༄༅། །གཉན་པོ་གཡུ་རྩེའི་གནས་ཚུལ་རགས་བསྡུས།

རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།མཚོ་སྔོན་དྲ་བ། སྤེལ་དུས། 10-11



 
              ༈ གཉན་པོ་གཡུ་རྩེའི་མིང་དོན  ། གཉན་པོ། བཙན་ཤེད་ཆེན་པོ། གཡུ་རྩེ། ཆེས་མཐོ་སའི་གངས་ཀྱི་ཡངས་རྩེར་གཡུ་མདོག་ཅན་གྱི་རྫ་རི་ཡོད་པས་དེ་ལྟར་ཐོགས། ༈ གཉན་པོ་གཡུ་རྩེའི་སྲིད་པའི་ལྷ་རབས། གཉན་པོ་གཡུ་རྩེ་ཞེས་པ་ནི་ཕྱིའི་གནས་རིའི་མིང་ཡིན་ལ། ནང་དུ་གནས་པའི་གནས་བདག་གི་མིང་ལ་གཉན་ཆེན་ཐོད་པ་རྩལ་ཟེར་ཞིང་། སྲིད་པའི་ལྷ་རབས་  རྣམས་སུ་གཉན་པོ་གཡུ་རྩེའི་ཕ་ཡབ་གངས་དཀར་ཏི་སེ་དང་། མ་ཡུམ་མ་ཕམ་གཡུ་མཚོ། མེས་པོ་གཞག་ར་ལྷ་རྩེ། ཞང་བོ་རྨ་རྒྱལ་སྦོམ་ར། ཚ་བུ་གཉན་ཆེན་ཐང་ལྷ་སོགས་ཡིན་པར་བཤད་ཅིང་། ད་དུང་གཉན་པོ་གཡུ་རྩེ་ནི་བོད་ཀྱི་སྲིད་པ་ཆགས་པའི་ལྷའི་གྲས་སུ་གཏོགས་པ་བན་བོན་གྱི་གནའ་དཔེ་མང་བོར་བཤད། གཉན་པོ་གཡུ་རྩེའི་འཁོར་ལ་བཙུན་མོ་ལྷ་ ཡངས་སྒྲོལ་མ་དང་། སྲས་མོ་གཉན་མོ་ཀ་དཀར་དང་། བློན་པོ་གཡུང་དྲུང་ལྕགས་རྩེ་སོགས་མཆིས། འདི་དག་ནི་གཡུང་དྲུང་བོན་གྱི་བཤད་པའམ་གནས་འདིའི་གདོད་མའི་ལྷ་རབས་ཡིན།
 ཉ་རིགས་དྭངས་གསལ་ཆུ་ལ་བརྐྱལ་བཞིན་པ།
           ༈ ནང་བསྟན་ལྟར་གྱི་གཉན་པོ་གཡུ་རྩེ་ནི།   ནང་བསྟན་ནམ་གསང་སྔགས་ཀྱི་ལུགས་ལྟར་ན་གཉན་པོ་གཡུ་རྩེ་ནི་སྒྲུབ་པ་བཀའ་བརྒྱད་ཀྱི་གནས་ཡིན་པར་བཤད་ཅིང་། དེ་ཡང་འཇམ་དཔལ་སྐུ་དང་། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་བ་ཕྲིན་ལས། མ་མོ་རྦོད་གཏོང་། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད་དེ་སྒྲུབ་པ་བཀའ་བརྒྱད་དང་། དེའི་སྟེང་དུ་ཆེ་མཆོག་བསྣན་པས་ཆེ་མཆོག་དཔལ་དགུ་སོ་སོའི་གནས་རི་དང་བླ་མཚོ་སོགས་རེ་རེའི་བཀོད་པ་དང་བཤད་པ་ངོ་མཚར་བ་ཡོད་ལ།  
           ༈ གཉན་པོ་གཡུ་རྩེར་མཆོད་བསྟོད་བྱེད་མཁན་གྱི་མི་འབོར།   ལོ་ལྟར་བན་བོན་གྲུབ་མཐའ་རིས་མེད་ཀྱིས་མཆོད་བསྟོད་བྱེད་བཞིན་ཡོད་པར་མ་ཟད། གཉན་པོ་གཡུ་རྩེ་ནི། མགོ་ལོག་ཁུལ་ཡོངས་དང་། ཡུ་ཤུལ་གྱི་ཆུ་དམར་ལེབ་དང་། ཁྲི་འདུ། སི་ཁྲོན་གྱི་སེར་ཤུལ་རྫོང་དང་། གསེར་རྟ། འཛམ་ཐང་རྫོང་། རྔ་བ་རྫོང་། ཁྱུང་མཆུ་རྫོང་། ཀན་སུའུ་ཡི་རྨ་ཆུ་རྫོང་སོགས་ཀྱི་ཁོངས་སུ་ཡོད་པའི་དུད་གྲངས་60000་དང་། མི་གྲངས་ཉུང་མཐར་ཡང་ཁྲི30ཙམ་གྱི་བླ་རི་དང་གཞི་བདག་ཆེན་པོ་ཞིག་ཡིན།
 
             ༈ གཉན་པོ་གཡུ་རྩེའི་ས་མིག གཞུང་ཐིག 100°58 E~101°18 E དང་། འཕྲེད་ཐིག 32°58 N~33°28 N བར་དུ་ཡོད། གཉན་པོ་གཡུ་རྩེ་ནི་ཀན་སུའུ་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་མཚོ་སྔོན་ཞིང་ཆེན་གསུམ་གྱི་འདུས་མདོ་རུ་ཡོད་ལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་ཀྱིས་གཉན་པོ་གཡུ་རྩེའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་གོ་ལྔ་ཡན་ཟིན་ཞིང་། ༈ གཉན་པོ་གཡུ་རྩེའི་རྒྱ་ཁྱོན། གཉན་པོ་གཡུ་རྩེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་2338དང་། གནས་རི་རྐྱང་བའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་880ཡོད། གཉན་པོ་གཡུ་རྩེ་ནི་ཟལ་མོ་སྒང་རྒྱུད་ཀྱི་ཆེས་མཐོ་བའི་གཙོ་རི་ཡིན། མཚོ་འཕགས་ནི། 5380ཡོད། ཆེས་དམའ་ས་ནི་སྨ་རོང་ཡིན་ལ་དེར་མཚོ་འཕགས་3000ཡོད།༽
           ༈ གཉན་པོ་གཡུ་རྩེའི་གངས་དང་འཁྱགས་རོམ། གཉན་པོ་གཡུ་རྩེའི་རྩེ་མོར་བསྐལ་བའི་འཁྱགས་རོམ་དང་སྲིད་པའི་གངས་རྒེན་ཆགས་ཡོད་ལ། ༼འོན་ཀྱང་ཉེ་བའི་ལོ་ཉི་ཤུའི་ནང་དུ་གངས་དང་འཁྱགས་རོམ་གྱི་ཞི་ཚད་ཧ་ཅང་གིས་མགྱོགས་པས་ལོ་བཅུའི་རྗེས་སུ་གཉན་པོ་གཡུ་རྩེའི་གངས་དང་འཁྱགས་རོམ་ལ་གཟིགས་མོ་གནང་རྒྱུའི་སྐལ་བ་ཡོད་ཐུབ་རྒྱུ་མ་རེད།༽
           ༈ གཉན་པོ་གཡུ་རྩེའི་རླན་ས། གཉན་པོ་གཡུ་རྩེའི་རླན་ས་ལ་མཚེའུ་དང་། བཞུར་རྒྱུན། ན་བ་སྟེ་རིགས་གསུམ་དུ་དགར་ཆོག གཉན་པོ་གཡུ་རྩེའི་མཐའ་འཁོར་དང་རྫ་རི་དག་གི་བར་གསེང་རྣམས་སུ་མཚོ་སྨན་ཆེ་ཆུང་སུམ་བརྒྱ་དྲུག་ཅུ་དང་། ཆུ་མགོ་སྟོང་དང་དགུ་བརྒྱ། ན་བ་ཆིག་སྟོང་ལྷག་ཡོད་ལ། ད་དུང་རིག་གནས་དང་ཚན་རིག་གང་གི་དབང་དུ་བྱས་ཀྱང་ཤར་རྒྱལ་མོ་རྔུལ་ཆུ་དང་རྔ་ཆུ་སོགས་ཆུ་བོ་གལ་ཆེན་མང་བོའི་ཆུ་མགོ་གནས་འདི་རུ་ཁེལ་ཡོད། གཉན་པོ་གཡུ་རྩེའི་ནུབ་བྱང་གི་ཆུ་རྣམས་རྨ་ཆུ་དང་ཤར་ལྷོའི་ཆུ་རྣམས་འབྲི་ཆུར་བརྒྱུད་འབབ་ཀྱིན་ཡོད་པས་གཉན་པོ་གཡུ་རྩེའི་རི་རྒྱུད་ནི་རྨ་འབྲི་ཆུ་བོ་གཉིས་ཀྱི་ཕྱེ་མཚམས་ཀྱང་ཡིན་པས་རྨ་འབབ་དང་འབྲི་འབབ་ཀྱི་ཆུ་མིག་གཉིས་ཅིག་ཆར་དུ་མིག་གང་གིས་མཐོང་ཐུབ་པའི་ས་བབས་དང་། ཆུ་མིག་གཅིག་ནས་གྱེས་ཤིང་འབྲི་ཆུ་སོ་སོར་བབས་པའི་ཆུ་ཕྲན་ངོ་མཚར་བ་སོགས་མང་དུ་ཡོད། འདི་ནས་ཞུ་དགོས་པ་ཞིག་དང་ཁྱེད་ཡུལ་སྐོར་བ་དག་གིས་མཁྱེན་དགོས་པ་ཞིག་ལ་འདས་པའི་ལོ་རྒྱུས་ཁྲོད་ཆུ་དང་མཚེའུའི་ནང་གི་ཉ་དང་ཆུ་བྱ་ལྡོག་གཅིག་ལའང་གནོད་འཚེ་བྱེད་མྱོང་མེད་ལ། ཐ་ན་མཚེའུའི་ནང་དུ་གོས་དང་ལག་པ་ཙམ་ཡང་བཀྲུ་བར་འཛེམས་དོགས་ཆེན་པོ་བྱེད་ཡོད་ཀྱང་། ད་ལྟ་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་མཛེས་སྡུག་ལྡན་པའི་གཉན་པོ་གཡུ་རྩེའི་གཟི་བྱིན་ཉམས་བཞིན་ཡོད་པས་ཐུགས་ཁུར་དང་སྤྱོད་པ་བག་ཡོད་གནང་རོགས་དགོས།
              
 འགྲེལ་བཤད་དཀའ་བའི་གཏམ་རྒྱུད་མང་པོ་ཞིག་འདི་རུ་བྱུང་མྱོང་།
         ༈ གཉན་པོ་གཡུ་རྩེའི་གནམ་གཤིས་ནི། ཆེས་དྲོ་དུས་སྤྱི་ཟླ་7པ་དང་ཆེས་འཁྱགས་དུས་ནི་སྤྱི་ཟླ་1བོ་རེད། ལོ་རེའི་སྤྱིའི་དྲོད་ཚད་ནི་ཆ་སྙོམས་ཀྱིས་གོར་ཐིག་མན་ལ་ཡོད་པས་གནས་འདིར་དགུན་ལས་དབྱར་མེད་ཅེས་བཤད་ཆོག ལོ་རེའི་ཆ་སྙོམས་ཀྱི་ཆར་འབབ་ཚད་ཧོ་སྨིད764.4ཡིན་པས་ཞིང་ཆེན་ཡོངས་ཀྱི་ཆར་འབབ་ཚད་ཆེས་མཐོ་བའི་ས་ཁུལ་རེད།
         ༈ གཉན་པོ་གཡུ་རྩེ་ནི་སྣ་མང་རིག་གནས་ཀྱི་ལྟེ་གནས་ཤིག་ཡིན། གཉན་པོ་གཡུ་རྩེའི་མཐའ་འཁོར་དུ་བོད་ཆོལ་ཁ་གསུམ་གྱི་རིག་གནས་ཡུལ་སྲོལ་དར་ཡོད།   ༼ 1 གཉན་པོ་གཡུ་རྩེའི་ཤར་ཕྱོགས་ཀྱི་རི་གཤམ་དག་ཏུ་རྔ་ཁོག་པ་ཊ་བརྒྱད་ཀྱི་ཞིང་གྲོང་ཆགས་ཡོད་ལ། རྔ་བ་ནི་བོད་བཙན་པོའི་སྐབས་སུ་སྟོད་མངའ་རིས་ཡུལ་གྱི་དཔའ་སྡེ་རྣམས་མཐའ་སྲུང་དུ་བཏང་བ་ལས་ཆད་པས། ད་ལྟའང་སྡོད་ཁང་རྒྱབ་ལུགས་དང་། ཡུལ་སྐད། འཚོ་བའི་གོམས་སྲོལ་སོགས་གང་ཐད་ནས་མངའ་རིས་པ་དང་གཅིག་མཚུངས་སུ་ཡོད་པས་གནས་འདིར་ཆོས་ཀྱི་ཆོལ་ཁའི་རིག་གནས་གོམས་སྲོལ་དར་ཡོད།    ༼2 གཉན་པོ་གཡུ་རྩེའི་ལྷོ་ནུབ་ཕྱོགས་ཀྱི་རོང་འབྲོག་རྣམས་ས་བབས་དང་ཡུལ་སྲོལ་གོམས་གཤིས་རུས་རྒྱུད་སོགས་གང་ཐད་ནས་ཁམས་ལ་གཏོགས་པས་མིའི་ཆོལ་ཁའི་རིག་གནས་གོམས་སྲོལ་དར་ཡོད། དེ་ལས་ལྷོ་ཕྱོགས་ཀྱི་རོང་བ་རྣམས་གདོད་མ་ནས་གཉུག་མར་གནས་པའི་སྨར་རོང་གི་ཡུལ་དེའི་བདག་པོ་ཡིན་ལ། བོད་ཤར་ལྷོ་ཉི་མ་སྒང་དྲུག་ལ་གྱེས་པའི་མགོ་ལོག་གི་མི་རྒྱུད་དང་རུས་རྒྱུད་ཕལ་ཆེ་བའང་གནས་འདི་ནས་མཆེད་པས་བཙན་པོའི་འཛམ་གླིང་རྒྱས་བཤད་སོགས་སུ་སྨར་ཁོག་འདི་མགོ་ལོག་པ་ཡོད་ཚད་ཀྱི་ཕ་ཡུལ་ཡིན་པར་བཤད་པ་དང་། འབྲོག་པ་དག་གིས་ད་ལྟའང་སྨར་ཁོག་གི་རོང་བ་ལ་ཡུལ་བ་ཞེས་འབོད་པའང་དོན་ལ་གནས་སོ། །གནས་འདིའི་སྡོད་ཁང་རྒྱབ་ལུགས་དང་། ཡུལ་སྐད། ཆ་ལུགས། གོམས་སྲོལ་སོགས་གང་ཐད་ནས་ཡུལ་གཞན་དང་མི་འདྲ་ཞིང་། ལྷག་པར་ཡུལ་འདིའི་གདོད་མའི་ཡུལ་སྐད་ལ་སྨར་རོང་སྐད་ཟེར་ཞིང་ད་ལྟ་ལོ་ན་བཞི་བཅུའི་མན་ཅན་གྱི་ན་གཞོན་དག་གིས་བཤད་ཤེས་ཀྱིན་མེད་ལ། མིག་སྔར་རང་རྒྱལ་གྱིས་སྐད་བརྡ་རིག་པ་བ་ཚོས་ཞིབ་འཇུག་ཕར་ཞོག་ཐ་ན་དེ་འདྲ་ཞིག་ཡོད་པའང་གོ་ཡོད་ཚོད་ཀྱང་མི་འདུག་པས་སྐད་བརྡ་རིག་པར་ཡུལ་སྐོར་དང་ཞིབ་འཇུག་གནང་མཁན་ཞིག་ཡིན་ན་གནས་འདིར་ཁྱོད་ལ་རིག་པའི་གཤོག་རྩལ་ངོམ་ས་གསར་བ་ཞིག་གིས་བསྒུགས་ནས་ཡོད་དོ།། ད་དུང་གདོད་མའི་སོ་མཁར་དགུ་བརྩེགས་འབྲོང་མགོ་དཀར་པོའི་རྟགས་མ་ཅན་དང་། གནའ་བོའི་དགོན་གྲོང་གི་ཆགས་ཤུལ། ཅ་ཏི་༼གདོད་མའི་བོན་ལུགས་ཀྱི་མཆོད་རྟེན༽སོགས་བོན་གྱི་གནའ་ཤུལ་སོགས་མཆིས་པས། གལ་ཏེ་ཁྱོད་ཀྱིས་ཡུལ་མགོ་ལོག་པའི་གདོད་མའི་མ་ཕྱི་གསོན་པོ་ཞིག་ལ་བལྟར་འདོད་ན་ངེས་པར་དེར་ཕེབས་རྒྱུ་མ་བརྗེད། ལོ་རྒྱུས་ཡིག་རྙིང་ཁྲོད་ཀྱི་མདོ་ཁམས་རོལ་ཆེན་བཅོ་བརྒྱད་དམ་རོང་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་ཨ་ད་རོང་དང་། སྟག་རོང་། སྨར་རོང་། འཛི་རོང་། རྡོ་རོང་སོགས་ཀྱང་གནས་འདི་ག་ལས་གཞན་མ་ཡིན་ནོ།།    ༼3 གཉན་པོ་གཡུ་རྩེའི་བྱང་ཕྱོགས་ཀྱི་འབྲོག་པ་རྣམས་ས་བབས་དང་ཡུལ་སྐད། ཡུལ་སྲོལ་གོམས་གཤིས་སོགས་གང་ཐད་ནས་ཨ་མདོར་གཏོགས་པས་རྟའི་ཆོལ་ཁའི་རིག་གནས་གོམས་སྲོལ་དར་ཡོད། གཞན་ཡང་རྔ་རོང་སྡེ་ཇག་ཅེས་གནའ་བོའི་དུས་སུ་གཉན་པོ་གཡུ་རྩེའི་མཐའ་འཁོར་དུ་ཚོང་ལས་དང་། ཞིང་ལས། འབྲོག་ལས། ཇག་ལས་ཏེ་ལས་རིགས་མི་འདྲ་བ་བཞིའི་འཚོ་བ་རོལ་སྟངས་དར་བས་དེ་འབྲེལ་གྱི་རིག་གནས་ཀྱང་མི་འདྲ་བ་དར་ཡོད་པ་དག་ནི་རིག་པས་ཡུལ་སྐོར་དུས་ཚོད་ཅན་ཚོའི་ཐུན་མིན་གྱི་སྤྱོད་ཡུལ་དུ་བཞག་དགོས། ༈ གཉན་པོ་གཡུ་རྩེ་ནི་སྣ་མང་ཆོས་ལུགས་ཀྱི་ལྟེ་གནས་ཤིག་ཡིན། གཉན་པོ་གཡུ་རྩེའི་གནས་རི་འདི་བོན་པོ་དང་། རྙིང་མ། ས་སྐྱ། བཀའ་བརྒྱད། དགེ་ལུགས་པ། ཇོ་ནང་བཅས་ཆོས་ལུགས་གྲུབ་མཐའ་མི་གཅིག་པ་ཁག་དྲུག་གི་དགོན་ཆེན་དུ་མས་བསྐོར་ནས་ཡོད། ¬༼1 གཡུང་དྲུང་བོན། རྔ་བའི་སྣང་ཞིག་དགོན་པ་དང་རྟོགས་ལྡན་དགོན་པ་གཉིས་ནི་བོད་ཁམས་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་བོན་དགོན་དང་བོན་གྱི་ཆོས་ལུགས་དང་རིག་གཞུང་གི་ལྟེ་བ་ལྟ་བུ་ཡིན་ལ། བོད་ཀྱི་གནའ་བོའི་ཤེས་རིག་གམ་གནའ་བོའི་སྲོལ་རྒྱུན་རིག་གནས་སམ། ཡང་ན་བོད་རིག་པ་ཟེར་ས་དེ་ཡང་བོན་གྱི་རིག་གནས་ལས་ཡན་གར་བ་ཞིག་རྩ་བ་ནས་མེད་པས་བོད་རིག་པར་གཟིགས་རྟོག་གནང་མཁན་ཞིག་ཡིན་ན་དགོན་སྡེ་འདི་གཉིས་སུ་ཕེབས་དང་ཁྱོད་ལ་བོད་ཀྱི་ཤེས་རིག་གི་ལྟེ་བ་ཞིག་ཡིན། ༼2 ཇོ་ནང་པ། ལྕམ་མདའ་དགོན་པ་དང་། བསེ་སྒར། ཨ་ཁྱུང་དགོན་པ་སོགས་བོད་ཁམས་ཡོངས་ཀྱི་ཆེས་ཆེ་བའི་ཇོ་ནང་པའི་དགོན་པ་དང་། བོད་ཁམས་ཡོངས་ཀྱི་ཇོ་ནང་བའི་དགོན་པ་མང་ཆེ་ཤོས་གཉན་པོ་གཡུ་རྩེའི་མཐའ་འཁོར་དུ་ཆགས་ཡོད། དབུ་མ་གཞན་སྟོང་གི་ལྟ་བ་དང་། སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་སོགས་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་རིག་གནས་རླབས་ཆེ་ཞིང་ངོ་མཚར་བ་དག་དགོན་པ་འདི་དག་ནས་ཁྱོད་རང་གིས་མྱོང་ཚོར་བྱེད་ཐུབ། ༼3 དགེ་ལུགས་པ། གཉན་པོ་གཡུ་རྩེའི་མཐའ་འཁོར་དུ་རྔ་བའི་ཀིརྟི་དགོན་པ་དང་། སྒོ་མང་དགོན། ལུང་དཀར་དགོན་པ་སོགས་དགེ་ལུགས་པའི་དགོན་ཆེན་མང་བོ་མཆིས་ཤིང་། དེ་ལས་ཀིརྟི་དགོན་པ་ནི་མིག་སྔར་སེ་འབྲས་དགེ་གསུམ་སོགས་བོད་ཁམས་ཀྱི་དགེ་ལུགས་པའི་དགོན་པ་ཡོད་ཚད་ལས་ཆེས་ཆེ་ཤོས་དེ་རེད། གཅིག་སྒྲིལ་གྱི་ལུང་དཀར་དགོན་པ་ནི་ཤར་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ཀྱི་དགོན་པ་དང་པོ་ཡིན་ལ་དེ་རུ་ལོ་ལྟར་བོད་ཟླ་དང་པོའི་ཚེས་བཅུ་བཞི་དང་བཅོ་ལྔ་ལ་གཉན་པོ་གཡུ་རྩེའི་གནས་བདག་གི་གར་འཆམ་རྒྱག་སྲོལ་ཡོད། དེ་མིན་དགོན་ཁག་གང་ཡིན་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་ངམ་གཞུང་ལུགས་ཀྱི་སྒྲོ་འདོགས་གཅོད་པའི་རིག་པའི་ཐབས་ལམ་ཁྱད་པར་བ་རྩོད་པ་ཞེས་པར་གཟིགས་ཞིབ་གནང་ཆོག ༼4 རྙིང་མ་པ། དཔལ་ཡུལ་དར་ཐང་དགོན་པ་དང་། མུན་ཐང་དགོན་པ། སྟག་ལུང་དགོན་པ། སྨར་རོང་ཡེ་ངོས་དགོན་པ་སོགས་རྙིང་མའི་དགོན་ཆེན་མང་བོ་ཡོད་ལ་དེ་དག་སོ་སོར་གསང་སྔགས་རྙིང་མའི་ལུགས་ཀྱི་གར་འཆམ་སྣ་ཚོགས་དང་། གོས་ཐང་བཤམས་པ། རིན་ཆེན་སྣ་ལྔའི་ཕྱེ་མས་བཀའ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་པ། མར་དང་རྩམ་པས་བཀའ་བརྒྱད་ཀྱི་གཏོར་མ་བཅའ་བ། བཀའ་བརྒྱད་ཀྱི་ཆོ་གའི་སྒོ་ནས་གཏོར་མ་བརྡབ་པ་སོགས་གཉན་པོ་གཡུ་རྩེའི་གསང་བའི་བཤད་པ་སྟེ་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྤྱོད་དང་ཆོ་གའི་བྱེད་སྒོ་སྣ་ཚོགས་དང་། སྨར་རོང་ཡེ་ངོས་དགོན་པར་ལོ་སྟོང་གི་སྔོན་གྱི་ལྡེབ་རིས་སྣ་ཚོགས་མཇལ་རྒྱུ་ཡོད།  ༼5 ས་སྐྱ་བ། རྔ་བའི་ས་སྒང་དགོན་པ་སོགས་ས་སྐྱ་བའི་དགོན་པ་མང་བོ་མཆིས་ཤིང་དེ་དག་ཏུའང་ལྡེབ་རིས་སྣ་ཚོགས་དང་། ནང་སེམས་ཀྱི་ཞི་བདེ་ཐོབ་པའི་བླ་ན་མེད་པའི་རིག་གནས་སོགས་མཆིས།  ༼ 6 བཀའ་བརྒྱུད་པ། མཚོ་སྔོན་ཞིང་ཆེན་གྱི་ཡུ་ཤུལ་ཁུལ་ཕུད་པའི་ཁུལ་གཞན་ལྔའི་ཁྱོན་ལ་བཀའ་བརྒྱུད་པའི་དགོན་པ་གཉིས་ཡོད་པའི་ཡ་གྱལ་དང་། མགོ་ལོག་ཁུལ་ཁོངས་སུ་བཀའ་བརྒྱུད་པའི་དགོན་པ་ཉག་མ་གཅིག་ཡོད་པ་དེ་ནི་གཉན་པོ་གཡུ་རྩེའི་ལྷོ་ཕྱོགས་པད་མ་རྫོང་གི་སྨར་ཁོག་རྒྱུད་སྡེ་དགོན་པ་ཡིན་ཞིང་། དགོན་འདི་རྗེ་ཀརྨ་པ་ཞྭ་ནག་སྐུ་ཕྲེང་བཅུ་བ་ཆོས་དབྱིངས་རྡོ་རྗེ་དང་ཀརྨ་ཞྭ་དམར་སྐུ་ཕྲེང་བདུན་ཡེ་ཤེས་སྙིང་བོ་གཉིས་ཀྱིས་ཕྱག་བཏབ་མཛད་ཅིང་། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ནི་བོད་ཀྱི་ཐང་གའི་རི་མོའི་མཛེས་རྩལ་གྱི་གྲུབ་མཐའ་ཆེན་མོ་ཀརྨ་སྒར་བྲིས་ཞེས་པ་གསར་གཏོད་པ་ཀརྨ་བ་རོལ་བའི་རྡོ་རྗེའི་ཡང་སྲིད་དང་། ད་ལྟ་འཛམ་གླིང་ན་གྲགས་ཆེ་ཞིང་ཡུ་ནན་ལིས་ཅཱང་དུ་བཞུགས་པའི་ཀརྨ་པའི་ཐང་གའི་རི་མོ་དག་འབྲི་མཁན་ཡིན། ཁོང་གི་འཁྲུངས་གཞིས་སོགས་ཀྱང་པད་མ་རྫོང་དང་ཐག་མི་རིང་བའི་སར་ཡོད་ལ། དེ་མིན་མགོ་ལོག་གི་ལོ་རྒྱུས་སྟེང་ཆེས་སྐད་གྲགས་ཆེ་ཞིང་སྒྱུ་རྩལ་ལ་མཁས་པའི་མི་སྣ་གྲགས་ཅན་ཞིག་ལ་ཁོང་ལས་ལྷག་པ་ཞིག་བྱོན་མྱོང་མེད་ཅེས་བཤད་ཆོག ༈ གཉན་པོ་གཡུ་རྩེ་ནི་སྣ་མང་སྐྱེ་དངོས་ཀྱི་ལྟེ་གནས་ཤིག་ཡིན། གཉན་པོ་གཡུ་རྩེ་ནི་ཟལ་མོ་སྒང་རྒྱུད་ཀྱི་ཆེས་མཐོ་བའི་གཙོ་རི་ཡིན་པར་མ་ཟད། རི་རྣམས་ཀྱང་རྫ་རི་དང་། གཡའ་རི། སྤང་རི། ནགས་རི། གངས་རི་སོགས་ས་གཤིས་མི་འདྲ་བ་དུ་མས་གྲུབ་ཡོད་ལ། གཉན་པོ་གཡུ་རྩེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆར་ཆུ་ཆེས་མོད་ཅིང་ནགས་ཚལ་ཆེས་ཆེ་བའི་ས་ཆ་ཡིན་གཤིས་མཚེའུ་དང་ན་བ་སྟོང་ཕྲག་ལྷག་ཡོད། ད་དུང་གཉན་པོ་གཡུ་རྩེའི་ཤར་ལྷོ་ནགས་རོང་དང་ནུབ་བྱང་རྩྭ་ཐང་ཡིན་པ་སོགས་ས་བབས་ཁྱད་པར་བའི་དབང་གིས་གནས་འདིར་སྐྱེ་དངོས་ཀྱི་རིགས་སྣ་མང་འཛོམས་ཡོད། ༼སྲུང་སྐྱོབ་རིམ་པ་དང་པོར་ཐེ་བ། གསེར་གླག་དང་། མཚོ་གླག གོ་བོ། ཤ་དམར། གླ་སྐྱ། རྨོས་ཉ། གསའ། སྟག་མ་གཟིག ནགས་གླ། ཁྲུང་ནག ལྕང་སྲག ཁྲུང་ཁྲུང་བཅས་དང་། ༼སྲུང་སྐྱོབ་རིམ་པ་གཉིས་པར་ཐེ་བ། སྤྲེལ། འཕར་བ། དོམ། དྲེད་མོང་། ཨོག་སེར། ཨོག་དཀར། རྩྭ་ཞུམ། གཡི། ཁྲི་ལེ། ཤ་སྐྱ། ཤ་ནག རྒོ་སྐྱ། རྒྱ་གོ་ར། ར་རྒྱ། གནའ་བ། ཁྲ་ཧོར་བ། ཁྲ་དམར། རྔོན་ཁྲ། གོང་མོ། ཟེར་མོང་། བྱ་ཝང་དཀར་པོ། བྱ་ཝང་སྔོན་པོ། འུག་ཆེན། འུག་པ་རྣ་རིང་། འུ་གུ་ཆུང་། རྒོད་ཐང་དཀར། རྒོད་ཐང་ནག སྲམ། ཡེ་རྩེ། ཉ་གླག ནེ་ལེ། ནེའི་ཚ། ཁྲ་དཀར་སོགས་ཡོད། ༈ གཉན་པོ་གཡུ་རྩེའི་ཁྱད་པར་བའི་སྐྱེ་དངོས། 1 གཟི་བྱིའུ། གཟི་བྱིའུ་ནི་ཀྲུང་གོའི་ཐུན་མིན་གྱི་འདབ་ཆགས་71གི་གྲས་ཀྱི་གཅིག་དང་། ཟལ་མོ་སྒང་རྒྱུད་ཁོ་ནར་མཆིས་པའི་གཉན་པོ་གཡུ་རྩེའི་བླ་བྱིའུ་ཡིན། 2 གསའ། གསའ་ནི་འཛམ་གླིང་རིམ་པའི་ཉམས་ཉེན་གྱི་སྲོག་ཆགས་དང་རང་རྒྱལ་གྱི་སྲུང་སྐྱོབ་རིམ་པ་དང་པོའི་གྲས་ཀྱི་གཅན་གཟན་ཡིན། ད་ལྟ་འཛམ་གླིང་ཧྲིལ་བོར་རྒྱལ་ཁབ་བཞི་མ་གཏོགས་མེད་ལ་གསའི་གྲངས་ཀ་ཧ་ཅང་གིས་ཉུང་། ཀྲུང་གོ་ནི་གསའ་ཆེས་མང་བའི་རྒྱལ་ཁབ་ཡིན་ཞིང་དེ་ལས་བོད་ཁུལ་དང་དེའི་ནང་ནས་ཀྱང་མིག་སྔར་གཉན་པོ་གཡུ་རྩེ་ནི་གསའ་འདུས་སྡོད་བྱེད་གཙོ་བོ་ཞིག་ཏུ་གྱུར་ཡོད 3 མཐོ་སྒང་གསོམ་སྡོང་གི་རྒྱལ་བོ། གསོམ་སྡོང་འདི་སྨར་གྱི་གསའི་ནང་དུ་ཡོད་ཅིང་འདིའི་མཐོ་ཚད་ལ་དང་། སྦོམ་ཚད་ལ་ཡོད་ལ། ལོ་ཚད་བཅས་ཡིན་པར་མ་ཟད། གསོམ་སྡོང་འདི་ལོ་བཅོ་ལྔ་ཅན་གྱི་ན་གཞོན་ཞིག་དང་འདྲ་བར་བདེ་ཐང་ངང་ད་དུང་མུ་མཐུད་དུ་འཚར་ལོངས་འབྱུང་བཞིན་ཡོད། 4 གཅིག་སྒྲིལ་ཨཏྤལ་སྔོན་པོ། 5 འབར་ཁམས་གྲོག་ཤིང་། ༈ གཉན་པོ་གཡུ་རྩེར་ཕེབས་པའི་འགྲུལ་ལམ། མཚོ་སྔོན་ཟི་ལིང་(老汽车站)ནས་གཡུ་རྩེ་བར། S101གཞུང་ལམ་ལ་སྤྱི་ལེ་854དང་། S102གཞུང་ལམ་ལ་སྤྱི་ལེ920ཡོད། སི་ཁྲོན་ཁྲིན་ཏུའུ་ཡི་(茶店子汽车站、 城北客运站)ནས་302གཞུང་ལམ་ལ་སྤྱི་ལེ་606ཡིན། ཆེས་ཐག་ཉེ་བའི་གནམ་གྲུ་འབབ་ཐང་ནི་གཟི་ཤར་གནམ་གྲུ་(九黄机场)འབབ་ཐང་ཡིན། ༈ གཉན་པོ་གཡུ་རྩེའི་རྫོང་ངམ་གཅིག་སྒྲིལ་རྫོང་གི་གཞི་རྩའི་གནས་ཚུལ། གཅིག་སྒྲིལ་རྫོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་དྲུག་གི་ཡ་གྱལ་གཅིག་ཡིན་ལ། མཚོ་སྔོན་ཞིང་ཆེན་དང་མགོ་ལོག་ཁུལ་གྱི་ཤར་ལྷོའི་མཚམས་སུ་ཡོད། ཤར་ལྷོ་སི་ཁྲོན་གྱི་རྔ་བ་རྫོང་དང་ལྷོ་སྣེ་པད་མ་རྫོང་། ནུབ་དར་ལག་དང་ནུབ་བྱང་དགའ་བདེ་རྫོང་། བྱང་ཤར་ཀན་སུའུ་ཡི་རྨ་ཆུ་རྫོང་བཅས་ལ་འབྲེལ་ཡོད། ཤར་ནུབ་ཀྱིས་རིང་ཚད་ལ་སྤྱི་ལེ་136དང་ནུབ་བྱང་གི་ཞེང་ཚད་ལ་སྤྱི་ལེ་126ཡོད། གཞུང་ཐིག 100°20 E~101°47 E འཕྲེད་ཐིག 33°02 N~34°03 N ཆེས་མཐོ་སའི་ས་ནི་གཉན་པོ་གཡུ་རྩེའི་གཙོ་རི་ཡིན་ལ། དེའི་མཚོ་འཕགས་ནི། 5386དང་། ཆེས་དམའ་ས་ནི་གསའ་རྨ་འདུས་མདོ་ཡིན་ལ། དེའི་མཚོ་འཕགས་ནི་3568ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8757.25ཡོད་ལ་ཁུལ་ཡོངས་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆའི་11.39ཟིན་ཡོད། ༈ གཉན་པོ་གཡུ་རྩེའི་ཀེར་ལེབ་སྒུར་གསུམ་གྱི་གནས་ཚུལ། མི་གྲངས། 22120 །དུད་གྲངས། 5479 ། ངལ་རྩོལ་བ། 8022 ། དགོན་པ། 10 ། གྲྭ་གྲངས། 1305 ། ཕྱུགས་གྲངས་322884 དང་། ལོ་རེའི་སྨན་རྩྭའི་རྐོ་ཚད་དབྱར་རྩྭ ་སྤྱི་རྒྱ 890 ། སྙི་བ་སྤྱི་རྒྱ2717 ། གྲོ་མ་སྤྱི་རྒྱ 4145 ། ལྕགས་རས་བསྐོར་བའི་རྩྭ་སའི་རྒྱ་ཁྱོན་ཀུང་ཆིང 268.83 དང་། བཏབ་རྩྭའི་རྒྱ་ཁྱོན་ཀུང་ཆིང16.67 ། བྲ་སའི་རྒྱ་ཁྱོན་ཀུང་ཆིང 174.8 ། བྲ་བསད་ས་ཁྱོན་ཀུང་ཆིང 67.87 །དཔལ་འབྱོར་གྱི་ལོ་རེའི་ཡོངས་སྒོ་སྒོར་ཁྲི 5759.32 ཡོད། ༈ གཉན་པོ་གཡུ་རྩེའི་ཁོར་ཡུག་གི་གནད་དོན། 1 དུས་རབས་སྔོན་མའི་ལོ་རབས་70བའི་ནང་ཤིང་ནགས་རྩྭ་སར་བསྒྱུར་བའི་བྱ་འགུལ་སྤེལ་ཏེ་སྲིབ་རིའི་ཤིང་ནགས་མང་ཆེ་བ་མེར་བཏང་བ་དང་། 2 འགན་ཁུར་དང་རྩ་འཛུགས་ཡོད་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་རྒྱ་ཆེན་པོས་རྔོན་པ་དཔེར་ན། སྤྱི་ལོ་1984དང་1985ལོ་སྟེ་ལོ་གཉིས་ཀྱི་ནང་མཚོ་སྔོན་ཞིང་ཆེན་སྨན་རྫས་ཉོ་ཚོང་ཁང་གིས་གླ་རྩི་གཅིག་པུ་རྒྱ་མ་8000ཉོ་བསྡུ་བྱས་པ་ལྟ་བུ། གླ་རྩི་རྒྱ་མ་8000དེ་གླ་བ་ཁྲི་20་ཡན་རྔོན་གསོད་བྱས་ན་ད་གཟོད་དེ་ཙམ་བསྡུ་ཐུབ་པ་རེད། ༼གྲངས་ཀ་འདི་མགོ་ལོག་གི་གཞུང་ཡིག་ཅིག་ལས་བཤུས།༽ 3 སྨན་རྩྭའི་རིགས་ཀྱི་རིན་གོང་འཕར་བ་ནས་ཕྱི་ནང་གི་མི་འབོར་རྒྱ་ཆེན་པོས་སྨན་རྩྭའི་རིགས་འཕང་མེད་དུ་བརྐོས་པ། 4 སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་རིག་གནས་རྒུད་ཅིང་དེང་རབས་ཁོར་ཡུག་སྲུང་རིག་གནས་ཀྱི་ཐབས་ལམ་མ་བསླེབས་པའི་སྐྱ་ཆད་སྔོ་རྡུག་གི་བར་སྟོང་དེར་གད་སྙིགས་ཀྱི་རིགས་མོད་ཅིང་ད་ལྟའི་བར་གད་སྙིགས་བདག་པོ་རྒྱབ་པའི་ཐབས་ལམ་ཡག་པོ་ཞིག་མ་རྙེད་ཐུབ་པ། 5 གོ་ལ་ཧྲིལ་བོའི་གནམ་གཤིས་ཇེ་དྲོར་ཕྱིན་པས་འདིར་ཡང་གངས་རི་ཞི་ཞིང་་ཆུ་མཚོ་མང་བོ་སྐམ་པས་རྩི་ཤིང་གི་སྐྱེ་སྟོབས་ཞན་པར་གྱུར་བ། 6 རི་ཁར་རི་དྭགས་མེད་པར་བཟོས་པས་གསའ་དང་སྤྱང་ཀི་སོགས་གཅན་གཟན་རིགས་དང་འབྲོག་པའི་བར་གྱི་འགལ་བ་ཛ་དྲག་ཅན་དུ་གྱུར་བ་དང་། དེའི་དབང་གིས་འབྲོག་པས་རྩ་ཆེའི་རི་སྐྱེས་སྲོག་ཆགས་བསད་པ་དཔེར་ན། སོག་རུ་སྡེ་བའི་མི་གཅིག་གིས་འཛམ་གླིང་རིམ་པའི་ཉམས་ཉེན་སྲོག་ཆགས་གསའ་8་བསད་པ་ལྟ་བུ་སོགས་གནས་ཚུལ་མང་བོ་བྱུང་དང་འབྱུང་གིན་འདུག་ཀྱང་མང་ཚོགས་ལ་ནུས་ཤུགས་ཞན་ཞིང་། སྲིད་གཞུང་ནས་རྒྱབ་སྐྱོར་དམན་ཞིང་གཙོ་གནད་དུ་བཟུང་གིན་མེད་པ་སོགས་ངན་གསུམ་ཐོ་ཐུག་གི་སྐབས་སུ་མཆིས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1