ལིན་ཡུས་ཐང་གིས་བརྩམས། གཡུ་ལུང་གཡུང་དྲུང་འབུམ་གྱིས་བསྒྱུར།
དཔེ་ཀློག་གམ་དཔེ་ཆ་ལོངས་སུ་སྤྱོད་པ་དེ་ནི་བློ་སྦྱོང་གི་ཐབས་ལམ་ཡག་པོ་ཞིག་ཡིན། ང་ཚོས་དཔེ་ཆ་ཀློག་པ་དང་དཔེ་ཆ་མི་ཀློག་པའི་མི་གཉིས་ཀྱི་འཚོ་བའི་ཧེ་བག་གཤིབ་བསྡུར་ཞིག་བྱས་ན། གནད་འདི་ཧ་ཅང་རྟོགས་སླ། ཡུལ་དུས་གཉིས་ཀྱི་ཆ་ནས། དཔེ་ཀློག་གི་གོམས་གཤིས་ཆགས་མེད་པའི་མི་དེའི་མིག་མདུན་གྱི་འཇིག་རྟེན་ནི་ཁབ་མིག་ལས་ཀྱང་དོག་ལ། ཁོའི་འཚོ་བ་དེ་ཡང་བསྐྱར་དཔར་བྱས་པ་དང་མཚུངས། གྲོགས་པོ་ངོ་ཤེས་དང་ཁ་བརྡ་བྱེད་སྐབས་ཀྱང་ཁོ་ནི་རང་གི་ཉེ་འཁོར་དུ་བྱུང་བའི་དོན་དག་ཙག་ཙིག་གི་བཙོན་ར་དེ་ལས་ཐར་མི་ཐུབ། ཡིན་ནའང་། ཁོས་དཔེ་དེབ་ཅིག་བཟུང་བའི་སྐབས་དེ་ནས་ཁོ་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་རེད། གལ་སྲིད་དེ་ནི་དཔེ་དེབ་ལེགས་པོ་ཞིག་ཡིན་ཚེ། ཁོས་འཇིག་རྟེན་གྱི་མཁས་པ་ཆེན་པོར་འབྲེལ་འདྲིས་བྱེད་པ་དང་མཚུངས། དེས་ཁོའི་མདུན་སྐྱོད་ལ་སྣེ་སྟོན་བྱས་ནས་རྒྱལ་ཁབ་དང་དུས་རབས་མི་འདྲ་བ་ཞིག་ཏུ་འཁྲིད་ངེས། ཡང་ན་ཁོར་མི་སྒེར་གྱི་ནོངས་འགྱོད་ལྷུག་པར་བརྗོད་སྲིད་ལ། ཡང་ན་ཁོར་དེ་སྔ་མི་ཤེས་པའི་ཤེས་བྱ་དང་འཚོ་བའི་གནད་དོན་ལ་ཡང་བགྲོ་གླེང་བྱེད་སྲིད།
གནའ་བོའི་རྩོམ་པ་པོ་ཞིག་གིས་ཀློག་པ་པོར་གནའ་སྔ་མོའི་འདས་པོ་གང་རུང་དང་འབྲེལ་འདྲིས་བྱེད་དུ་འཇུག ཁོས་ཀློག་པའི་སྐབས་སུ་གནའ་རབས་རྩོམ་པ་པོ་དེའི་ངོ་གདོང་ཇི་ལྟ་བུ་ཞིག་ཡིན་པ་དང་། མི་ཅི་འདྲ་ཞིག་ཡིན་མིན་ལ་རྟོག་འཆར་བྱེད་མགོ་བརྩམས་ཡོད། མེང་ཙི་དང་ཀྲུང་གོའི་ཆེས་རླབས་ཆེ་བའི་ལོ་རྒྱུས་སྨྲ་བ་སི་མ་ཆན་ལའང་དེ་འདྲའི་ལྟ་ཚུལ་བྱུང་མྱོང་། མི་ཞིག་དུས་ཚོད་བཅུ་གཉིས་ཀྱི་རིང་། འཇིག་རྟེན་མི་འདྲ་བ་ཞིག་ཏུ་འཚོ་བ་རོལ་ན། མིག་མདུན་གྱི་དངོས་ཡོད་ཁོར་ཡུག་དེ་རྦད་དེ་བརྗེད་འགྲོ།
དེ་ནི་ད་གཟོད་ལུས་པོའི་བཙོན་ར་ལས་ཐར་ཐུབ་ཀྱིན་མེད་པའི་ཁོ་ཚོ་ཕྲག་དོག་དང་ལྷན་དུ་ཡིད་སྨོན་སྐྱེས་པའི་གཞི་ཡིན་ལ། འགྱུར་ལྡོག་དེ་ནི་སེམས་ཁམས་ཀྱི་ཤུགས་རྐྱེན་ཐད་ནས། ཡུལ་སྐོར་ལྗོངས་རྒྱུ་དང་དབྱེར་མ་མཆིས། དེར་མ་ཟད་དཔེ་དེབ་ཀྱིས་ཀློག་པ་པོ་དེ་བསམ་བློ་དང་རང་བརྟག་གི་ཁམས་ཤིག་ཏུ་འཁྲིད་སྲིད། དངོས་བྱུང་གི་དོན་དག་དང་འབྲེལ་བའི་དཔེ་ཆ་ཞིག་ཡིན་ན། དངོས་སུ་མཐོང་བའི་དོན་དག་གམ་དངོས་སུ་བརྒྱུད་པའི་གནས་བབ་དང་། དཔེ་ཆའི་ཁྲོད་ཀྱི་དོན་དག་དེ་གཉིས་བར་མི་འདྲ་ས་ཞིག་ཡོད། དེའི་རྒྱུ་མཚན་ནི་དཔེ་དེབ་ཏུ་ཞིབ་བརྗོད་བྱེད་པའི་དོན་དག་དེ་ཏག་ཏག་ལྗོངས་རྣམ་ཞིག་ཏུ་གྲུབ་ཚར་དུས། ཀློག་པ་པོ་དེའང་ཟུར་གྱི་ལྟད་མོ་བ་ཞིག་ཏུ་གྱུར་ཡོད།
དེའི་རྐྱེན་གྱིས། ཆེས་ལེགས་པའི་དཔེ་དེབ་དེའང་ང་ཚོ་དེ་ལྟ་བུའི་བསམ་གཞིག་གི་ཀློང་དུ་ཁྲིད་པའི་དཔེ་དེབ་ཡིན་པ་ལས། དོན་དག་གི་མགོ་མཇུག་སྙན་ཞུ་བྱེད་པ་དེ་ཁོ་ན་ལྟ་བུའི་དཔེ་དེབ་མ་ཡིན་ནོ།།ངས་བལྟས་ན་མི་རྣམས་ཀྱིས་དུས་ཚོད་འབོར་ཆེན་སྤྱད་ནས་ཚགས་པར་ཀློག་གིན་ཡོད་མོད། དེ་ནི་དཔེ་ཀློག་མིན་ཏེ། སྤྱིར་བཏང་ཚགས་པར་ཀློག་མཁན་ཕལ་ཆེར་གྱིས་དོན་རྐྱེན་གྱི་འབྱུང་རྐྱེན་དང་ཡང་ན་བྱུང་རིམ་གྱི་རྣམ་པ་ཙམ་ལས་གནད་དུ་ཐིངས་པའི་བསམ་གཞིག་གི་རིན་ཐང་རྩ་བ་ནས་རྙེད་ཐབས་མེད་དོ། །
ངའི་ལྟ་ཚུལ་ལྟར་ན། དཔེ་ཀློག་གི་དམིགས་ཡུལ་ཐད་ནས་སུང་རྒྱལ་རབས་ཀྱི་སྙན་ངག་པ་དང་སུའུ་ཏུང་ཕོའི་གྲོགས་པོ་ཧོང་ཧྲན་ཀུའུ་ཡིས་གསུངས་པའི་གཏམ་དེ་རབ་ཏུ་བདེན་པར་སྙམ་མོ། ། ཁོང་གིས“ཉིན་གསུམ་ལ་དཔེ་ཆ་མ་བཀླགས་ན། སྐད་ཆ་མེད་ཅིང་གཞན་ངོར་བལྟ་བར་ཡང་འཚེར་སྣང་འབྱུང”ཞེས་གསུངས་མྱོང་། ཁོའི་བསྟན་དོན་ནི་དཔེ་ཀློག་གིས་མི་ཚེར་མཛེས་པ་སྩོལ་ཞིང་འཚོ་བར་བྲོ་བ་སྦྱིན་པར་འདོད། འདི་ནི་ད་གཟོད་དཔེ་ཀློག་གི་དམིགས་ཡུལ་ངོ་མ་དེ་ཡིན་ལ། དམིགས་ཡུལ་འདི་འདྲ་བཅངས་ནས་དཔེ་ཀློག་བྱེད་པ་ལ་སྒྱུ་རྩལ་ཞེས་ཀྱང་འབོད་ཆོག
མི་ཞིག་གིས་དཔེ་ཀློག་བྱེད་པའི་དམིགས་ཡུལ་ནི“བློ་སེམས་ལེགས་བཅོས”བྱེད་པ་ཁོ་ན་མིན། རྒྱུ་མཚན་ནི་ཁོས་བློ་སེམས་ལེགས་བཅོས་ཀྱི་མགོ་རྩོམ་དུས། དཔེ་ཀློག་གི་སྤྲོ་བ་ཡོད་ཚད་ཉམས་འགྲོ་བས་ཡིན།
ཁོས་རང་ཉིད་ལ་བཤད་རྒྱུར“ངས་ངེས་པར་དུ་ཤིག་སེ་ཕེར་གྱི་བརྩམས་ཆོས་དང་སའོ་ཧྥུ་ཁུ་ལེ་སིའི་བརྩམས་ཆོས། འབུམ་རམས་པ་དབྱི་ལི་ཨོ་ཐིའི《ཧ་ཧྥོའི་འཛམ་གླིང་ཕུལ་བྱུང་བརྩམས་ཆོས་གཅེས་བཏུས》བཅས་བཀླགས་ནས་མི་ཡག་པོ་ཞིག་ཏུ་འགྱུར་བར་བརྩོན་རྒྱུ་ཡིན”ཟེར་མོད། ངས་མི་དེ་ནམ་ཡང་མི་ཡག་པོ་ཞིག་ཏུ་འགྱུར་མི་ཐུབ་ཅེས་བཤད་ཕོད། ཉིན་ཞིག་གི་དགོང་མོར་ཁོས་བཙན་ཚུགས་ཀྱིས་ཤིག་སེ་ཕེར་གྱི《ཧམ་ལེ་ཐི》བཀླགས། བཀླགས་ནའང་གཉིད་གུང་གི་རྨི་ལམ་ལས་སད་པ་ལྟར་ཁོས《ཧམ་ལེ་ཐི》བཀླགས་ཟིན་ཞེས་བཤད་ཆོག་པ་མ་གཏོགས་གཞན་ཕན་ཡོན་གང་ཡང་ཐོན་ཐུབ་མེད། གལ་ཏེ་མི་ཞིག་གིས་འགན་འཁུར་གྱི་འདུ་ཤེས་ཀྱིས་དཔེ་ཀློག་བྱས་ཚེ། དེས་དཔེ་ཀློག་གི་སྒྱུ་རྩལ་ལ་གོ་བ་ལོན་མི་སྲིད།
འགན་ཁུར་འདུ་ཤེས་ཀྱི་དཔེ་ཀློག་བྱེད་ཐབས་ནི་གྲོས་ཞུགས་པ་ཞིག་གིས་གཏམ་བཤད་སྔོན་གྱི་ཡིག་ཆ་ལྟ་ཀློག་དང་སྙན་ཞུ་བྱེད་པ་དང་དབྱེར་མ་མཆིས། དེ་ནི་དཔེ་ཀློག་མིན་པར་ལས་རིགས་འཚོལ་སྙེག་གི་སྙན་ཞུ་དང་ཆ་འཕྲིན་ཞིག་རེད། དེའི་རྐྱེན་གྱིས་ཧོང་ཧྲན་ཀུའུ་ཡི་སྐད་ཆ་དེར་གཞིགས་ན། མི་སྒེར་གྱི་བློ་སྦྱོང་ངོས་ནས་ཕྱི་ཚུལ་གྱི་ཁྱད་འཕགས་དང་ཚིག་སྦྱོར་གྱི་རོ་བཅུད་དམིགས་ཡུལ་དུ་འཛིན་པའི་དཔེ་ཀློག་དེ་ནི་ད་གཟོད་བསྟོད་བསྔགས་བྱེད་དགོས་པའི་དཔེ་ཀློག་བྱེད་ཐབས་ཉག་གཅིག་གོ། འདིའི་ཕྱི་ཚུལ་གྱི་ཁྱད་འཕགས་ཞེས་པ་ལུས་ཕུང་གི་མཛེས་པ་ཞིག་ཏུ་གོ་མི་རུང་བ་མངོན་གསལ་རེད། རུས་ཧོང་ཅན་གྱིས་བཤད་པའི“གཞན་ངོར་བལྟ་བར་ཡང་འཚེར་སྣང་འབྱུང”ཞེས་པ་དེ་ལུས་པོའི་མདངས་བཙོག་པ་ལ་གོ་བ་མ་ཡིན། མདངས་ཉམས་པའི་ངོ་གདོང་ལའང་སྐབས་རེར་མི་སེམས་སྒུལ་བའི་མཛེས་པ་མངོན་ལ། མཛེས་སྡུག་གི་བཞིན་རས་ཀྱིས་ཀྱང་ལན་རེར་མི་རྣམས་ལ་སུན་སྣང་སྟེར། ང་ལ་ཀྲུང་གོའི་གྲོགས་པོ་ཞིག་ཡོད། མགོ་རུས་ཀྱི་རྣམ་པ་ནི་འགད་རྫས་ཤིག་དང་མཚུངས་མོད། མི་རྣམས་ཀྱིས་ཁོ་མཐོང་མ་ཐག་སྤྲོ་བ་འཕེལ་བར་བྱེད། ངས་འདྲ་པར་སྟེང་མཐོང་བའི་ནུབ་གླིང་གི་རྩོམ་པ་པོ་ལས། ངོ་གདོང་ཆེས་མཛེས་སྡུག་ལྡན་པ་དེ་ནི་ཅེ་སི་ཐོ་ཏོན་ཡིན་དགོས། ཁོའི་ཁ་སྤུ་དང་མིག་ཤེལ། རྫོངས་མཐུག་པའི་སྨིན་མ་གཉིས་བར་གྱི་རྒས་གཉེར་ཟབ་མོ་དེ་བཅས་ཀྱིས་གདོན་འདྲེ་གང་ཞིག་གི་བྱད་བཞིན་དང་མཚུངས་པ་ཞིག་གྲུབ་འདུག
ང་ཚོས་ཀླད་པའི་ནང་ལ་དྲན་ཤེས་མང་པོ་འཁོར་ཞིང་དུས་ནམ་ཡང་མཚར་སྣང་དང་སྐྱེན་མྱུར་གྱི་མིག་ཟུང་ལས་ཅི་ཞིག་བརྡོལ་ཡོང་ངམ་སྙམ་པ་ཞིག་མངོན། དེ་ནི་ད་གཟོད་རུས་ཧོང་ཅན་གྱིས་བཤད་པའི་མཛེས་སྡུག་གི་བཞིན་རས་ཏེ། སྒེག་ཚོས་ཀྱིས་མཛེས་བཟོ་བྱས་པའི་བཞིན་རས་དེ་མ་ཡིན་པར་བསམ་བློའི་སྟོབས་ཤུགས་ཀྱིས་བསྐྲུན་པའི་ལྷད་མེད་ཀྱི་བཞིན་རས་དེའོ།། ཚིག་སྦྱོར་གྱི་རོ་བཅུད་གླེང་དུས། དེ་ནི་ཐད་ཀར་མི་ཞིག་གི་དཔེ་ཀློག་གི་བྱེད་ཐབས་ཅི་འདྲ་ཡིན་པར་བལྟ་དགོས། མི་ཞིག་གི་ཚིག་སྦྱོར་ནང“བྲོ་བ”ཡོད་མེད་དེ། ཐད་ཀར་མི་དེའི་དཔེ་ཀློག་གི་བྱེད་ཐབས་དང་རག་ལས་ཡོད། གལ་ཏེ་ཀློག་པ་པོར་དཔེ་ཆའི་ཁྲོད་ཀྱི་བྲོ་བ་དེ་ཐོབ་སོང་ན། ཁོའི་ཚིག་སྦྱོར་གྱི་རོ་བཅུད་མངོན་ཐུབ་པ་ཡིན་ལ། གལ་ཏེ་ཁོའི་ཚིག་སྦྱོར་ལ་རོ་བཅུད་ཡོད་ན། ཁོས་རྩོམ་འབྲི་བའི་སྐབས་ཀྱང་རོ་བཅུད་དེ་མི་མངོན་པ་མི་སྲིད། དེའི་རྐྱེན་གྱིས་ངས་བསམ་ན་རོ་བཅུད་དང་འདོད་ཧམ་དེ་ནི་དཔེ་དེབ་ཡོད་ཚད་ཀློག་པའི་འགག་རྩ་རེད།
འདོད་ཧམ་དེ་ཟས་ཟ་བའི་ཡི་ག་ཇི་བཞིན་རང་རང་ལ་གདམ་གའི་རང་བཞིན་ཡོད། མི་ཞིག་བཟའ་བར་དགའ་བའི་ཟ་མ་བཟའ་བ་དེ་ནི་ད་གཟོད་ཆེས་འཚམ་པའི་བཟའ་བཏུང་གི་ཐབས་ཤེས་ཡིན། རྒྱུ་མཚན་ནི་ཁོས་ཟ་མ་འདི་དག་ཟོས་ན་ཕོ་བར་འཇུ་བདེ་བ་ཤེས།
དཔེ་ཆ་ཀློག་པ་ནི་ཟ་མ་བཟའ་བ་དང་གཅིག་མཚུངས་ཡིན།“མི་གཅིག་གིས་ཟོས་ན་བཅུད་སྨན་ཡིན་རུང་། མི་གཞན་ཞིག་གིས་ཟོས་ན་དུག་རྫས་སུ་འགྱུར་སྲིད། ”དགེ་རྒན་གྱིས་བཙན་གྱིས་སློབ་མར་དཔེ་ཆ་ཀློག་ཏུ་འཇུག་མི་རུང་ལ། ཕ་མས་ཀྱང་བུ་བུ་མོའི་ཡི་ག་ཁོ་ཚོ་དང་མཉམ་པའི་རེ་བ་འཆང་མི་རུང་ངོ་། །
གལ་ཏེ་ཀློག་པ་པོ་རང་གིས་ཀློག་པའི་དཔེ་ཆ་དེར་སྤྲོ་སྣང་མེད་ན། དུས་ཚོད་ཆུད་ཟོས་སུ་གཏོང་བ་ལས་མ་འདས། ཡོན་ཀྲུང་ལིང་གིས་ཀྱང“རང་ཉིད་ཀྱིས་བལྟ་མི་འདོད་པའི་དཔེ་ཆ་དེ་གཞན་ལ་ཀློག་ཏུ་ཆུགས”ཞེས་གསུངས་མྱོང་། དེའི་རྐྱེན་གྱིས་འཇིག་རྟེན་ན་མི་ཞིག་གིས་ངེས་པར་བཀླག་དགོས་པའི་དཔེ་ཆ་ཞིག་མེད་དེ། ང་ཚོའི་འཇོན་ནུས་ཀྱི་སྤྲོ་སྣང་དེ་ལྗོན་ཤིང་ཇི་བཞིན་སྐྱེས་ཤིང་གཙང་བོ་ཇི་བཞིན་བཞུར་གྱིན་པས་སོ། ། འོས་འཚམ་གྱི་བརླན་ཆ་ཡོད་ན་སྡོང་པོ་རང་བཞིན་གྱིས་སྐྱེས་འོངས་ལ། འཛད་མེད་ཀྱི་ཆུ་མིག་ཡོད་ན་གཙང་བོའང་ངང་ངམ་ཤུགས་ཀྱིས་བཞུར་འོངས། ཆུ་རྒྱུན་དེ་བྲག་རྡོ་དང་འཕྲད་ཚེ་བྱོལ་ནས་འགྲམ་དུ་བཞུར་འགྲོ་ལ། ཆུ་རྒྱུན་དེ་སའི་ཀོང་བུ་ཞིག་དང་འཕྲད་ཚེ་དེ་རུ་ཡུད་ཙམ་ལ་འཁྱིལ་སྲིད། ཆུ་རྒྱུན་དེ་གཏིང་ཟབ་པའི་རྫིང་བུ་ཞིག་ཏུ་སླེབས་སྐབས་འཇམ་ཐིང་ངེར་དེ་རུ་འཁྱིལ་ནས་འདུག་སྲིད། ཆུ་རྒྱུན་དེ་ངོས་གཟར་བོ་ཞིག་དང་འཕྲད་དུས་མདུན་ཕྱོགས་སུ་དྲག་ཏུ་འབབ་སྲིད། དེ་ལྟར་ཡིན་ཚེ། ཁོས་སྟོབས་ཤུགས་དང་ནུས་པ་ཅི་ཡང་མ་བཀོལ་ཞིང་།ངེས་གཏན་གྱི་དམིགས་ཡུལ་ཡང་མེད་མོད། ཁོ་གང་ལྟར་ཉིན་ཞིག་རྒྱ་མཚོར་སླེབས་ཐུབ།
འཇིག་རྟེན་དུ་མི་ཚང་མས་ངེས་པར་ཀློག་དགོས་པའི་དཔེ་ཆ་ཞིག་མེད། ཡུལ་དུས་ག་གེ་མོ་དང་ཁོར་ཡུག་ག་གེ་མོ་སྟེ། ཚེ་སྲོག་གི་དུས་རིམ་ག་གེ་མོར་ད་གཟོད་ངེས་པར་དུ་བཀླག་དགོས་པའི་དཔེ་ཆ་ཡོད།
ངས་དཔེ་ཆ་ཀློག་པ་དང་གཉེན་སྒྲིག་པ་གཉིས་གཅིག་མཚུངས་ཡིན་ཞིང་དེ་ནི་ལས་དབང་གི་བཀོད་སྒྲིག་དང་རྟེན་འབྲེལ་གྱི་རྒྱུ་རྐྱེན་གྱིས་ཐག་བཅད་པར་འདོད།
དཔེ་དེབ《ཡེ་ཤུའི་གསུང་རབ》ལ་ཆ་བཞག་ན། མི་རེ་རེས་ངེས་པར་ཀློག་དགོས་མོད། འདི་བཀླག་པར་ཡང་ངེས་གཏན་གྱི་དུས་ཚོད་ཅིག་ཡོད། མི་ཞིག་གི་བསམ་བློ་དང་ཉམས་མྱོང་དེ་བརྩམས་ཆོས་གྲགས་ཅན་ཀློག་པའི་ཆུ་ཚད་ལ་སླེབས་མེད་དུས། བརྩམས་ཆོས་གྲགས་ཅན་དེས་ཀྱང་བྲོ་བ་ངན་པ་ཞིག་སྟེར་སྲིད།
ཁུང་ཙིས“ལྔ་བཅུའི་དུས་སུ《ཀྲོའུ་ཡུས་སྤོར་ཐང》སྦྱོང”ཞེས་གསུངས་མྱོང་། གསལ་པོར་བཤད་ན། ལོ་ཞེ་ལྔའི་སྐབས་ཀྱང《ཀྲོའུ་ཡུས་སྤོར་ཐང》མ་ཀློག་ཅེས་པའི་དོན་རེད། 《ཁུང་ཙིའི་གསུང་སྒྲོས》ཀྱི་བབ་ཆགས་ཞི་དུལ་གྱི་མཛེས་པའི་བསླབ་བྱ་དང་། ཁོའི་ནང་བྱན་ཆུད་པའི་བློ་རིག་གི་སྙིང་བཅུད་ལ། ཀློག་པ་པོ་རང་ཉིད་ནང་བྱན་མ་ཆུད་གོང་རོལ་མྱོང་བྱེད་མི་རུང་།
དཔེ་དེབ་གཅིག་ཀློག་པ་པོ་གཅིག་གིས་བཀླགས་ནའང་སྐབས་མི་འདྲ་བར་བྱུང་བའི་མྱོང་ཚོར་ནི་ཐ་དད་ཡིན། དེ་བཞིན་དུ་ཕུལ་བྱུང་མི་སྣའི་རྩོམ་ཡིག་ཀློག་སྐབས་ཀྱི་མྱོང་ཚོར་ལས་ངོ་འཕྲད་དེ་བགྲོ་གླེང་བྱས་རྗེས་ཡང་བསྐྱར་དེའི་རྩོམ་ཡིག་བཀླགས་ན་སྔར་ལས་ཟབ་པའི་བློ་བསྐྱེད་འཐོབ་ངེས། ཡང་མི་དེ་དང་འབྲེལ་ཐག་བཅད་རྗེས། ཁོའི་རྩོམ་ཡིག་ལ་བལྟས་ན་ཚོར་བ་དེ་ཡང་གཞན་ཞིག་གོ །
ལོ་བཞི་བཅུའི་དུས་སུ《ཀྲོའུ་ཡུས་སྤོར་ཐང》ཀློག་པ་དེ་བྲོ་བ་ཞིག་ཡིན་ལ། འཇིག་རྟེན་གྱི་འཕོ་འགྱུར་བརྒྱུད་པའི་ལྔ་བཅུའི་དུས་སུ་ཡང་བསྐྱར《ཀྲོའུ་ཡུས་སྤོར་ཐང》ཀློག་པ་དེ་ཡང་བྲོ་བ་གཞན་ཞིག་ཡིན། དེའི་རྐྱེན་གྱིས་དཔེ་དེབ་བཟང་བོ་བསྐྱར་ཀློག་བྱས་ན་ཕན་ཡོན་དང་སྤྲོ་སྣང་གསར་བ་འཕེལ་ཐུབ།
ང་སློབ་ཆེན་དུ་ཡོད་པའི་སྐབས་སྐབས་ཤིག་ལ་སློབ་གྲྭས《ནུབ་ཕྱོགས་སུ་འགྲིམ་པའི་ཟིན་ཐོ》དང《ཧེ་རའེ་ཨི་སི་མོང》བཅས་བཙན་གྱིས་ཀློག་ཏུ་བཅུག ཡིན་ནའང་། ང་རང་དེ་དུས་ལོ་ན་བཅུ་ཡས་མས་ཡིན་པས། 《ནུབ་ཕྱོགས་སུ་འགྲིམ་པའི་ཟིན་ཐོ》ཡི་ཕན་ནུས་ལ་རོལ་མྱོང་བྱེད་ཐུབ་ཀྱང་། 《ཧེ་རའེ་ཨི་སི་མོང》གི་བྲོ་བ་ངོ་མ་དེ་རྩ་བ་ནས་རོལ་མྱོང་བྱེད་ཐུབ་མེད། རྗེས་སུ་རིམ་གྱིས་ཕྱིར་འདང་རེ་བརྒྱབ་ཚེ། ད་གཟོད་དཔེ་ཆ་དེ་དག་གི་བྲོ་བ་དེ་སྐབས་དེའི་ངའི་རོལ་མྱོང་གི་བྲོ་བ་ལས་ཕུན་སུམ་ཚོགས་པོ་ཡོད་མེད་ལ་ཡིད་གཉིས་ཐེ་ཚོམ་དུ་གྱུར།
དེ་ལྟར་ན་དཔེ་ཀློག་ལ་ཕྱོགས་གཉིས་ཏེ། གཅིག་ནི་རྩོམ་པ་པོ་དང་ཡང་གཅིག་ནི་ཀློག་པ་པོ་ཡིན། སོ་སོར་ཐོབ་པའི་ཕན་འབྲས་ཀྱི་ཐད་ནས། ཀློག་པ་པོར་ཡང་ཁོ་རང་ཉིད་ཀྱི་མཐོང་རྒྱ་དང་ཉམས་མྱོང་ཀྱིས་ཕུལ་བའི་སྟོབས་ནུས་དེ་རྩོམ་མཁན་རང་ཉིད་དང་གཅིག་མཚུངས་སུ་ཡོད། སུང་རྒྱལ་རབས་ཀྱི་རུའུ་ལུགས་པ་སྐུ་ཞབས་ཁྲེན་ཡུས་ཁྲོན་གྱིས《ཁུང་ཙིའི་གསུང་སྒྲོས》གླེང་སྐབས“《ཁུང་ཙིའི་གསུང་སྒྲོས》ནི་བཀླགས་དང་མ་བཀླག་རྦད་དེ་གཅིག་ཡིན། བཀླགས་རྗེས་ཚིག་རྐང་གཅིག་གཉིས་ལ་དགའ་བ་དང་། བཀླགས་རྗེས་ཤེས་མེད་ཚོར་མེད་ངང་རྐང་འཁྲབ་ལག་འཁྲབ་བྱེད་དགོས”ཞེས་གསུངས་མྱོང་།
ངས་བསམ་ན་མི་ཞིག་གིས་ཁོ་རང་ཆེས་དགའ་བའི་རྩོམ་པ་པོ་ཞིག་རྙེད་རྒྱུ་དེ་ཁོའི་ཤེས་བྱ་འཕེལ་རྒྱས་ཀྱི་དོན་དག་ཆེས་གལ་ཆེན་ཞིག་ཡིན་པར་འདོད། འཇིག་རྟེན་གྱི་མི་སྐོར་ཞིག་གི་སེམས་ཁམས་དངོས་གནས་རིགས་འདྲ་བར་སྣང་། མི་ཞིག་གིས་གནའ་དེང་གི་རྩོམ་པ་པོའི་ཁྲོད་ངེས་པར་དུ་ཁོ་རང་ཉིད་དང་སེམས་ཁམས་འདྲ་བའི་རྩོམ་པ་པོ་ཞིག་འཚོལ་དགོས། ཁོས་དེ་ལྟར་བྱས་ན་ད་གཟོད་དཔེ་ཀློག་གི་ཕན་ཡོན་ངོ་མ་ཐོབ་ཐུབ།
མི་ཞིག་གིས་ངེས་པར་དུ་རང་ཚུགས་རང་རྟོགས་ཀྱིས་ཁོའི་དགེ་རྒན་བཙལ་བ་ལ། སུས་ཀྱང་ཁྱོད་ཆེས་དགའ་བའི་རྩོམ་པ་པོ་དེ་སུ་ཡིན་པ་མི་ཤེས་ལ། ཐ་ན་ཁྱོད་རང་ཉིད་ཀྱིས་ཀྱང་མི་ཤེས་ན་ཐང་། གཞན་གྱིས་ཀློག་པ་པོར་ཁྱོད་རྩོམ་པ་པོ་འདི་དང་རྩོམ་པ་པོ་གན་ལ་དགའ་དགོས་ཞེས་མི་ཟེར། ཡིན་ཡང་། ཀློག་པ་པོ་ཁོ་རང་དགའ་བའི་རྩོམ་མཁན་དེ་རྙེད་དུས། ཁོ་རང་ཉིད་ཀྱིས་རང་བཞིན་ངང་གིས་ཤེས་ཐུབ། རྩོམ་མཁན་གསར་རྙེད་ཀྱི་དོན་དག་དང་འབྲེལ་ནས།ང་ཚོས་གསུང་རྩོམ་གྲགས་ཅན་རེ་གཉིས་ཀྱི་དཔེ་གཞི་དྲངས་ཆོག མཁས་པ་མང་པོ་ནི་འཚོ་བ་རོལ་སའི་དུས་རབས་མི་འདྲ་བར་ལོ་ངོ་མང་པོའི་བར་ཐག་གིས་བསྐལ་ནའང་། ཁོ་ཚོའི་བསམ་བློའི་ཐབས་ཤེས་དང་ཁོ་ཚོའི་བརྩེ་དུང་དེ་འདྲའི་མཚུངས་ཤིང་།མི་ཚོས་དཔེ་དེབ་ཅིག་གི་ཡིག་འབྲུ་རེ་རེ་བཞིན་ཀློག་དུས་རང་ཉིད་ཀྱི་འཇིམ་བརྙན་མཐོང་བ་དང་འདྲ།
རྒྱ་ནག་གི་བཤད་སྲོལ་ལྟར་ན། འདྲ་མཚུངས་ཀྱི་སེམས་ཁམས་འདིར་རྣམ་ཤེས་གཅིག་གི་སྤྲུལ་བ་ཞེས་ཀྱང་བརྗོད། དཔེར་ན་འགའ་རེས་སུའུ་ཏུང་ཕའོ་ནི་ཀྲོང་ཙིའམ་ཐའོ་ཡུའེ་མེན་གྱི་ཡང་སྲིད་དང་། ཡོན་ཀྲུང་ལིང་ནི་སུའུ་ཏུང་ཕའོ་ཡི་ཡང་སྲིད་ཡིན་ཟེར། སུའུ་ཏུང་ཕའོ་ཡིས་ཀྲོང་ཙིའི་རྩོམ་ཡིག་ཐོག་མར་ཀློག་དུས། ཁོ་རང་ཉིད་ཀྱི་སེམས་སུ་ཡང་ཆུང་དུས་ནས་ཀྲུང་ཙིའི་བསམ་ཚུལ་དེ་འདྲ་དྲན་མྱོང་བར་བསམ། ཡོན་ཀྲུང་ལིང་གིས་མཚན་མོ་ཞིག་ལ་སྙན་ཚོམ་ཞིག་གི་ནང་། མིང་ལ་ཞུས་བུན་ཁྲང་ཟེར་བའི་དུས་མཉམ་གྱི་མིང་གྲགས་མེད་པའི་རྩོམ་མཁན་ཞིག་མཐོང་མ་ཐག ཁོ་མལ་ཁྲི་ལས་ཡར་ལྡིང་ནས་ཁོའི་གྲོགས་པོ་བོས། ཁོའི་གྲོགས་པོས་ཀྱང་སྙན་ཚོམ་དེར་བལྟས་མ་ཐག་སྐད་འབོད་བྱས། དེ་ནས་ཁོ་གཉིས་ཀྱིས་ཅུང་ཙམ་རེ་གྱེར་རྗེས་སྐད་འབོད་བརྒྱབ་པ་དང་། སྐད་འབོད་རེ་བརྒྱབ་རྗེས་ཡང་བསྐྱལ་གྱེར་འདོན་བྱས་པས། ཁོ་ཚོའི་ཞབས་འབྲིང་བ་སོམ་ཉིའི་རྒྱ་རུ་ཚུད།
དབྱི་ལི་ཨོ་ཐིས་གསུང་རྒྱུར། ཁོ་མོས་ཐེངས་དང་པོར་རོའུ་སུའོ་ཡི་བརྩམས་ཆོས་ཀློག་དུས་གློག་གིས་གཞུས་པ་དང་མཚུངས། ནེ་ཁྲེ་ཡང་ཧྲུའུ་ཕིན་ཧྭར་ལ་དེ་བཞིན་གྱི་ཚོར་བ་བྱུང་མྱོང་། འོན་ཏེ་ཧྲུའུ་ཕིན་ཧྭར་ནི་གཏི་ཐུག་སྣ་ཐུང་གི་དགེ་རྒན་ཞིག་ཡིན་ཞིང་ནེ་ཁྲེ་ནི་གཤིས་རྒྱུད་ངང་ཐུང་གི་སློབ་མ་ཞིག་ཡིན་པས། རྗེས་སུ་སློབ་བུས་དགེ་རྒན་ལ་རྒྱབ་འགལ་བྱས་པའང་ཧ་ཅང་རྒྱུན་ལྡན་གྱི་དོན་དག་ཅིག་ཡིན།
རང་ཉིད་ཆེས་དགའ་བའི་རྩོམ་མཁན་རྙེད་པའི་དཔེ་ཀློག་བྱེད་ཐབས་འདི་ལྟ་བུ་ཡོད་ན། ད་གཟོད་དགེ་མཚན་བརྗོད་ལས་འདས་པ་འབྱུང་། ཕོ་གསར་ཞིག་ཁོའི་མཛའ་མོ་དང་འཕྲད་མ་ཐག་སེམས་ཆགས་པ་ཇི་བཞིན་གནད་དོན་ཅི་ཡང་མེད། ཁོ་མོའི་མཐོ་ཚད་དང་ངོ་གདོང་། སྐྲ་ལོའི་ཁ་དོག སྒྲ་གདངས། འཛུམ་མདངས་ཚང་མ་ཆུ་ལ་ཆུ་བཞག་པ་ལྟར་རོ། །
རྩོམ་མཁན་གང་ངོ་ཤེས་པའི་ན་གཞོན་ཞིག་ཡིན་ན། དགེ་རྒན་གྱི་མཛུབ་སྟོན་མི་དགོས། རྩོམ་མཁན་དེ་ཁོའི་རེ་འདོད་དང་ཡང་འཚམ། ཁོའི་རྣམ་པ་དང་སྤྲོ་སྣང་། འདུ་ཤེས། བསམ་བློའི་ཐབས་ཤེས་བཅས་ཚང་མ་ཡང་ཆུ་ལ་ཆུ་བཞག་པ་ལྟར་ཡིན། དེ་མ་ཐག་ཀློག་པ་པོས་རྩོམ་མཁན་དེས་བྲིས་པའི་བརྩམས་ཆོས་ཡོད་ཚད་ཀློག་མགོ་རྩོམ་ངེས། ཁོ་ཚོའི་བར་གྱི་ནང་སེམས་ཀྱི་འབྲེལ་བ་དེའི་དབང་གིས་ཁོས་བརྩམས་ཆོས་ཡོད་ཚད་ནང་དུ་དྲངས་ཤིང་ཤུལ་ལྷག་མེད་པར་བཞུས་ཟིན། རྩོམ་མཁན་ཁོ་རང་ལ་འགུག་ཤུགས་དེ་འདྲ་ཡོད་ལ། ཁོ་ཡང་འཇུ་ལེན་བྱས་པར་དགའ་བ་རེད། ཡུན་རིང་ཞིག་འགོར་རྗེས། ཁོ་རང་ཉིད་ཀྱི་སྐད་སྒྲ་དང་བྱད་བཞིན། དགའ་བའི་དགོད་སྒྲ། སྐྱིད་པའི་འཛུམ་མདངས་རེ་རེ་བཞིན་ཁད་ཀྱིས་རྩོམ་མཁན་དེ་དང་མཚུངས་པར་འགྱུར།
དེ་ལྟར་ཁོ་དངོས་གནས་ཁོའི་རྩོམ་རིག་གི་དགའ་མའི་ཕང་བར་བཟི་སོང་ན། དཔེ་དེབ་དེ་དག་གིས་ཁོའི་རྣམ་ཤེས་ལ་རྒྱགས་ཕྱེ་སྤྲོད། ལོ་འགའ་འགོར་རྗེས། འགུག་ཤུགས་དེ་རིམ་གྱིས་ཉམས་ནས། ཁོ་མཛའ་མོ་དེར་སུན་སྣང་གི་ཚོར་བ་བག་ཙམ་རེ་བྱུང་བ་དང་བསྟུན། རྩོམ་རིག་གི་དགའ་མ་གཞན་ཞིག་འཚོལ་མགོ་རྩོམ། ཁོར་དགའ་རོགས་གསུམ་བཞི་རེ་ཡོད་པ་མ་ཟད། དེ་དག་རེ་རེ་བཞིན་རོལ་མྱོང་བྱས་རྗེས། ཁོ་རང་ཉིད་ཀྱང་རྩོམ་མཁན་ཞིག་ཏུ་འགྱུར་བ་ཡིན། ཀློག་པ་པོ་མང་པོ་ནམ་ཡང་བརྩེ་དུང་གི་དྲ་རྒྱར་ལྷུང་ཡོད། ན་གཞོན་ཕོ་མོའི་བརྩེ་དུང་གི་འབྲེལ་བ་ལྟར་མི་གཅིག་ཁོ་ནར་སེམས་འཁྲེང་མི་རུང་ངོ་། །
རྩོམ་མཁན་གང་རུང་གི་བརྩམས་ཆོས་ཁོ་ཚོས་བཀླགས་ཆོག་ལ། རྩོམ་མཁན་ཐམས་ཅད་ཀྱི་བརྩམས་ཆོས་ཀྱང་ཁོ་ཚོས་བཀླགས་ཆོག་ཆོག་ཡིན་མོད། ཁོ་ཚོར་གྲུབ་འབྲས་ཤིག་ཐོབ་མི་སྲིད། དེས་ན་དཔེ་ཀློག་སྒྱུ་རྩལ་གྱི་འདུ་ཤེས་སྟེང་། དཔེ་ཀློག་ནི་འགན་འཁྲི་དང་ལས་འགན་ཞིག་ཡིན་པའི་གོ་རྟོགས་དེ་རྩ་བ་ནས་གཏོར་དགོས། ཀྲུང་གོ་ནས་མི་རྣམས་ཀྱིས་ནམ་ཡང་སློབ་མར“སྡུག་རུས”བྱེད་པར་སྐུལ་ལྕག་གཏོང་།
དཀའ་སྤྱད་སྡུག་རུས་བྱེད་པའི་མཁས་པ་གྲགས་ཅན་ཞིག་ཡོད། ཐེངས་ཤིག་མཚན་མོར་དཔེ་ཆ་ཀློག་དུས་གཉིད་ལྕོག་བརྒྱབ་པས། སྙུང་བུས་མཚང་ར་ལ་བསྣུན་པ་རེད། ཡང་མཁས་པ་གཞན་ཞིག་གིས་མཚན་མོར་དཔེ་ཆ་ཀློག་དུས། བུད་མེད་ཅིག་བོས་ནས་འགྲམ་དུ་ལངས་སུ་བཅུག་སྟེ་ཁོ་གཉིད་ལྕོག་རྒྱག་སྐབས་སློང་དུ་བཅུག དེ་ནི་དངོས་གནས་དགོད་བྲོ་བའི་དོན་དག་ཅིག་རེད།
གལ་སྲིད་མི་ཞིག་གིས་དཔེ་དེབ་མདུན་དུ་བསྒྲིགས་ནས། གནའ་རབས་ཤེས་རབ་ཅན་གྱི་རྩོམ་མཁན་རྣམས་ཀྱིས་ཁོ་ལ་ཁ་བརྡ་བྱེད་དུས། ད་རུང་གཉིད་ལྕོག་རྒྱག་ན་ཁོ་བློ་གཅིག་སེམས་གཅིག་གིས་གཉིད་ན་ལེགས། ཁབ་ཀྱིས་བྱིན་པར་བསྣུན་པའམ་བུད་མེད་ཀྱིས་གཉིད་ལས་སློང་བ་གང་ཡིན་རུང་། ཁོར་ཕན་ཐོགས་གཅིག་ཀྱང་མེད། དེ་ལྟར་བྱས་ན་མིའི་དཔེ་ཀློག་གི་སྤྲོ་སྣང་ཡལ་འགྲོ། དོན་དང་ལྡན་པའི་མཁས་པས“ཞུན་བརྡར”ཞེས་པ་ཅི་ཞིག་ཡིན་པ་མི་ཤེས་ལ། “སྡུག་རུས”ཞེས་པའང་ཅི་ཞིག་ཡིན་པ་མི་ཤེས། ཁོ་ཚོའི་དགའ་ཕྱོགས་དཔེ་དེབ་ཡིན་ཞིང་རང་དབང་མེད་པར་མུ་མཐུད་དུ་དཔེ་ཆ་ཀློག་པ་ཡིན།
གནད་དོན་འདི་ཐག་བཅད་རྗེས། དཔེ་ཀློག་གི་དུས་ཚོད་དང་ས་གནས་ཀྱི་དྲིས་ལན་ཡང་ཞོར་དུ་རྙེད་ཐུབ། དཔེ་ཀློག་ལ་ངེས་གཏན་གྱི་དུས་ཚོད་དང་ས་གནས་མེད། མི་ཞིག་ལ་དཔེ་ཀློག་གི་འདོད་བློ་ཡོད་དུས་གནས་གང་ནས་ཀྱང་དཔེ་ཆ་བཀླགས་ཆོག གལ་ཏེ་ཁོ་ལ་དཔེ་ཀློག་གི་སྤྲོ་སྣང་དེ་ཡོད་ན། ཁོ་སློབ་རར་ཡོད་ན་ཆོག་ལ་མེད་ཀྱང་རུང་སྟེ་དཔེ་ཀློག་བྱེད་ཆོག འཛམ་གླིང་དུ་སློབ་གྲྭ་མེད་ན་ཡང་ཁོས་དཔེ་ཀློག་བྱ་ངེས། ཁོས་ཆེས་བཟང་བའི་སློབ་གླིང་དུའང་དཔེ་ཀློག་བྱེད་ཆོག
ཙེང་གོ་ཧྥན་གྱིས་ནང་མིར་བཏང་བའི་འཕྲིན་ཡིག་ཅིག་སྟེ། ཁོའི་ནུ་བོ་བཞི་པ་རྒྱལ་སའི་སློབ་གྲྭ་བཟང་པོ་ཞིག་ཏུ་སློབ་གཉེར་བྱེད་དུས། “རང་ཚུགས་རང་སྟོབས་ཀྱི་ནུས་པ་ལྡན་ན། སློབ་གྲྭ་ནས་དཔེ་ཆ་བཀླགས་ཆོག་ལ། མི་མེད་ལུང་སྟོང་གི་འབྲོག་ཐང་དང་ཟང་ཟིང་ལང་ལོང་གི་འདུ་ར་ནས་ཀྱང་བཀླགས་ཆོག ད་དུང་རྔུལ་ཆུ་ཡིས་སྦངས་པའི་ཞིང་ཁ་ནས་དང་།གྲང་ལྷགས་ཀྱིས་གཙེས་པའི་རྩྭ་ཐང་གང་རུང་ནས་ཀྱང་དཔེ་ཆ་བཀླགས་ཆོག རང་ཚུགས་རང་སྟོབས་ཀྱི་ནུས་པ་མེད་ན། སློབ་གྲྭར་ཡོད་ཀྱང་དཔེ་ཆ་བཀླགས་པར་མི་འཚམ་ལ། དྭངས་གཙང་གི་ཡུལ་གྲུ་དང་ལྷ་ཡུལ་གྱི་ཞིང་ཁམས་ནས་ཀྱང་དཔེ་ཆ་བཀླགས་པར་མི་འཚམ”ཞེས་གསུངས་ཡོད།
མི་རེ་འགས་དཔེ་ཆ་ཀློག་དུས། ཅོག་ཙེའི་མདུན་དུ་ཚུགས་ཀ་ཞིག་བཏོད་ནས། ཁང་པ་ཧ་ཅང་འཁྱག་ཅིང་རྐུབ་སྟེགས་ཧ་ཅང་མཁྲེགས། འོད་ཧ་ཅང་གསལ་དྲགས་སོང་ཞེས་འཁང་ར་བྱེད་རྒྱུ་ལས་དཔེ་ཆ་ཀློག་མི་ཐུབ། ད་དུང་རྩོམ་མཁན་ལ་ལས་ཁོ་ཚོས་རྩོམ་མ་ཕྲིས་པ་ནི་དུག་སྦྲང་མང་ཞིང་འབྲི་ཤོག་གི་ལྡོག་འོད་ཆེ་བ་དང་། རྒྱ་ལམ་གྱི་འཛེར་སྒྲ་ཧ་ཅང་ཆེ་བས་ཡིན་ཞེས་ལེ་བདའ་བྱེད།
སུང་རྒྱལ་རབས་ཀྱི་མཁས་པ་ཨའོ་དབྱང་ཞིའུ་ཡིས་ཁོའི་རྩོམ་ཡིག་ཚང་མ“གནས་གསུམ”དུ་ཐོབ་པ་ཡིན་ཏེ། སྔས་འབོལ་དང་རྟ་ཕོ། སྤྱོད་ཁང་བཅས་གསུམ་མོ་ཞེས་གསུངས། གོ་ཐོས་ལྟར་ན་ཆིང་རྒྱལ་རབས་ཀྱི་མཁས་པ་གྲགས་ཅན་ཀུའུ་ཆན་ལི་ལ་དབྱར་ཁར“གཅེར་བུར་གསུང་རབ་ཀློག་པའི”གོམས་གཤིས་ཡོད་སྐད། ཕྱོགས་གཞན་ཞིག་ནས། མི་ཞིག་དཔེ་ཀློག་ལ་མི་དགའ་ན་ལོ་གཅིག་གི་དུས་ཚིགས་བཞི་པོར་དཔེ་ཆ་ཀློག་མི་ཐུབ་པའི་ལུགས་མཐུན་རྒྱུ་མཚན་ཡོད།
དཔྱིད་ཀ་དཔེ་ཀློག་དུས་ཚིགས་མིན། །
ཙད་པའི་དབྱར་ཁར་གཉིད་ན་དགའ། །
སྟོན་ཁར་སླེབས་ནས་ཡང་དགུན་དུས། །
དེ་ལས་སང་ལོར་སྒུག་ན་ལེགས། །
དེས་ན། དཔེ་ཀློག་གི་སྒྱུ་རྩལ་ངོ་མ་དེ་གང་ཡིན་ནམ་ཞེ་ན། གོ་བདེའི་སྒོ་ནས་བཤད་ན་དེ་ནི་དཔེ་ཀློག་གི་སེམས་ཁམས་དེ་ཡོད་དུས་དེ་མ་ཐག་དཔེ་ཆ་ཀློག་པ་དེའོ། ། མི་ཞིག་རང་བྱུང་ལས་བརྒལ་ནས་དཔེ་ཀློག་བྱས་ན་ད་གཟོད་དཔེ་ཀློག་གི་སྤྲོ་སྣང་ལ་རོལ་མྱོང་བྱ་ཐུབ། ཁོས་མཛའ་མོ་དང་ལྷན་དུ《ལི་སའོ》དང་ཡང་ན་ཨོ་མར་ཁེམ་གྱི་བརྩམས་ཆོས་བཟུང་ཞིང་ཆུ་འགྲམ་དུ་སོང་ནས་བཀླགས། གལ་ཏེ་མཁའ་དབྱིངས་སུ་མཛེས་སྡུག་གི་སྤྲིན་དཀར་ཞིག་ཡོད་ན། ཁོར་སྤྲིན་དཀར་གྱི་མཛེས་པར་རོལ་བ་ལས་དཔེ་ཆ་བརྗེད་དུ་ཆུགས། ཡང་ན་དཔེ་ཆ་དང་སྤྲིན་དཀར་ལ་མཉམ་དུ་བལྟ་རུ་ཆུགས། །