༄༅།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ནི་བདག་གཞན་ལ་རག་ལས་པའི་སྐོར་གླེང་བ།

དཔའ་རིས་སངས་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 04-29


དཔའ་རིས་སངས་རྒྱས།
          [ནང་དོན་གནད་བསྡུས།] བདག་གཞན་ནི་རྟགས་འཇུག་གི་སྙིང་པོ་ཡིན་དོན་དང་། བདག་གཞན་སོ་སོར་དངོས་པོ་དུ་རེ་ཡོད་པ། བདག་གཞན་གྱི་འབྲེལ་བ་ལས་གཏད་སོ་གང་དག་ཡོད་པ། དེ་མིན་བྱ་བྱེད་ལས་གསུམ་གཉིས་རེ་ཡོད་པ་གང་དག་གང་གི་ཁོངས་སུ་གཏོགས་པ། བྱ་བའི་ལས་དང་བྱེད་པའི་ལས་ཀྱི་མཚན་ཉིད་ཅི་ཡིན་པ། བྱ་བ་རིགས་གསུམ་རྟེན་ཅིང་འབྲེལ་བའི་ཡིག་གཟུགས་ཀྱི་འགྱུར་ལྡོག་ཇི་འདྲ་ཡིན་པ་སོགས་ཀྱི་སྐོར་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་ནས་གསལ་བར་བསྟན་ཡོད།
          [བརྡ་ཆད་གཙོ་བོ།] བདག་གཞན། བྱ་བྱེད་ལས་གསུམ། དུས་ཀྱི་རྣམ་གཞག
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]  H214
          [ཡིག་ཚང་མཚན་བྱང་།]  A
          [རྩོམ་གྱི་གོ་རིམ་ཨང་སྒྲིག]  1002-9060(2014)01-0003-05  
          བདག་གཞན་ཞེས་བྱ་བ་སྤྲོས་པ་ཆེ་ལ་རྟོགས་དཀའ་བ་ཞིག་ཡིན་པས། སྔོན་བྱོན་མཁས་དབང་རྣམ་པའི་སུམ་རྟགས་ཀྱི་འགྲེལ་བ་ལས། སྐོར་འདིའི་བཞེད་པ་དག་ཆ་དང་ཞིབ་ཆ་མ་ཐོན་ས་ཅུང་མང་།  རྗེས་འབྲངས་མཁས་པ་ཕལ་གྱིས་གཞུང་ལུགས་རྩ་ཆེན་འདིར་མ་རྟོགས་ལོག་རྟོག་གི་དབང་གིས་ཚིག་གི་ལོ་མས་དོན་གྱི་འབྲས་བུ་བསྒྲིབས་པ་མང་། ངས་བརྡ་སྦྲོད་ཁྲིད་པའི་ཉམས་མྱོང་དང་བློ་སྐྱེས། མཐའ་དཔྱད་པ་སོགས་ལས་བདག་གཞན་གྱི་དཀའ་གནད་ངོས་ཟིན་པ་གཤམ་གསལ།  རྟགས་འཇུག་ནི་བོད་སྐད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན། མིང་གི་སྦྱོར་བ་དང་ཚིག་གི་སྦྱོར་བའི་རྟན་གཞི་ཡིན།  རྟེན་གཞི་འདི་ལེགས་པར་ཤེས་ན།  མང་ཚིག་བརྗོད་པ་ཀུན་ལ་ཐོག་པ་མེད་འགྲོ།  རྟགས་འཇུག་ལས་གོ་དཀའ་བ་བདག་གཞན་ཡིན།  བདག་གཞན་རྟེན་ཅིང་འབྲེལ་བའི་དེ་ཉིད་རྟོགས་ན།  རྟགས་འཇུག་ལ་མངའ་བརྙེས་པར་གྱུར་ནས། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ཐོན་པར་བྱ་ཐུབ། ཁེབས་རྒྱ་ཆོད་ན་ཕྱོགས་ལྷུང་མེད།།  ཞིབ་ཆ་གསལ་ན་ངེས་ཤེས་འདྲོངས།།  བདག་གཞན་ཞེས་བྱ་བ་གསལ་བར་རྟོགས་པ་ལ།  གནད་ཀ་ལྔ་ལེགས་པར་ཤེས་དགོས།                                                  
གཅིག
          བདག་གཞན་སོ་སོར་དངོས་པོ་གསུམ་རེ་ཡོད་དེ།  བདག་གི་ཁོངས་སུ་བྱེད་པ་པོ་དང་།  བྱེད་པ་དང་། བྱེད་པའི་ལས་ཏེ་དངོས་པོ་གསུམ་འདུས་ཡོད།  བྱེད་པ་པོ་ནི་བྱ་བ་སྒྲུབ་མཁན་ཡིན།  དཔེར་ན།  སློབ་མས་དཔེ་ཆ་ལྟ།  རླུང་གིས་ཁུར་སོང་། ལྟ་བུའི་བྱ་བ་སྒྲུབ་པའི་སེམས་ཅན་དང་བེམ་པོ་སོགས་ཡིན། བྱེད་པ་ནི་བྱ་བ་སྒྲུབ་སྤྱད་དེ།ཁུར་ཚུར་གྱིས་རྡུང་། སྨྱུ་གུས་བྲིས། ལྟ་བུའི་བྱ་བ་སྒྲུབ་པའི་ཡོ་བྱད་སོགས་ཡིན།  བྱེད་པའི་ལས་ནི་ལས་ལ་སྦྱར་བའི་བྱ་བ་དེ་བྱེད་པ་པོ་དང་འབྲེལ་ནས་ཡོད་པར་ཟེར། དཔེར་ན།ཐག་གཅོད་པ།  རི་དྭགས་བསད་པ།  ལྟ་བུའི་ཐག་དང་རི་དྭགས་ནི་ལས་ཡིན།  ལས་ལ་སྦྱར་བའི་གཅོད་པ་དང་བསད་པ་ནི་བྱེད་པ་བོ་དང་འབྲེལ་བའི་བྱ་བ་ཡིན་ནོ།།  
          གཞན་གྱི་ཁུངས་སུ་བྱ་བའི་ཡུལ་དང་། ལས་དང་།  བྱ་བའི་ལས་ཏེ་དངོས་པོ་གསུམ་འདུས་ཡོད། བྱ་བའི་ཡུལ་ནི་བྱ་བའི་འཇུག་ཕྱོགས་ཏེ།  ནམ་མཁར་འཕུར།  སྣོད་དུ་འཇུག  ལྟ་བུ།  ལ་དོན་གྱི་མཚམས་སྦྱར་བའི་ནམ་མཁའ་དང་སྣོད་སོགས་ཡིན། ལས་ནི་སྒྲུབ་བྱ་སྟེ།  གླུ་བླངས། ཐག་པ་སྒྲིམ། ལྟ་བུ། བྱ་བ་ཐད་ཀར་སྦྱར་བའི་གླུ་དང་ཐག་པ་སོགས་ཡིན། བྱ་བའི་ལས་ནི་ལས་ལ་སྦྱར་བའི་བྱ་བ་དེ་བྱ་བའི་ཡུལ་དང་འབྲེལ་ནས་ཡོད་པར་ཟེར། ཐག་ཆོད་པ། རི་དྭགས་སོད་པ། ལྟ་བུའི་ཐག་དང་རི་དྭགས་ལས་ཡིན། ལས་ལ་སྦྱར་བའི་ཆོད་པ་དང་སོད་པ་ནི་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་ཡིན་ནོ།།        
གཉིས།
          བདག་གཞན་གྱི་འབྲེལ་བ་ལས་གཏད་སོ་གསུམ་ཡོད་དེ།   བྱེད་པ་པོའི་གཏད་སོ་བྱ་བའི་ཡུལ་ཡིན། བྱ་བའི་ཡུལ་མེད་ན། བྱེད་པ་པོར་གོ་སྤྱད་ས་མེད། བྱེད་པའི་གཏད་སོ་ལས་ཡིན། ལས་རྒྱུ་མེད་ན་ཡོ་བྱད་བཀོལ་ས་མེད། བྱེད་ལས་ཀྱི་གཏད་སོ་བྱ་ལས་ཡིན། བྱ་ལས་འགྲུབ་རྒྱུ་མེད་ན། བྱེད་ལས་སྒྲུབ་དོན་མེད། བདག་གཞན་རྣམས་གསལ་གྱི་མཚན་གཞི་རེ་བཀོད་ན།  ཤིང་བཟོས་ནགས་ཚལ་དུ་སྟ་རེས་ཤིང་བཅད་ནས་ཆོད་པ།  ལྟ་བུ། ཚིག་འདི་ལས་ཤིང་བཟོ་དང་སྟ་རེ་དང་བཅད་པ་གསུམ་བདག་གི་དངོས་པོ་ཡིན་ཞིང་། ནགས་ཚལ་དང་ཤིང་དང་ཆོད་པ་གསུམ་གཞན་གྱི་དངོས་པོ་ཡིན། བདག་གཞན་གང་རུང་གིས་དངོས་པོ་ཁེར་རེ་ཞིག་ཆད་ཀྱང་།  འདོད་དོན་འགྲུབ་པར་མི་འགྱུར་རོ། །
གསུམ།
          བྱ་བའི་མིང་བྱ་བྱེད་ལས་ལ་འཇུག་པ་ཁྱབ་སྟེ།  བྱ་བ་དུས་ཀྱི་བབ་དང་བསྟུན།། ཤེས་པར་བྱེད་པའི་མ་འོངས་པ་ལ་བསླབ་པ་དང་།  ད་ལྟ་བ་ལ་སློབ་པ་དང་། འདས་པ་ལ་བསླབས་པ་དང་། སྐུལ་ཚིག་ལ་སློབས་ཟེར་བ་ལྟ་བུ་སོགས་སོ།།  བྱེད་པ་ད་ལྟ་བ་ཡིས་འདོགས།།  ཤེས་པར་བྱེད་པོ་ལ་སློབ་པ་བོའམ།  སློབ་བྱེད་དམ།  སློབ་དཔོན་ནམ། །སློབ་མའམ་སློབ་བུའམ་སློབ་གྲྭ་ལྟ་བུ་སོགས་སོ།།ལས་ནི་མ་འོངས་པ་ཡིས་སྒྲུབ།། ཤེས་པར་བྱ་བ་ལ་བསླབ་པར་བྱ་བའམ། བསླབ་བྱའམ། བསླབ་པའམ། བསླབ་དེབ་ལྟ་བུ་སོགས་སོ།། གོང་གསལ་གྱི་དཔེར་བརྗོད་དེ་བྱ་བའི་མིང་གིས་སྒྲུབ་པར་བྱེད་ན། གཅོད་པ་པོས་གཅད་ཡུལ་དུ་གཅོད་བྱེད་ཀྱིས་གཅད་བྱ་བཅད་ནས་ཆོད་པ། ལྟ་བུ། བྱ་བའི་མིང་ལས་དང་བྱེད་པའི་དོད་དུ་སྦྱར་ན། དངོས་པོ་དེ་དག་གི་ཁྱབ་ཇེ་ཆེར་གཏང་བའི་ཕན་པ་ཡོད་དེ། ལས་ཀྱི་དངོས་པོ་ཤིང་མ་ཟད། ལྕགས་སྐུད་དམ། ཐག་པའམ།  རས་སམ།  ས་མཚམས་སོགས་ཀྱང་བསྟན་ཆོག  བྱེད་པའི་དངོས་པོ་སྟ་རེ་མ་ཟད། སོག་ལེའམ། གྲིའམ། ཆ་ནའམ།  སྐམ་པ་སོགས་ཀྱང་བསྟན་ཆོག་པའོ།
བཞི།
          བྱ་བའི་མིང་ལ་རིགས་གསུམ་གྱི་རྣམ་དབྱེ་ཡོད།  བྱ་བའི་མིང་ལ་བདག་དང་འབྲེལ་བ་དང་།  གཞན་དང་འབྲེལ་བ་དང་། བདག་གཞན་གང་འང་མ་འབྲེལ་བའི་རྣམ་དབྱེ་གསུམ་ཡོད། བདག་དང་འབྲེལ་བའི་བྱ་བ་ནི།བྱེད་པ་པོའི་རྩོལ་བ་སྟེ།  སྤྱིར་འདས་མ་འོངས་ད་ལྟ་སྐུལ་ཚིག་སྟེ་རྣམ་པ་བཞི་ཡོད། རྣམ་པ་གང་མ་ཚང་ན། ཚིག་གྲོགས་སྦྱར་ནས་གསལ་བར་བྱ་དགོས།  བྱ་བ་འདི་རིགས་སྤྱི་བྱེ་ཐར་བུ་གསུམ་དུ་འདུས།  
          དུས་གསུམ་སྤྱི་ཁྱབ་པ་ནི། སྔོན་འཇུག་གསུམ་གྱིས་དུས་གསུམ་སོ་སོ་ཁྱབ་པར་སྟོན་པ་ཞིག་ཡིན། སྔོན་འཇུག་བ་ཡིས་འདས་པ་དང་། འ་ཡིས་ད་ལྟ་བ་དང་། ག་ད་གཉིས་ཀྱིས་མ་འོངས་པ་བསྟན་པ་། སྐུལ་ཚིག་ལ་སྔོན་འཇུག་མི་ཐོབ། དཔེར་ན། གནོད་པ་དགག་བྱ་འགོག་བྱེད་ཁོགས་ཤིག་བཀག།  གདན་དཀར་གདིང་བྱ་འདིང་བྱེད་ཐོངས་ཤིག་བཏིང་།།   ཐབས་ཀྱིས་གཅུན་བྱ་འཆུན་བྱེད་ཆུན་ཅིག་བཅུན།། རྗེས་སུ་གདའ་བ་འདེད་བྱེད་དེད་ཅིག་བདས།།  ལྟ་བུ་སོགས་ཡིན་པ་ལས།  མིང་གཞིའང་སྤྱིར་སྡེ་བ་གང་གི་དང་བོ་འདས་པ་དང་། གཉིས་པ་སྐུལ་ཚིག་དང་། གསུམ་པ་ད་ལྟ་བ་དང་མ་འོངས་པ་ཡིན། གལ་ཏེ་ད་མ་འོངས་གང་ཞིག་སྔོན་འཇུག་གི་འཇུག་ཡུལ་དང་མི་མཐུན་ན། སྔོན་འཇུག་གི་དབང་ཆེ་བས། སྡེ་བ་གཞན་ལས་བྱེད་རྩོལ་མཉམ་པའི་སྒྲ་ཞིག་བླངས་ནས་དེའི་དོད་དུ་འཇུག་དགོས།  དཔེར་ན། ཕས་རྒོལ་གཞོམ་བྱ་འཇོམས་བྱེད་ཆོམས་ཤིག་བཅོམ།། ལག་ཏུ་གཟུང་བྱ་འཛིན་བྱེད་ཟུངས་ཤིག་བཟུང་།། ལྟ་བུའོ།། དུས་གསུམ་བྱེ་བྲག་པ་ནི། དུས་གསུམ་ལས་དུས་གཉིས་བྱེ་བྲག་ཏུ་སྔོན་འཇུག་གིས་བསྟན་པ་ཞིག་ཡིན།  དཔེར་ན། རིག་གནས་བསླབ་བྱ་སློབ་བྱེད་སློབས་ཤིག་བསླབས།། དཔེ་ཆ་བཀླག་བྱ་ཀློག་བྱ་ཀློགས་ཤིག་བཀླགས།། གནས་ནས་དབྱུང་བྱ་འབྱིན་བྱེད་ཕྱུངས་ཤིག་ཕྱུང་།། སོ་སོར་དབྲལ་བྱ་འཕྲལ་བྱེད་ཕྲོལ་ཅིག་ཕྲལ།། ལྟ་བུ་སོགས་ཏེ། གཙོ་བོར་མིང་གཞི་བརྩེགས་མ་བསྟན་པ་ལས།མ་འོངས་པར་ཡང་འཇུག་སྦྱར་ན་འདས་པ་དང་། ད་ལྟ་བ་ལ་ཡང་འཇུག་སྦྱར་ན་སྐུལ་ཚིག་གོ། མིང་གཞི་རྐྱང་བའི་ད་ལྟ་བ་དང་མ་འོངས་པ་ལ་སྔོན་འཇུག་སོ་སོས་བསྟན་པ་ལས།  འདས་སྐུལ་གཉིས་ལ་སྔོན་འཇུག་མེད།  
          དུས་གསུམ་ཐོར་བུ་བ་ནི། དུས་གསུམ་ཕལ་ཆེར་འཇུག་ཡང་འཇུག་ཡོད་མེད་དང་།  དབྱངས་མི་གཅིག་པ་དང་། སྔོན་འཇུག་རེས་དུས་རེ་སོགས་ཐོར་བུའི་ཚུལ་དུ་བསྟན་པ་ཞིག་ཡིན།  དཔེར་ན། བརྟག་དཔྱད་བགྱི་བ་བགྱིད་བྱེད་གྱིས་ཤིག་བགྱིས།། འོ་ཞག་གཞབ་བྱ་གཞོབ་བྱེད་གཞོབས་ཤིག་བཞབས། མགྲོན་དུ་དྲང་བྱ་འདྲེན་བྱེད་དྲོངས་ཤིག་དྲངས།། གསང་བ་སྦ་བྱ་སྦེད་བྱེད་སྦོས་ཤིག་སྦས།།  ལྟ་བུ་སོགས་སོ།།  
          གཞན་དང་འབྲེལ་བའི་བྱ་བ་ནི། ལས་ཀྱི་འགྱུར་བ་སྟེ། བྱེད་པའི་རྩོལ་བ་ལས་ལ་སྦྱར་བ་ལས།  ལས་ཀྱི་རྣམ་པ་འགྱུར་བའམ་ལས་ཀྱི་ངོ་བོ་མངོན་པར་འགྱུར་བ་སོགས་ཡིན།  དཔེར་ན།  ཤིང་ཆོད་པ་ཞེ་ན། ཤིང་ནི་ལས་ཏེ།ལས་ཀྱི་དངོས་པོ་བཅད་པའི་རྩོལ་བ་ལས་རྣམ་པ་འགྱུར་བ་ལ་ཆོད་པ་ཟེར། གཟུགས་མཐོང་ཞེ་ན། གཟུགས་ནི་ལས་དེ། ལས་ཀྱི་དངོས་པོ་བཅད་པའི་རྩོལ་བ་ལས་ངོ་བོ་མངོན་པར་འགྱུར་བ་ལ་མཐོང་བ་ཟེར།  དེས་ན།  བཅད་ནས་ཆོད་པ་དང་། བལྟས་ནས་མཐོང་བ་ལས། བཅད་པ་དང་བལྟས་པ།  འབྲས་བུ་སྐྱེད་བྱེད་ཀྱི་རྒྱུ་དང་།  ཆོད་པ་དང་མཐོང་བ། རྒྱུ་ལས་བྱུང་བའི་འབྲས་བུ་ཡིན། དེས་ན་བདག་འབྲེལ་གྱི་བྱ་བ་དང་།  གཞན་འབྲེལ་གྱི་བྱ་བ་གཉིས་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན། བྱ་བ་འདི་རིགས་ལ་དུས་ཀྱི་རྣམ་གཞག་མེད། རྒྱུ་མཚན་ནི་བྱེད་པའི་རྩོལ་བ་རྫོགས་པར་བརྟེན་ནས་ལས་ཀྱི་འགྱུར་བ་ཅིག་ཅར་བྱུང་བ་ཡིན་པས།ཡིག་གཟུགས་སྣ་ཁ་གཅིག་ལས་མེད་དོ།། གཞན་འབྲེལ་གྱི་བྱ་བ་འདི་བདག་འབྲེལ་གྱི་བྱ་བ་ལ་བརྟེན་ནས་བྱུང་བ་ཡིན་པས། གཉིས་ཀ་ལྷན་ཏུ་སྦྱར་ན་ཁ་གསལ།  གནད་འཛིན་ས་ནི། སྒྲ་དྲག་ཞན་ནམ་ལྕི་ཡང་གི་ཁྱད་པར་ཡིན། མདོར་བསྡུས་ན་ཚན་པ་བཞིས་ངེས་ཤེས་འདྲོངས་ཐུབ།  
          1.མིང་གཞི་གཅིག་པའི་རྐྱང་བརྩེགས་ནི།།  བརྩེགས་པ་བདག་དང་རྐྱང་བ་གཞན།། (ཀོར་རྟགས་བདག་དང་ཐིག་རྟགས་གཞན་མཚོན་པ་ཡིན་)དཔེར་ན།  གཟུ་བས་བསྡུམ༷ས་ནས་འདུམ་པར་འགྱུར།།  ཐ་གུ་བསྒྲིམ༷་པ་ཧ་ཅང་གྲིམ།། ཆུ་ལ་སྦང༷ས་ནས་སྙི་མོར་བངས།། དང་དུ་བླང༷ས་ན་ཅི་ཡང་ལོན།། ལྟ་བུ་སོགས་དང་།  
          2.མིང་གཞི་རྐྱང་བ་གཅིག་པའི་ཁྱད།། འཕུལ་ཅན་བདག་དང་འཕུལ་མེད་གཞན།།  འཕུལ་མེད་བདག་ཏུ་གྱུར་ན་ནི།།  གཞན་འབྲེལ་འ་ཡིས་འཕུལ་བར་བྱ།།དཔེར་ན།  ཅོག་ཙེར་བ༷ཞག་ནས་མ་ཞོག་ལྷུང་།།  བློ་ལ་བ༷ཟུང་ཡང་མ་ཟིན་པ །། སྨན་གྱིས་གསོས༷་ནས་ལེགས་པར་སོས།། དབྱུག་པས་གཉོགས༷་ནས་ཤ་རུས་ཉོག། མགྲོན་པོ་དྲང༷ས་ནས་འདྲོངས་པ་དགའ། ལྟ་བུ་སོགས་དང་།  
          3.སྡེ་མཐུན་མིང་གཞི་རྐྱང་བརྩེགས་ལས།།  བརྩེགས་པ་བདག་སྟེ་ཕོ་ཡིག་དང་།།  རྐྱང་བ་གཞན་ཏེ་མ་ནིང་ཡིན།།  དཔེར་ན།  ལོང་བས་བལྟས༷་ཀྱང་མཐོང་རྒྱུ་མེད།།དེ་འདྲ་མ་སྟུང༷་ཐུང་འགྲོ་ལ།།   གོ་ས་སྤར༷་ནས་མཐོན་པོར་འཕར།།   ནོར་ལུག་སྤེལ༷་ནས་འཕེལ་བ་མགྱོགས།།ལྟ་བུ་སོགས་དང་།  
          4.སྡེ་མཐུན་མིང་གཞི་རྐྱང་བའི་ཁྱད།།  བདག་གི་འདས་པ་ཕོ་ཡིན་ན།། གཞན་གྱི་མིང་གཞི་མ་ནིང་ཡིན།།བདག་གི་འདས་པ་མ་ནིང་ལ།། གཞན་གྱི་མིང་གཞི་མོ་རུ་གྱུར།། བདག་གི་འདས་པ་མོ་ཡིན་ན།། གཞན་ནི་དེ་བས་ཞན་པའི་མོའོ།།  
          དཔེར་ན།   གཏེར་རྫས་བ༷ཏོན་ནས་ཐོན་པ་མང་།།ཞགས་པ་བ༷ཏབ་པ་རྐེ་ལ་ཐེབས།།  ཕྱི་ལ་ཕྱུང༷་བ་མ་ལུས་བྱུང་།། སོ་སོར་ཕྲལ༷་ནས་བྲལ་བར་གྱུར།།  ཁུག་ཁ་བསུམ༷ས་ནས་དམ་པོར་ཟུམ།།  རྩིག་པ་བ༷ཤིགས་ནས་ཞིག་པ་དྲུད།། ལྟ་བུ་སོགས་སོ།།   
          བདག་གཞན་གང་ལའང་མ་འབྲེལ་བའི་བྱ་བ་ནི།ངང་གིས་བྱུང་བ་སྟེ། སེམས་ཅན་ནམ་བེམ་པོ་གང་ཡིན་རུང་། ལས་དང་བྱེད་པ་གང་ལའང་བརྟེན་རྒྱུ་མེད་པར་རང་ཤུགས་སུ་བྱུང་བའི་བྱ་བ་ཡིན། བྱ་བ་འདི་རིགས་འགྲོ་བ་མི་ལ་མ་གཏོགས་སྐུལ་ཚིག་མེད། སེམས་ཅན་གཞན་དང་བེམ་པོ་གང་ཡང་སྐད་ཆ་ཉན་མི་ཤེས་པའི་ཕྱིར། ངང་གིས་བྱུང་བའི་བྱ་བ་ལས།།  དུས་ཀྱི་རྣམ་བཞག་ཚང་བ་དཀོན།། ཡིག་གཟུགས་གཉིས་ཅན་ཤིན་ཏུ་མང་།། ཡིག་གཟུགས་གཅིག་པའང་མི་ཉུང་ངོ་།། དཔེར་ན།  རྟ་ལས་བབ་བྱ་འབབ་བྱེད་བོབ་ཅིག་བབས།།  བུ་ཕྲུག་བལྟམ་བྱ་ལྟམ་བྱེད་བལྟམས་པ་ལེགས།། ལྟོ་ཚེ་འབྱིད་བྱ་འབྱིད་བྱེད་ཕྱིད་ན་དགའ།།  གཡང་ལ་ལྟུང་བྱ་ལྟུང་བྱེད་ལྷུང་བར་གྱུར།།  ཆང་གི་བཟི་བྱ་བཟི་བྱེད་བཟིས་ནས་གཉིད།།  ཁྲི་ལ་བཞུགས་བྱ་བཞུགས་བྱེད་བཞུགས་ཤིག་བཞུགས།།  ལྟ་བུ་སོགས་སོ།།           
ལྔ་བ།
          བྱ་བ་རིགས་གསུམ་རྟེན་ཅིང་འབྲེལ་བའི་འབྱུང་སྲོལ་ནི།   བྱ་བ་རིགས་གསུམ་རྟེན་ཅིང་འབྲེལ་བར་བྱུང་བ་ཧ་ཅང་མང་། བདག་འབྲེལ་བྱ་བའི་མིང་གི་མིང་གཞི་འདས་པ་གཞིར་བཟུང་བ་ཡིན། རྟེན་འབྲེལ་འབྱུང་ལུགས་གཉིས་ཏེ། (ཀོར་རྟགས་བདག་དང་། ཐིག་རྟགས་གཞན་དང་། འཁྱུག་རྟགས་བདག་གཞན་མ་འབྲེལ་བ་ཡིན)  
          1.སྡེ་བ་གཅིག་པའི་མིང་གཞི་རྐྱང་བའི་ཁྱད།།  དང་པོ་བདག་དང་གཉིས་པ་གཞན་འབྲེལ་དང་།།  གསུམ་པ་བདག་གཞན་གང་ལའང་མ་འབྲེལ་བ།།  
དཔེར་ན།  བ༷ཀྱགས་ན་ཁྱོག་ཅིང་ནོན་ཆས་སྡུག་མ་ཁྱག། མདུད་པ་བ༷ཀྲོལ་ནས་མ་འཁྲོལ་ཅི་ལ་གྲོལ།། བ༷ཏོན་ནས་མ་ཐོན་རང་གིས་དོན་པ་ཡིན།།  མེ་ཏོག་ཁ་བྱེ་ཕྱེས༷་ནས་ཕྱེད་པ་མིན།།  དཔྲུལ༷་ནས་ཕྲུལ་བའི་གོར་བྲུལ་སྐམ་པོ་ཟ།།  བ༷ཙུགས་ནས་མ་ཚུགས་འདམ་ལ་ཟུག་པར་གྱུར།།ཆུ་ནང་དིམ་པ་བ༷སྟིམས་ནས་ཐིམ་པ་མིན།།  སྲིན་བུ་འབེལ་བ་སྤེལ༷་ནས་འཕེལ་བ་མིན།།  ལྟ་བུ་སོགས་དང་། 
          2.མིང་གཞི་རྐྱང་བརྩེགས་ཕལ་ལམ་གཅིག་པ་ལས།།བདག་ལ་བརྩེགས་པ་གཞན་ལ་གང་རུང་ལྡན།།  བདག་གཞན་མ་འབྲེལ་བ་ལ་རྐྱང་བས་ཁྱབ།།  
          དཔེར་ན།  ལག་རྩལ་སྦྱང༷ས་ནས་འབྱོངས་པ་རབ་ཏུ་བྱང་།།  གྱང་ལ་སྦྱར༷་ནས་འབྱོར་ཞིང་འབྱར་ནས་འདུག།  གཅིག་ཏུ་འདོམས་པ་བསྡམ༷ས་ནས་དོམ་པ་མིན།།བསླབ༷ས་ནས་ལྡོབས་སྐྱེན་པས་ན་ཅི་ཡང་ལོབ།།  སློད༷་ནས་ལྷོད་པ་མིན་ཡང་ཁྱི་ལས་ལོད།།  ཁུང་བུ་བ༷རྟོལ་ནས་བརྡོལ་བ་ཕྱི་ལ་ཐོལ།། ལྟ་བུ་སོགས་སོ།།  
          གོང་གསལ་བྱ་བའི་མིང་རྟེན་ཅིང་འབྲེལ་བའི་རིགས་གསུམ་གྱི་དབྱེ་བ་མངོན་སུམ་དུ་ཡོད་ཀྱང་། གསུམ་གསུམ་དུ་འཛོམས་པའི་ངེས་པ་མེད་དེ།  ལས་ཀྱི་དངོས་པོ་སྔར་མེད་གང་།  རྩོལ་བ་ལས་ཆོས་ཅན་ཞིག་ཏུ་གྲུབ་པ་ལ། བྱེད་པའི་ལས་ཡོད་ཀྱང་བྱ་བའི་ལས་མེད་དེ།  སྐུ་འདྲ་བཞེངས་པ།  ཡི་གེ་འབྲི་བ།  རི་མོ་བརྐོ་བ་ལྟ་བུ་རྣམས་སོ།།  ལས་ཀྱི་དངོས་པོ་སྔར་ཡོད་པ་གང་།  བྱེད་པའི་རྩོལ་བ་ལས།  རྣམ་པ་གཞན་ཞིག་ཏུ་འགྱུར་བའམ་ངོ་བོ་མངོན་པར་འགྱུར་བ་ལ། བྱེད་ལས་བྱ་ལས་གཉིས་ཀ་ཡོད་ཀྱང་། དེ་ལུགས་དང་འབྲེལ་བའི་རང་བྱུང་གི་སྣང་ཚུལ་མེད་པ་ལ།  བདག་གཞན་དང་མ་འབྲེལ་བའི་བྱ་བ་མེད་དེ།  རས་གཤགས་ནས་ཤོགས་པ།  གདན་དྲངས་ནས་འདྲོངས་པ། བལྟས་ནས་མཐོང་བ་ལྟ་བུ་རྣམས་སོ། བེམ་པོ་གང་ཞིག་རང་གི་ངང་གིས་འགྱུར་ལྡོག་བྱུང་བ་ལས།  བྱེད་པོའི་ལས་སུ་མི་རུང་བ་ལ། བྱ་ལས་དང་བྱེད་ལས་གང་ཡང་མེད་དེ། ཉི་མ་ཤར་བ། རླུང་གཡུག་པ། མེ་ཏོག་བཞད་པ་ལྟ་བུ་རྣམས་སོ།། སེམས་ཅན་གང་ཞིག་ལས་ལ་མ་བལྟོས་པར། རང་གི་འདུ་བྱེད་ངང་ངམ་ཤུགས་ཀྱིས་བྱུང་བ་ལ། བདག་གཞན་དང་མ་འབྲེལ་བའི་བྱ་བ་ཙམ་ལས་མེད་དེ། ང་འགྲོ། རྟ་འཚེར། ལྟ་བུ་རྣམས་སོ།།  
          བྱ་བ་རིགས་གསུམ་ལེགས་པར་ཤེས་ན། གཏམ་ཉན་པ་དང་དཔེ་ཆ་ཀློག་པ་ལས། བྱ་ཚིག་ལ་མགོ་མི་རྨོངས་པ། དཔེར་ན། དོན་གྱི་དེ་ཉིད་མ་རྟོགས་ན།། ཁ་ཚོན་བཅད་པ་རང་འཚང་ཡིན།། ཞེས་པ་ལས། རྟོགས་པ་ནི་གཞན་དང་འབྲེལ་བའི་བྱ་བ་དང་། བཅད་པ་ནི་བདག་དང་འབྲེལ་བའི་བྱ་བ་ཡིན་པར་གོ་བུ་བཟང་བོ་ཁ་བཤད་དོན་ལ་གནས།། མཚོན་རྣོན་པོ་ཤ་ཆོད་རུས་པ་ཐུབ།། ཅེས་པ་ལས། ཆོད་པ་དང་ཐུབ་པ་ནི། བཅད་པ་དང་གཏུབས་པ་ལས་བྱུང་བའི་ལས་ཀྱི་འགྱུར་བ་ཡིན་པར་གོ ལག་པ་ཡ་མས་ཐལ་མོ་མི་དོབ།། རྐང་བ་ཡ་མས་གོམ་པ་མི་འཕོ།ཞེས་པ་ལས། དོབ་པ་དང་འཕོ་བ་བརྡབས་པ་དང་སྤོས་པ་ལ་བརྟེན་ནས་བྱུང་བ་ཡིན་པས་གཞན་འབྲེལ་གྱི་བྱ་བ་ཡིན་པར་གོབསྡད་ནས་ཟོས་ན་རི་ཡང་འཛད།། ལས་ལ་འབད་ན་མཛོད་ཀྱང་འགྲུབ།། ཞེས་པ་ལས། ཟོས་པ་དང་འབད་པ་ནི་བྱེད་པའི་རྩོལ་བ་དང་། འཛད་པ་དང་འགྲུབ་པ་ནི།ངང་གིས་བྱུང་བ་ཡིན་པར་གོ་བའོ།།  
          བྱ་བ་རིགས་གསུམ་གང་འོས་སུ་ཚིག་སྦྱོར་དུ་འཇུག་མཁས་ན། ངག་བརྗིད་ཀྱང་བརྗོད་བདེ། ཚིག་ཉམས་མཛེས་ཤིང་དོན་ཉམས་གསལ། རྩོམ་གྱི་མེ་ལོང་དུ་ངག་གི་དཔལ་ཤར་རོ།།  
          སྨྲས་པ། རྟགས་ཀྱི་འཇུག་པར་གསལ་བ་ན།།
          སྒྲ་སྦྱོར་རིག་པའི་རྩ་བ་ཟིན།།
          བྱ་བའི་བརྡ་ལ་བྱང་ཆུབ་ན།། 
          མིང་གི་རྒྱ་མཚོའི་ཕྱེད་ཀ་དབང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1