སློབ་གྲྭ་ནི་སྣ་མང་ཤེས་བྱ་དར་སྤེལ་དང་རྒྱུད་འཛིན་བྱ་སའི་གནས་ཡུལ་མཆོག་ཏུ་གྱུར་པ་ཞིག་ཡིན་དགོས་ཤིང་། ཤེས་རིག་གི་རང་བཞིན་གཟུགས་བརྙན་དུ་མངོན་པར་བྱེད་པའི་འཇིག་རྟེན་གཞན་ཞིག་ཡིན་པའང་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་པ་རེད།
སྤྱི་ཟླ4པའི་ཚེས17ཉིན་བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་གྲྭའི་བོད་སྐད་ཡིག་སྡེ་ཁག་གིས། ད་ལྟའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ༼རང་སློབ་གྲྭར་བལྟས་ནས་རིགས་བསྒྲེ་བ་ཙམ་ཡིན།༽དུ་བོད་རང་གི་སྲོལ་རྒྱུན་རྒྱུན་བསྲིང་འཕེལ་རྒྱས་ལྟ་ཅི། ཐ་ན་འཚོ་བའི་རྒྱུན་སྤྱོད་མིང་ཚིག་དག་ཀྱང་སློབ་གྲྭ་སོ་སོ་ན་རིམ་གྱིས་ཉམས་བཞིན་པར་བསམ་ནས། བོད་ཀྱི་སྲོལ་རྒྱུན་རྩེད་མོ་འགའ་དང་དེའི་འབྲེལ་ཡོད་ཤེས་བྱ་དག་བྱེད་སྒོ་འདི་བརྒྱུད་ནས་བསླབ་ཕྱིའི་སྦྱོང་བརྡར་བྱས་པ་ཡིན།
བྱེ་སྒྱེ་བཀྱག་ཁུར་གྱི་འགྲན་བསྡུར།
ལག་ཤེད་འགྲན་པ།
གླང་ཆེན་ས་གཤགས།
ཁམ་བུ་རྡོ་ལེན་གྱི་འགྲན་བསྡུར།
དེ་ཡང་སློབ་མ་ཆུང་དུས་ནས་འདི་དག་ལ་གོམས་འདྲིས་དང་རྒྱུས་ལོན་ཡོང་བ་དང་། དགེ་སློབ་ཚོར་སྤྲོ་སྣང་གི་མཁའ་དབུགས་གསར་བ་ཞིག་མཁོ་སྤྲོད་བྱ་ཕྱིར། སློབ་གྲྭའི་དགེ་སློབ་ཡོངས་རྫོགས་མཉམ་ཞུགས་ཆོག་པའི་སྲོལ་རྒྱུན་རྩེད་རིགས་འགྲན་སྡུར་གྱི་བྱེད་སྒོ་འདི་སྤེལ་བ་ཡིན། འདི་ནི་གོམ་པ་དང་པོ་ཙམ་དང་རིགས་མཐུན་སློབ་གྲྭ་དག་ལ་དྲན་སྐུལ་ཙམ་ཡིན་པས། ད་དུང་མུ་མཐུད་དུ་བསླབ་ཕྱིའི་བྱེད་སྒོ་རིགས་སྣ་ཚོགས་སྟབས་བསྟུན་གྱིས་འགྲན་སྡུར་རྣམ་པའི་ཐོག་ནས་སྤེལ་འཆར་ཡིན་པའང་ཐོག་མའི་ཀུན་སློང་བཟང་པོ་ཙམ་ཡིན།