཐའ་ཡས་པས། བོན་སྲིད་རྒྱལ་སྲིད་སྐྱོང་བའི་རིམ་པ་ནི། ཞིབ་པར་རྒྱལ་རབས་མུ་ཏིག་འཕྲེང་བར་གསལ། རྒྱལ་བོ་རྡོ་རྗེ་རྒྱལ་གྱི་སྲ་ལྔ་ལས་ལྕམ་སྲིང་ཨ་ཁོ་བཙན་ལྷའི་བཙུན་མོ་བྱས། གཅེན་པོ་མི་དབང་ནམ་མཁའ་རྒྱལ་བོས་ཁྱིམ་སྤངས་རབ་བྱུང་སོ་ཐར་སྡོམ་པ་བླངས་ནས་མཚན་ཡང་ནམ་མཁའ་ཡེ་ཤེས་ཞེས་སུ་གྲགས་སོ། །དེའི་རྗེས་སུ་བཞེར་ཞེས་བློན་ཆེན་བཞི་དང་། གཡུང་དྲུང་བུ་བཞི་སོགས་སྐྱེས་ནས་རྒྱལ་རོང་གི་ཡུལ་ཕྱོགས་དར་ཞིང་རྒྱས་པར་མཛད་དོ། །
      མདོར་ན་ཞང་ཞུང་རྒྱལ་གཤེན་བཅོ་བརྒྱད་ཀྱི་ཞང་རྒྱལ་འབྱུང་རྐྱེན་ནི་སུམ་པ་གླིང་གི་གྱིམ་ཤོད་ཤོད་ཆེན་སྦས་པའི་བཅོ་བརྒྱད་ཅེས་ཆུ་ཆེན་ནམ་མཁའ་རྒྱལ་བོའམ་ལིག་ཝེར་ནམ་མཁའ་རྒྱལ་བོ་ནས་བཟུང་རྒྱལ་མོ་རོང་དུ་རྒྱལ་ཕྲན་བཅོ་བརྒྱད་དུ་གྱུར། ལིག་ཝེར་ནམ་མཁའ་རྒྱལ་བོ་ནས་རྒྱལ་བོ་བསོད་ནམས་དབང་རྒྱལ་དང་མི་དབང་ནམ་མཁའ་རྒྱལ་བོའི་བར་རྒྱལ་རབས་ཞེ་ལྔ་ཙམ་བྱུང་ཡོད། དེ་དག་ལས་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་གྱེས་ཚུལ་དང་དེ་དག་གི་རྒྱལ་རབས་རིམ་བྱོན་སོགས་ཀྱི་ལོ་རྒྱུས་ཞིབ་པར་འདིར་ཡིག་ཚོགས་ལ་དོགས་ནས་རྒྱས་པར་མ་སྤྲོས། ཞིབ་པར་མཁྱེན་འདོད་ན་རྒྱལ་རོང་བ་བྲག་བར་དཔལ་ལྡན་གྱིས་བརྩམས་པའི《བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང》དང་བཙན་ལྷ་ངག་དབང་གིས་བརྩམས་པའི་ཆེད་རྩོམ་སོགས་ལ་གཟིགས་རོགས། 
      རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཐམས་ཅད་རུས་སྦྲ་ཡིན་པར་བཤད། སྤྱིར་རྒྱལ་རོང་གི་རུས་ཆེན་སྦྲ་ནི་མི་རྗེ་རྣམས་ཀྱི་གདུང་རྒྱུད་ཡིན་དགོས་པ་ལས། རྒྱལ་བོའི་གདུང་རྒྱུད་ལས་རྒྱལ་རོང་གི་མི་རྒྱུད་ཆད་པའི་དོན་ནི་མ་ཡིན་ནོ། །ཁ་ཤས་ཀྱིས་རྒྱལ་རོང་རྒྱལ་རྒྱུད་ནི་ཁྱུང་དཀར་གྱི་རྒྱུད་པ་རེད་ཟེར་མཁན་འདུག་པས་གོང་བུ་བཤད་པའི་ཁྱུང་འཕགས་ཁྲ་མོའི་གདུང་རྒྱུད་དང་ཅུང་འགལ་བ་བྱུང་ངམ་ཞེ་ན། དེ་ལ་སྐྱོན་མེད། བར་སྐབས་སུ་རྒྱལ་རོང་གི་རྒྱལ་བོ་མང་དག་ཁྱུང་འཕགས་ཁྲ་མོའི་གདུང་རྒྱུད་ཆད་ནས་ཁྱུང་པོ་སོགས་ནས་ཁྱུང་དཀར་གྱི་གདུང་རྒྱུད་རྒྱལ་རོང་དུ་སྤེལ་བའི་ལོ་རྒྱུས་མང་ངོ་། །དཔེར་ན། བྲག་སྟེང་རྒྱལ་བོར་ཁྱུང་འཕགས་ཁྲ་མོའི་གདུང་རྒྱུད་ཆད་སྐབས་རྒྱལ་བོ་དེའི་སྲས་མོ་ཧ་ཅང་མཛེས་མ་ཞིག་ཁྱུང་པོ་རུ་མནའ་མར་བརྫངས། དེ་རྗེས་མོ་ལ་བུ་མང་སྐྱེས་ནས་གཅིག་བྲག་སྟེང་དུ་ཕྱིར་བཏང་ནས་ཁྱུང་དཀར་གྱི་རིགས་བརྒྱུད་སྤེལ་བའི་ལོ་རྒྱུས་གསལ་པོ་ཡོད་འདུག རྒྱལ་བོ་གཞན་དག་ལའང་དེ་དང་འདྲ་བའི་ལོ་རྒྱུས་མང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1