རི་བོང་གི་བློ་རིག

དམངས་ཁྲོད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-18



སྤང་རི་ཞིག་གི་ཁྲོད་དུ་ཤྭ་བ་ཨ་མ་ཞིག་གིས་ཤྭ་ཕྲུག་ཁྲིད་དེ་སྤང་རིའི་ལོགས་སུ་རྩྭ་ཟ་བའི་སྐབས་གློ་བུར་དུ་སྤྱང་ཀི་ཞིག་རྒྱུགས་ཡོང་ནས་ཤྭ་ཕྲུག་དེ་བཟས། དེ་ལ་ཤྭ་བ་ཨ་མ་རབ་ཏུ་ཁྲོས་ཀྱང་ལན་སློག་པའི་ཐབས་མ་རྙེད། རང ་གི་གཅེས་ཕྲུག་དགྲ་ལག་ཏུ་ཤོར་བས་ཤྭ་བ་ཨ་མ་སེམས་སྐྱོ་ནས་མིག་ཆུ་འདོན་བཞིན་པའི་སྐབས་རི་བོང་ཞིག་སླེབས་ནས་རི་བོང་གིས། ཨ་ཙི་། ཨ་ཅག་ཤྭ་བ་ལགས། ཁྱེད་རང་འདི་འདྲའི་ཐུགས་སྐྱོ་ འདོག་ལ། ཡང་སྙིང་དོན་གང་ཞིག་བྱུང་སོང་ངམ་ཞེས་དྲིས། ཤྭ་མོས་མཆི་མ་འཛག་བཞིན་དུ་རང་གི་གཅེས་ཕྲུག་སྤྱང་ཀིས་བཟས་པའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་རི་བོང་ལ་བཤད་ནས་རི་བོང་ལ་དགྲ་ཤ་ལེན་པའི་རོགས་རམ་སྐྱབས་བཅོལ་ཞུས་པར་རི་བོང་ཤྭ་བ་ཨ་མར་སྙིང་རྗེ་དྲག་པོ་སྐྱེས་ནས་དེ་དོན་རོགས་པ་བྱ་ རྒྱུའི་ཁས་བླངས་བྱས། ཕྱི་ཉིན་དེར་རི་བོང་ཁ་ལ་བྱི་ རིལ་མུར་བཞིན་སྤྱང་ཚང་མདུན་དེར་ཕྱིན། སྐབས་དེར་སྤྱང་ཀིས་འབུ་ཚེ་ཟད་གྲོག་མའི་ཁར་སླེབས་སོང་སྙམ་ནས་རི་བོང་ཟ་རྩིས་བྱས་པས་རི་བོང་གིས། ཁྱེད་ཁྱིས་ང་མ་ཟ་དང་། ངས་ཁྱེད་བྱི་རིལ་སྟེར་ཆོག་ཅེས་བཤད་ནས་བྱི་རིལ་གཅིག་སྤྲད། སྤྱང་ཀིས་ཞིམ་ཐག་ཆོད་ནས་རང་གི་མིག་གཡོན་པ་དེ་བཀོག་ནས་བྱི་རིལ་དང་བརྗེས།ཡང་མིག་ཧྲིལ་གཡས་པ་དེ་བཀོག་ནས་བྱི་རིལ་དང་བརྗེས། དེ་ནས་སྤྱང་ཀི་ལ་མིག་མེད་པས་རི་བོང་གིས་ཁྲིད་དེ་ཤྭ་བ་ཨ་མ་ཡོད་སའི་ལམ་དུ་ཞུགས་ནས་ཕྱིན།
ཤྭ་བ་ཨ་མ་གཡང་གཟར་ཞིག་གི་འགྲམ་དུ་མེ་བཏང་ནས་སྒུག་ཡོད་པས་རི་བོང་དང་སྤྱང་ཀི་སླེབས། དེར་རི་བོང་གི་སྤྱང་ཀིར་ང་གཉིས་འདི་གར་མེ་བཏང་ནས་ལྟོ་ཆས་བཟའ་ཟེར། རི་བོང་གིས་སྤྱང་ཀི་གཡང་གཟར་དེའི་མཐའ་ལ་བཞག་ནས་རང་མེ་གཏོང་ཁུལ་བྱས།དེ་ནས་རི་བོང་གིས་ཨ་ཕོ་སྤྱང་ཀི་ཕར་ལ་བཤིག་ཙམ་བྱས།ཡང་རི་བོང་གིས་ཁྱེད་ད་དུང་ཕར་ལ་བཤིག་ཙམ་གྱིས་དང་ཁ་ལག་གཏོང་གྲབས་ཡོད་པས་བཞག་ས་ དགོས་ལབ་པས་སྤྱང་ཀིས་ཕར་ལ་བཤིག་ཙ་ན་དེ་མ་ ཉིད་དུ་གཡང་དུ་ལྷུང་། སྟབས་ལེགས་པ་ཞིག་ལ་སྤྱང་ ཀི་དེའི་ཁས་ཤིང་ཞིག་ཡོད་པ་ཟིན་ཙམ་བྱུང་། རི་བོང་
གིས་བྲེལ་འཚབ་ཆེ་མདོག་གིས་ཨ་ཕོ་སྤྱང་ཀི །ཁྱེད་རང་གང་དུ་ཡོད་དམ་ཞེས་སྐད་བརྒྱབ་པར་སྤྱང་ཀིས་ཨུམ་ཨུམ་ཨུམ་ཟེར། རི་བོང་གིས་ཨུམ་མ་ཟེར་ཨ་ཟེར་དང་
བཤད་པས་སྤྱང་ཀིས་ཨ་ཞེས་ཟེར་མ་ཐག་ཤིང་ཁ་ནས་ཤོར་ཏེ་གཡང་དུ་ལྷུང་བས་ཤི། དེ་ནས་ཤྭ་བ་ཨ་མས་རི་བོང་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་རང་གི་ཕྲུ་གུའི་དགྲ་ཤ་ལེན་ཐུབ་པས་སེམས་བདེ་སྟེ་གནས་སོ།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1