གཞི་གྲངས་ཆེན་མོ་བཅུ་ནས་བོད་ལྗོངས་སུ་དམངས་གཙོ་བཅོས་བསྒྱུར་བྱས་ཏེ་ལོ་ངོ་དྲུག་ཅུ་འཁོར་བའི་འཕོ་འགྱུར་ལ་ལྟ་བ་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


   

    དཀའ་སྡུག་སྣ་ཚོགས་བརྒྱུད་པའི་མདོ་དབུས་མཐོ་སྒང་ལ་ཆ་མཚོན་ན། ལོ་ངོ་དྲུག་ཅུའི་སྔོན་གྱི་སྤྱི་ཟླ་3པའི་ཚེས་28ནི། ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་སྟེ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་བོད་ལྗོངས་ནས་མཇུག་བསྒྲིལ། མུན་ནག་དང་དཀའ་སྡུག་ཁྲོད་དུ་ཡུན་རིང་མནར་བའི་བོད་ལྗོངས་མི་དམངས་རྣམས་དེ་ནས་བཟུང་སྟེ་འོད་སྣང་དང་བདེ་སྐྱིད་ཀྱི་ལམ་དུ་བསྐྱོད་ཅིང་། མཐོ་སྒང་དུ་“ཚེ་སྲོག་གི་དཔྱིད་དཔལ་”གསར་དུ་བསུས།

    དམངས་གཙོ་བཅོས་བསྒྱུར་གྱི་ལོ་ངོ་དྲུག་ཅུའི་རིང་། བོད་ལྗོངས་ཀྱི་ལས་རིགས་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། བོད་ལྗོངས་མི་དམངས་ཀྱིས་འཛམ་གླིང་ཡང་རྩེ་རུ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་མཛེས་ཉམས་དོད་པའི་ལེའུ་བྲིས་ཤིང་། མི་ལོ་སྟོང་ཕྲག་ལས་བརྒལ་བའི་མི་ཡུལ་གྱི་ངོ་མཚར་གསར་དུ་བསྐྲུན།
   བོད་ལྗོངས་སུ་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བའི་དུས་སྐབས་དང་བསྟུན་ནས། གསར་འགོད་པས་དཔལ་འབྱོར་དང་དམངས་འཚོ། སྤྱི་ཚོགས་དང་སྐྱེ་ཁམས་སོགས་ཕྱོགས་དུ་མ་དང་འབྲེལ་བའི་གཞི་གྲངས་ཆེན་མོ་བཅུ་ལེགས་བསྒྲིགས་བྱས་ཏེ། ལོ་ངོ་དྲུག་ཅུའི་རིང་གི་མདོ་དབུས་མཐོ་སྒང་གི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་མངོན།
གཞི་གྲངས་དང་པོ་།

ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་191ཡར་འཕར་བྱུང་བ།


   དམངས་གཙོ་བཅོས་བསྒྱུར་གྱིས་བོད་ལྗོངས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་པ་ཚད་མཐོན་པོས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་བཏང་། སྤྱི་ལོ་1959ལོར། བོད་ལྗོངས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ཡིན་ལ། སྤྱི་ལོ་2018ལོར་སྒོར་དུང་ཕྱུར་1477.63ལ་སླེབས་པས། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ཚེ་ལྡབ་191ལ་འཕར་ཡོད། བོད་ལྗོངས་ཀྱི་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་ལོ་20ལྷག་ལ་བསྟུད་མར་གྲངས་གནས་གཉིས་ལ་འཕར་བར་རྒྱུན་འཁྱོངས་བྱས།
གཞི་གྲངས་གཉིས་པ།

སྒོར་དུང་ཕྱུར་ཁྲི་གཅིག་ལྷག་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་བཏང་བ།


   བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་བཏང་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་800ལྷག་ལག་བསྟར་བྱས་ཤིང་། བོད་ལྗོངས་ཀྱི་རྨང་གཞིའི་བཟོ་སྐྲུན་ཐད་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱུང་། མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ། ཕུ་མདོ་ཆུ་བེད་ལྟེ་བའི་བཟོ་གྲྭ་དང་རྫམ་ཆུ་གློག་ས་ཚུགས་སོགས་གཙོ་གནད་ལས་གཞི་ཁག་གཅིག་ལེགས་གྲུབ་བྱུང་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། མཚོ་བོད་དང་ཁྲོན་བོད་ཀྱི་གློག་ཤུགས་མཉམ་འབྲེལ་དྲ་བའི་ལས་གཞི་ལ་གློག་ཤུགས་“མཁའ་ལམ་”བསྐྲུན་པ་དང་། གློག་དྲ་གཙོ་བོ་རྫོང་ཁག་62ཁེབས་ཡོད་ཅིང་། གློག་འདོན་མི་འབོར་ཁྲི་272ལ་སླེབས་ཡོད།
གཞི་གྲངས་གསུམ་པ།

འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ཡན་བརྟན་པོར་གནས་པ།


ཁེ་གསུམ་འདུས་སྡོད་ཁུལ་གྱི་གྲོང་མི་དཔྱིད་རྨོ་མཛད་སྒོར་ཞུགས། 
克松社区村民在参加春耕仪式

  དམངས་གཙོ་བཅོས་བསྒྱུར་གྱི་ཡར་སྔོན་དུ། བོད་ལྗོངས་ཀྱི་ཞིང་ལས་ཐོན་སྐྱེད་ཆུ་ཚད་རྗེས་ལུས་ཡིན་ལ། མུའུ་རེ་ལ་འབྲུ་རིགས་ཐོན་ཚད་སྤྱི་རྒྱ་80ལས་མེད། སོན་འབྲུ་ཁ་གསབ་དང་གསོ་སྤེལ་གསབ་དངུལ། ཞིང་ལས་འཕྲུལ་ཆས་ཡོ་བྱད་ཉོ་སྒྲུབ་ཀྱི་གསབ་དངུལ་སོགས་རྒྱལ་ཁབ་ཀྱི་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པས། བོད་ལྗོངས་ཀྱི་ཞིང་ལས་ཐོན་སྐྱེད་ཆུ་ཚད་མཐོར་འདེགས་བྱུང་། སྤྱི་ལོ་1978ལོའི་རྗེས་སུ། བོད་ལྗོངས་ཀྱི་མུའུ་རེའི་འབྲུ་རིགས་ཐོན་ཚད་ཉེ་བའི་ལོ་40ནང་ལྡབ་འཕར་མངོན་འགྱུར་བྱུང་ཞིང་། མུའུ་རེ་ལ་སྤྱི་རྒྱ་167ཐོན་པ་ནས་སྤྱི་ལོ་2017ལོར་མུའུ་རེ་ལ་སྤྱི་རྒྱ་378ལ་སླེབས་པ་བྱུང་། སྤྱི་ལོ་2018ལོར། བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་བརྒྱ་ཡན་དུ་བརྟན་པོ་གནས་པ་དང་། དེའི་ཁྲོད་ནས་ཀྱི་ཐོན་ཚད་ཀྱིས་ཏུན་ཁྲི་81.4ཟིན་ཡོད།
གཞི་གྲངས་བཞི་པ་།

གཞུང་ལམ་ཤར་གཏོང་གི་ལམ་ཚད་སྤྱི་ལེ་ཁྲི་9.74ལ་སླེབས་པ།


ལྷ་ས་གྲོང་ཁྱེར་ནུབ་མཐའི་ཟམ་པ་ལངས་གཟུགས་སྣོལ་མ། 
建在拉萨市西郊的立交桥

  བོད་ལྗོངས་སུ་སྤྱི་ཚོགས་རྙིང་པ་ལ་གཞུང་ལམ་མེད། ལོ་ངོ་དྲུག་ཅུའི་རིང་གི་འཛུགས་སྐྲུན་བརྒྱུད་ནས། ལྗོངས་ཡོངས་ལ་གཞུང་ལམ་ཤར་གཏོང་གི་ལམ་ཚད་སྤྱི་ལེ་ཁྲི་9.74ལ་སླེབས་པ་དང་། རིམ་བཞིན་ལྷ་ས་ལྟེ་བ་ཡིན་ཞིང་། “འཕྲེད་གཉིས། གཞུང་གསུམ། བགྲོད་ལམ་དྲུག་”རུས་སྒྲོམ་ཡིན་པའི་གཞུང་ལམ་འགྲིམ་འགྲུལ་དྲ་བ་གྲུབ། གཞན་ཡང་། མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་ལེགས་གྲུབ་བྱུང་ནས་སྤྱོད་བཞིན་པ་དང་། ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་མཚམས་འཛུགས་སྐྲུན་འཕེལ་རིམ་བདེ་བླག་ཡོང་བཞིན་ཡོད་པས། བོད་ལྗོངས་དང་ནང་ལོགས་ས་ཁུལ། འཛམ་གླིང་བཅས་ཀྱི་བར་ཐག་སྔར་ལས་ཉེ་བར་ཕྱིན།
གཞི་གྲངས་ལྔ་པ་།

སྡོད་དམངས་ཀྱིས་སྤྱོད་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་17286ལ་སླེབས་པ།


འདུ་འཛི་ཆེ་བའི་བར་སྐོར་ལམ། 
繁华的八廓街

  ལོ་ངོ་དྲུག་ཅུའི་རིང་། ཏང་གི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་ཁག་བོད་ལྗོངས་སུ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ཡོང་འབབ་ལོ་རྒྱུས་རང་བཞིན་གྱི་འཕར་སྣོན་བྱུང་། སྤྱི་ལོ་2018ལོར་བོད་ལྗོངས་ཡོངས་ཀྱི་སྡོད་དམངས་ཀྱིས་སྤྱོད་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་17286ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་བཅས་ཀྱི་སྡོད་དམངས་ཀྱིས་སྤྱོད་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སོ་སོར་སྒོར་33797དང་11450ལ་སླེབས་པས། སྤྱི་ལོ་1965ལས་སོ་སོར་ལྡབ་73དང་ལྡབ་105ལ་འཕར་ཡོད། བོད་ལྗོངས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོ་ཕྱིན་པ་དང་བསྟུན་ནས། འཁྱགས་སྒམ་དང་བརྙན་འཕྲིན། འཕྲུལ་རྟ། ལག་ཁྱེར་ཁ་པར། རླངས་འཁོར་སོགས་མི་སེར་དཀྱུས་མའི་ཁྱིམ་དུ་འབྱོར་ཡོད།
གཞི་གྲངས་དྲུག་པ་།

དབུལ་ཕོངས་འགྱུར་ཚད་8%མན་དུ་ཆག་པ། 


དམངས་གཙོ་བཅོས་བསྒྱུར་སྔོན་གྱི་བོད་ལྗོངས་ཀྱི་བུད་མེད་དང་བྱིས་པ།
旧西藏妇女儿童(资料照片)


བོད་ཀྱི་ཤོམ་པ་ཞིག་ལྷ་སའི་བར་སྐོར་དུ་ཤོམ་འགྲོ་བྱེད་བཞིན་པ། 
一名藏族模特在拉萨八廓街走过)

  བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པར། ཞིང་བྲན་ས་ཡ་ཁ་ཤས་ལ་གང་ཡང་མེད་ལ། དབུལ་ཕོངས་ཐལ་དྲགས་ཤིང་ཡ་ང་བའི་སྤྱི་ཚོགས་སུ་དཀའ་སྡུག་མྱོང་དགོས། ལོ་ངོ་དྲུག་ཅུའི་རིང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག །བོད་ལྗོངས་ཀྱི་དབུལ་སེལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་གྲུབ་འབྲས་ཐོབ། སྤྱི་ལོ་2018ལོར། བོད་ལྗོངས་ཀྱི་དབུལ་ཕོངས་མི་གྲངས་ཁྲི་18མར་ཆག་པ་དང་། དབུལ་ཕོངས་མི་གྲངས་དེ་ལོ་6སྔོན་གྱི་ཁྲི་86ནས་ཁྲི་15ལ་མར་ཆག་ཅིང་། དབུལ་ཕོངས་འགྱུར་ཚད་8%མན་དུ་ཆག་པ་དང་། རྫོང་(ཁུལ་)74ཁྲོད་དབུལ་ཞྭ་ཕུད་པའི་རྫོང་55ལ་སླེབས་ཡོད།
གཞི་གྲངས་བདུན་པ་།

གཞོན་ནུ་དར་མ་ཡིག་རྨོངས་ཀྱི་ཚད་0.52%ལ་མར་ཆག་པ།


  བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པའི་ཡིག་རྨོངས་ཚད་95%ཡན་སླེབས་ཡོད། ལོ་ངོ་དྲུག་ཅུའི་རིང་། བོད་ལྗོངས་སུ་སློབ་ཞུགས་གོང་གི་སློབ་གསོ་དང་རྨང་གཞིའི་སློབ་གསོ། ལག་རྩལ་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་ཚུད་པའི་དེང་རབས་ཅན་གྱི་སློབ་གསོའི་མ་ལག་ཆ་ཚང་བསྐྲུན་ཡོད། སྤྱི་ལོ་2018ལོ་བར། བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་མྱོང་ཚད་77.9%ལ་སླེབས་པ་དང་། མཐོ་རིམ་སློབ་གསོ་མྱོང་ཚད་39.2%ལ་སླེབས་ཤིང་། གཞོན་ནུ་དར་མ་ཡིག་རྨོངས་ཀྱི་ཚད་0.52%ལ་མར་ཆག་པ་དང་། ངལ་རྩོལ་ནུས་ཤུགས་ཀྱི་མི་འབོར་གྱིས་སློབ་གསོ་མྱོང་ཚད་ཆ་སྙོམས་ལོ་གྲངས་8.6ལ་སླེབས།
གཞི་གྲངས་བརྒྱད་པ་།

མི་རེའི་ཆ་སྙོམས་ཚེ་ཚད་ལོ་68.2བར་ཇེ་མཐོ་ཕྱིན་པ།


སྐོར་ལམ་འགྲམ་གྱི་སྡོང་གྲིབ་འོག་གི་ངལ་གསོ་བ། 
拉萨当地民众在八廓街的古柳树下歇息

  གྲང་ལྷགས་ཆེ་ཞིང་དབྱང་དབུགས་ཞན་པའི་རྐྱེན་གྱིས་བོད་ལྗོངས་འདི་སྐབས་ཤིག་ལ་འཛམ་གླིང་དུ་མིའི་རིགས་འཚོ་སྡོད་བྱེད་ཡུལ་ཆེས་མི་འཚམས་པའི་ས་གནས་ཡིན་པ་འདོད། ལོ་ངོ་དྲུག་ཅུའི་རིང་། སྟབས་ལེགས་པ་ཞིག་ལ་འཚོ་བའི་ཆུ་ཚད་ཇེ་མཐོ་དང་སྨན་བཅོས་ཆ་རྐྱེན་ཇེ་ལེགས། སྤྱི་ཚོགས་མ་ལག་འཐུས་ཚང་བྱུང་ནས། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་རྒྱུན་མི་ཆད་པར་ཇེ་མཐོ་ཕྱིན། མིག་སྔར། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་དེ་སྔོན་གྱི་ལོ་35.5ནས་དེང་གི་ལོ་68.2ལ་ཇེ་མཐོ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་མི་འབོར་དེ་སྤྱི་ལོ་1959ལོའི་མི་ཁྲི་122.8ནས་སྤྱི་ལོ་2018ལོའི་མི་ཁྲི་343.82ལ་འཕར་བ་རེད།
གཞི་གྲངས་དགུ་པ་།

རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་གྱིས་བོད་ལྗོངས་མངའ་ཁོངས་རྒྱ་ཁྱོན་གྱི་34.35%ཟིན་ཡོད།


  འཕེལ་རྒྱས་ཀྱི་གོ་རིམ་ཁྲོད། བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོབ་བྱས་ཤིང་། ཆེས་གཟབ་ནན་ཡིན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལམ་ལུགས་ལག་བསྟར་བཟོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ཀྱི་མ་ལག་རགས་ཙམ་ཆགས། མིག་སྔར། རང་བྱུང་སྲུང་སྐྱོབ་ཁུལ་གྱིས་བོད་ལྗོངས་མངའ་ཁོངས་རྒྱ་ཁྱོན་གྱི་34.35%ཟིན་ཡོད་ལ། ལྗོངས་ཡོངས་ཀྱི་ནགས་ཚལ་གྱི་ཁེབས་ཚད་12.14%ལ་མཐོར་འདེགས་ཕྱིན་པ་དང་། ཁུལ་དང་གྲོང་ཁྱེར་7གྱི་ཁོར་ཡུག་གི་མཁའ་དབུགས་སྤུས་ཚད་ཆ་སྙོམས་ལེགས་ཚད་95%ཡན་ལ་སླེབས་ཡོད།
གཞི་གྲངས་བཅུ་པ་།
ལོ་རེར་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3000སྣེ་ལེན་བྱས་པ།

  བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་དང་མི་ཆོས། ཡུལ་ལྗོངས་སོགས་ཀྱིས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་བོད་དུ་ལྟ་སྐོར་དུ་ཡོང་བའི་འདུན་པ་སྐྱེས་སུ་བཅུག །ལྗོངས་ཡོངས་ཀྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་པའི་མི་གྲངས་དེ་སྤྱི་ལོ་1980ལོའི་མི་ཐེངས་1059ནས་སྤྱི་ལོ་2018ལོར་མི་ཐེངས་ཁྲི་3368.7ལ་འཕར་སྣོན་བྱུང་ཞིང་། ལྡབ་31810འཕར་བ་དང་། ཡུལ་སྐོར་ལས་རིགས་དེ་འཛམ་གླིང་གིས་བོད་ལྗོངས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་རོ། །

ལྷ་སའི་མཚན་ལྗོངས། 拉萨夜景


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1