ཝང་ཡུང་གིས་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པར་ཐུག་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 04-22



 
     ཟླ་4ཚེས་18ཉིན། “དུས་རབས་ཀྱི་དཔེ་བཟང་”འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་པ་དང་། རྒྱལ་དོན་ཨུ་ཡོན་ཝང་ཡུང་གིས་སྙན་ཞུ་ཚོགས་པའི་ཚོགས་མི་ཡོངས་ལ་ཐུག་འཕྲད་གནང་བ་རེད། 
     ཝང་ཡུང་གིས་ནན་བཤད་གནང་དོན། རླབས་ཆེའི་དུས་རབས་ནང་རླབས་ཆེན་གྱི་སྙིང་སྟོབས་སྐུལ་སློང་བྱ་དགོས་ཤིང་། བླ་མེད་ཀྱི་ལས་དོན་ལ་མིག་དཔེ་བཟང་པོས་སྣེ་ཁྲིད་བྱ་དགོས། “དུས་རབས་ཀྱི་དཔེ་བཟང”བློ་མཐུན་འཆི་མེད་རྡོ་རྗེ་ནི་གཞུང་དབང་ཁེ་ལས་ཀྱི་གཞི་རིམ་ལས་ཡུལ་དང་པོའི་ལས་སྒྲུབ་མི་སྣའི་ཕུལ་བྱུང་འཐུས་ཚབ་ཡིན་ཞིང་། ཁོང་གིས་ལོ་ངོ་སུམ་ཅུ་རིང་གངས་ལྗོངས་མཐོ་སྒང་དུ་སྦྲག་རྫས་སྐྱེལ་འདྲེན་གྱི་དོན་དུ་ལང་ཚོ་ཕུལ་ཡོད་ཅིང་། ལྷག་བསམ་རྣམ་དག་དང་རང་ནུས་ཅི་ཡོད་ཀྱི་སྒོ་ནས་རང་འགན་བསྒྲུབས་པ་དང་། ལས་གནས་ཕལ་བའི་ཐོག་ནས་གྲུབ་འབྲས་ཕུལ་དུ་བྱུང་བ་བསྐྲུན་ཡོད། ཁོང་གི་སྔོན་ཐོན་གྱི་བྱས་རྗེས་ལས་ཏང་ལ་བློ་དཀར་བ་དང་། མི་དམངས་ལ་ལྷག་བསམ་ཟོལ་མེད་འཆང་བའི་རྒྱལ་གཅེས་བརྩེ་སེམས་དར་སྤེལ་ཆེན་པོ་བྱས་ཏེ།  དུས་རབས་གསར་པའི་འབད་བརྩོན་བྱེད་མཁན་གྱིས་འབད་བརྩོན་ལྷོད་མེད་དང་ཕུགས་འདུན་མངོན་འགྱུར་བྱེད་པའི་ཉམས་འགྱུར་བཟང་པོ་གཅིག་འདུས་སུ་མཚོན་པས། དུས་རབས་གསར་པར་“བོད་བསྐྱོད་རྒན་རབས་པའི”སྙིང་སྟོབས་དང་“ལམ་གཉིས”ཀྱི་སྙིང་སྟོབས་དེ་ཉམས་འགྱུར་གསར་པ་ཐོན་པར་བྱས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུན་སྟོན་དུ་བྱས་ནས། “དུས་རབས་ཀྱི་དཔེ་བཟང”བློ་མཐུན་འཆི་མེད་རྡོ་རྗེའི་སྔོན་ཐོན་གྱི་བྱས་རྗེས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས་ཤིང་། ལས་རིགས་ཁག་ཏུ་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་ལ་བརྩི་མཐོང་། སྔོན་ཐོན་དུ་འགྱུར་བར་འབད་བརྩོན་བཅས་བྱེད་པའི་རྣམ་པ་ཞིག་བསྐྲུན་དགོས། བློ་མཐུན་འཆི་མེད་རྡོ་རྗེ་མིག་དཔེར་བྱས་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ལས་གནས་ལ་དགའ་ཞིང་ལས་ལ་བརྩོན་པ། ལྷག་བསམ་ལྡན་ཞིང་འགན་འཁུར་ཕོད་པ། ལས་ཀ་ཏན་ཏན་ཏིག་ཏིག་བསྒྲུབ་པ། སྒེར་སེམས་མེད་པའི་ངང་ལེགས་སྐྱེས་འབུལ་བ། འབད་པ་ཆེན་པོས་གྲུབ་འབྲས་བཟང་པོ་བསྐྲུན་པ་བཅས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ལེགས་སྐྱེས་གསར་པ་སྔར་ལས་ཆེན་པོ་འབུལ་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1