ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-25



           ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་གཙོ་སྐྱོང་གནང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་ཞན་ཆ་དང་མི་འདང་སར་གཞིགས་ནས་གནད་འཕིགས་འགག་གཏོར་བྱེད་པ་དང་། དཀའ་གནད་སེལ་ཕོད་པ་དང་དཀའ་གནད་སེལ་མཁས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་ནན་གསུངས་གནང་བ་དང་། ལི་ཁེ་ཆང་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་གནང་བ།
           ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཚེས་༢༢ཉིན་གྱི་སྔ་དྲོ་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་གཙོ་སྐྱོང་གནང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་ཞན་ཆ་གསབ་རྒྱུའི་གནད་དོན་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་གནང་ཡོད། ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོན་པར་འཕྲད་པའི་མི་འདང་སའི་གནད་དོན་ལ་ངོས་འཛིན་ཡང་དག་ཐུབ་པ་དང་། མི་འདང་སར་དོ་ཁུར་བྱེད་པ། གནད་འཕིགས་འགག་གཏོར་བྱེད་དགོས། དཀའ་གནད་སེལ་ཕོད་པ་དང་དཀའ་གནད་སེལ་མཁས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་གསུངས་གནང་ཡོད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་གནང་ཡོད།
           གྲོས་ཚོགས་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་བསྡོམས་རྩིས་ཅུད། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་། ཀྲུང་གུང་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཞུང་ལས་ཁང་། ཞིང་ལས་དང་གྲོང་གསེབ་པུའུ་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་མི་འདང་སའི་གནད་དོན་སྐོར་གྱི་སྙན་སེང་གསན་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཁག་གི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་སེང་གསན་ཡོད་པ་རེད།
           གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་ཁ་ཕྱོགས་པ་དེ་འབད་འཐབ་དམིགས་འབེན་ལ་བརྩིས་ཏེ། འགག་སྒྲོལ་དཀའ་སེལ་དང་། དཀའ་སྤྱད་མདུན་སྐྱོད་བྱས་པས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག་པའི་དུས་སུ་ཏང་ཀྲུང་དབྱང་གིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཐབ་ཇུས་བསམ་བློ་བཏོན་ཚུན། མི་རབས་ཁ་ཤས་ཀྱིས་མུ་མཐུད་འབད་འཐབ་བྱས་པ་བརྒྱུད་སྤྱིའི་ཆ་ནས་བརྗོད་ན་རང་རྒྱལ་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། མིག་སྔར། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་མི་འདང་ས་གནས་ཡོད་པས་ངེས་པར་དུ་གང་མགྱོགས་གསབ་དགོས། ལས་དོན་ཁྲོད་སྤྱིའི་དམིགས་འབེན་དང་སྒེར་གྱི་དམིགས་འབེན་གྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ་བྱེད་པ་དང་། བལྟོས་མེད་ཚད་གཞི་དང་བལྟོས་བཅས་ཚད་གཞིའི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ་བྱེད་པ། ངེས་ཚད་དབྱེ་ཞིབ་དང་ངེས་གཤིས་བརྡར་གཅོད་ཀྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས། འཕེལ་རིམ་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་པའི་རྨང་གཞིའི་སྟེང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་གནས་པའི་མངོན་གསལ་དོད་པའི་མི་འདང་ས་དང་ངེས་པར་དུ་སྒྲུབ་དགོས་པའི་ལས་འགན་ནན་ཏན་ངང་གསལ་པོ་བཟོ་དགོས་པ་དང་། གཙོ་བོ་ནི་རྒན་རྒོན་དང་ཉམས་ཞན། ནད་པ། དབང་པོ་སྐྱོན་ཅན། དབུལ་ཕོངས་བཅས་ཀྱི་མི་སྣ་དང་ཆེས་དབུལ་ཕོངས་ས་ཁུལ་སོགས་ལ་མི་འདང་ས་མངོན་གསལ་དོད་པོ་གནས་ཡོད་པས་ལས་དོན་སྤེལ་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་བསྟན་ཡོད་པ་དང་།
           གྲོས་ཚོགས་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་བར་ལོ་གཉིས་མ་ཟིན་ཙམ་གྱི་དུས་ཚོད་ལས་མེད་པས་བཟང་ཆ་གཅིག་སྡུད་ཀྱིས་ལས་དོན་ཡག་པོ་སྒྲུབ་དགོས། དབུལ་སྐྱོར་འགག་གཏོར་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་པར་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་དེ་ཆེས་དབུལ་ཕོངས་ས་ཁུལ་དུ་འཇོག་དགོས་པ་དང་། ཡོངས་ཁྱབ་ཏུ་སེམས་ཁྲལ་མེད་པ་གཉིས་མངོན་འགྱུར་བྱུང་བའི་རྨང་གཞིའི་སྟེང་འགན་ལེན་གསུམ་ལ་འཕྲད་པའི་མཐའ་མའི་དཀའ་གནད་གཙོ་གནད་ཐོག་སེལ་དགོས། ས་ཁུལ་གཙོ་བོའི་ཁོར་ཡུག་གི་བཙོག་སྐྱོན་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། སྦགས་བཙོག་འགོག་བཅོས་འགག་གཏོར་ཡག་པོ་བྱེད་པ། སྤྱི་ལོ་༢༠༢༠ལོའི་དུས་མཚམས་རང་བཞིན་གྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས། དམངས་གཙོའི་ཁྱབ་ཁོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མགྱོགས་སུ་གཏོང་བ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་དང་འཐུང་ཆུའི་བདེ་འཇགས། བྱིས་སྐྱོང་དང་རྒན་གསོ་སོགས་ཀྱི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཁག་གཅིག་གི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། སྤྱི་ཚོགས་འགན་བཅོལ་གྱི་མ་མཐའི་སྒྲིག་གཞི་འཐུས་ཚང་བཟོ་བ། མ་མཐའི་འཚོ་བའི་འགན་ལེན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འགན་སྲུང་བྱེད་དགོས་པ་རྣམས་འགན་སྲུང་གང་ཐུབ་བྱེད་པ། གཞི་རྩའི་འཚོ་བའི་དམར་ཐིག་འགན་ལེན་བྱེད་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཙོ་གཟུགས་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དམིགས་འབེན་དམ་འཛིན་དང་དམ་པ་དོན་གཉེར་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱེད་པ། ས་གནས་ཁག་གི་གོང་འཕེལ་ཆུ་ཚད་ལ་ཁྱད་པར་ཡོད་པས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་མཐའ་མའི་དུས་མཚམས་ཀྱི་ལས་དོན་ལའང་ཕྱོགས་ལྷུང་ཡོད་དགོས། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་མཐའ་མའི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། འཕེལ་ཕྱོགས་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པ་འགོ་བཙུགས་ནས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་འབྲེལ་མཐུད་ཡག་པོ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།
           གྲོས་ཚོགས་ཐོག ལོ་གཅིག་དུས་གཅིག་གི་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ནི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་བླང་བྱ་ཡིན་ལ། ཆབ་སྲིད་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན། ས་གནས་ཁག་དང་ཚན་པ་ཁག་གིས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ལས་དོན་འབོར་ཆེན་བསྒྲུབས་པས་སྤྱིའི་ཕན་འབྲས་ཡག་པོ་ཐོན་ཡོད། གྲོས་ཚོགས་ཐོག་བཏོན་པའི་གལ་ཆེའི་རིག་ལམ་དང་བྱ་ཐབས་ཁག་གཅིག་ཞིབ་ཕྲ་བཟོ་བ་དང་། གཙོ་གནད་ལས་དོན་དོན་འཁྱོལ་ཡག་པོ་བྱ་རྒྱུར་དམ་འཛིན་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། མེད་པ་བཟོ་བ་གསུམ་དང་གཅིག་གཅོག་གཅིག་གསབ་ཀྱི་གྲུབ་འབྲས་སྲ་བརྟན་གཏོང་བ། གཙོ་གཟུགས་ཆུང་བའི་གསོན་ཤུགས་ཤུགས་ཆེར་གཏོང་བ། ཐོན་ལས་འབྲེལ་ཐག་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཡོང་བ་བྱེད་དགོས། སྤྱི་ཁོག་སྲིད་ཇུས་དུས་འཁོར་ལས་ལྡོག་པའི་སྙོམ་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་མཐོ་རུ་ཤུགས་ཆེན་གཏོང་བ། དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་ཉུང་གཏོང་གང་མགྱོགས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། དངུལ་ལོར་སྲིད་ཇུས་དམ་ལྷུག་འཚམ་པོ་བྱེད་པ། དཔལ་འབྱོར་འཕར་སྣོན་དང་རིན་གོང་གནས་བབ་ཀྱི་འགྱུར་བར་གཞིགས་ནས་དུས་ཐོག་ཏུ་སྔོན་དཔགས་སྙོམ་སྒྲིག་དང་སྙོམ་སྒྲིག་ཕྲན་བུ་བྱེད་པ་བཅས་བྱས་ཏེ། དངོས་གཟུགས་དཔལ་འབྱོར་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འགག་གཏོར་དམག་འཐབ་གསུམ་ཡག་པོ་རྒྱག་པ་དང་། སྔོན་གཏན་འཁེལ་བའི་བཀོད་སྒྲིག་ལྟར། ནུས་ཤུགས་ཡོད་རྒུས་ལས་དོན་སྒྲུབ་སྟེ། འཕེལ་རིམ་གལ་ཆེན་ཐོན་རྒྱུའི་འགན་ལེན་བྱེད་དགོས། སྒྱུར་བཅོས་སྒོ་དབྱེར་གལ་ཆེའི་འཕེལ་རིམ་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེ་བེད་སྤྱོད་ཡག་པོ་བྱས་ནས་སྒྱུར་བཅོས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རིམ་འཕར་བྱེད་དགོས། གོ་སྐབས་གསར་པར་དམ་འཛིན་ཡག་པོ་བྱེད་པ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྱུར་དང་རིམ་འཕར་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ནུས་པ་མཐོ་རུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། གནོད་མེད་གོང་འཕེལ་བྱེད་མགྱོགས་སུ་གཏོང་བ། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་བརྗེ་སྒྱུར་ནང་ཞུགས་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་དེ་བས་མང་བ་རྒྱག་དགོས་ཞེས་བཏོན་ཡོད་པ་དང་།
           གྲོས་ཚོགས་ཐོག ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་པ་ནི་ལག་བསྟར་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། སེམས་ལ་ཟུག་པ་དང་། དགོངས་དོན་གྱི་ངོ་བོ་དངོས་ཁོང་དུ་ཆུད་པ་བྱེད་དགོས། ལས་འགན་ཁ་བགོས་དང་སྙན་ཞུ་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་སོགས་འབྲེལ་ཡོད་ལས་དོན་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ས་གནས་ཁག་དང་ཚན་པ་ཁག་གིས་གྲོས་ཚོགས་ཀྱི་དགོངས་དོན་དང་རང་ངོས་ཀྱི་འགན་འཁྲིར་གཞིགས་ནས་དུས་ཐོག་དང་རང་འགུལ་ངང་ལས་དོན་སྤེལ་བ་དང་། ཏང་ཀྲུང་དབྱང་གི་དགོངས་དོན་དང་ས་གནས་དེ་རང་དང་ཁྱབ་ཁོངས་དེ་རང་གི་དོན་དངོས་དང་ཟུང་འབྲེལ་ནུས་ལྡན་བྱེད་པ། ཏང་ཀྲུང་དབྱང་གི་བླང་བྱ་ཞིབ་ཕྲ་བཟོ་བ་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པ་བཟོ་བ་དང་། འབོད་ཚིག་ཆེན་པོ་སྒྲོག་པ་ལས་དོན་འཁྱོལ་ཡག་པོ་མི་བྱེད་པར་བཀག་འགོག་བྱེད་པ། རྫུན་བཟོ་དང་མགོ་བདེ་སྐབས་འཚོལ་ལ་བཀག་འགོག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
           ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་གནང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1