གྲོགས་པོ་མེད་པའི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་རུ་གཙོ།
རུ་གཙོ་ནག་ནག་ཅེས་པ་འདི་ཕྱོགས་གཅིག་ནས་སྒྲོལ་མ་ཚེ་རིང་གིས་མི་ལོ་དུ་མའི་རིང་ལ་མཐོ་སྒང་གི་གནམ་གཤིས་རྩུབ་པོའི་ཁྲོད་ནས་ཉིན་དང་ཟླ། ཟླ་ནས་ལོ་ལ་དབྱར་གཞུང་ཚ་བས་གདུང་རུང་། དགུན་གཞུང་སེར་བུར་གཙེས་རུང་ནམ་ཡང་རང་གི་ལས་གནས་སྟེང་ནས་གཏན་སྲུང་བྱེད་པས་ངོ་གདོང་ནག་པོར་གྱུར་བ་རེད། ཉེན་ཁ་དང་གནད་དོན་ཡོད་ས། སྔོན་ཆད་འགྲིམ་འགྲུལ་དོན་རྐྱེན་བྱུང་མྱོང་པའི་གནས་དེ་ན་མི་གཅིག་མ་གཏོགས་མེད་རུང་དེ་ནི་སྒྲོལ་མ་ཚེ་རིང་ཡིན་ལ། མི་གཉིས་ནས་གསུམ་ཡོད་རུང་སྒྲོལ་མ་ཚེ་རིང་མེད་པར་ཐེ་ཚོམ་བྱ་མི་དགོས། ཅིའི་ཕྱིར་ཅེ་ན། ཁོས་བྱ་བ་ལས་སའི་ས་གནས་དེར་མི་དམངས་མང་ཚོགས་ཕལ་ཆེར་གྱིས་རྒྱ་སྐད་མི་གོ་བ་དང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ཏུ་ཁོ་གཅིག་པུ་ལས་བོད་པ་མེད། ལོ་ངོ་བཅུ་ཕྲག་རིང་གི་འགྲིམ་འགྲུལ་བདེ་འཇགས་ལས་ཀའི་ཁྲོད་ནས་ངོ་གདོང་ནག་པོར་གྱུར་བ་སུས་ཀྱང་གསལ་པོ་ཡིན།
ཕྱོགས་གཞན་ཞིག་ནས་སྒྲོལ་མ་ཚེ་རིང་གིས་ཁྲིམས་ལྟར་བྱ་བ་སྒྲུབ་ལ། ལོ་ངོ་མང་པོ་ཞིག་གི་རིང་ལ་ཤ་ཉེ་རིང་མེད་པ་དང་། མི་ངོ་ལྷ་ངོར་མི་ལྟ་བར་ཁྲིམས་ལྟར་ལས་ཀ་སྒྲུབ་པ་ནི་ཅོ་ནེ་ས་ཆའི་མི་སུ་ལ་ཡང་གསལ་པོ་ཡིན། དེ་ལྟར་བརྩེ་བ་མེད་པའི་མི་དེ་ནག་པོ་རྡོ་རུ་དཔེ་འཇོག་པ་ལྟར། དུས་དེ་རིང་སྒྲོལ་མ་ཚེ་རིང་གིས་ཕྱིར་དྲན་བྱེད་དུས། བར་སྐབས་ཤིག་ལ་མི་དམངས་ཁྲོད་ན་སྒྲོལ་མ་ནག་ནག་གསོད་ལ་ཐོངས། འགྲིམ་འགྲུལ་རུ་ཁག་ཕུད་ལ་ཐོངས། ཅེས་པ་ཞིག་ཀྱང་ཁྱབ་ནས་ཡོང་བཞིན་འདུག་ཅེས་ཅུང་ཟད་ཁོ་ཐག་ཆད་པའི་ངང་ནས་གསར་འགོད་པར་བཤད།
སྤྱི་དམངས་ཀྱི་བདེ་འཇགས་ནམ་ཡང་བོར་མ་མྱོང་པའི་སྒྲོལ་མ་ནག་ནག
ཆད་པ་གཅོད་རྒྱུ་ནི་དམིགས་ཡུལ་གཏན་ནས་མིན། འོན་ཀྱང་དེ་མི་མང་པོ་ཞིག་གིས་གཏན་ནས་ཧ་གོ་བཞིན་མི་འདུག ཐ་ན་ངའི་སློབ་གྲོགས་ཚོས་ཀྱང་ཧ་གོ་བཞིན་མི་འདུག ཁོ་ཚོས་འགྲིམ་འགྲུལ་ཉེན་རྟོག་གི་ལས་འགན་ནི་ཆད་པ་གཅོད་རྒྱུ་དེ་རེད་ཟེར། དེ་གཏན་ནས་ཡིན་ནི་མ་རེད། གནད་དོན་གྱི་ཚབས་ཆེན་རང་བཞིན་དང་གནད་དོན་གྱི་གལ་ཆེའི་རང་བཞིན་ཁོ་ཚོས་ཧ་གོ་བཞིན་མི་འདུག མགྱོགས་ཚད་ལེན་པ་ནི་འཕྲུལ་ཆས་ཀྱིས་མིའི་ལས་ཀ་ལས་པ་ཞིག་ཡིན། མགྱོགས་ཚད་ཇེ་དམའ་རུ་བཏང་ན་འགྲིལ་འགྲུལ་དོན་རྐྱེན་བྱུང་པ་ཡང་དེ་དང་བསྟུན་ནས་ཇེ་ཉུང་དུ་འགྲོ་ངེས། འདི་ནི་གཙོ་བོ་རེད། གལ་ཏེ་ཁྱེད་ཚོ་མགྱོགས་ཚད་ལས་བརྒལ་མེད་ན་ང་ཚོས་ཆད་པ་གཏན་ནས་གཅོད་མི་སྲིད་ལ་འགྲིམ་འགྲུལ་ཉེན་ཁ་ཡང་མེད་པས། ཁ་བྲོ་བཀྲ་ཤིས་མ་རེད་དམ་ཅེས་སྒྲོལ་མ་ཚེ་རིང་གིས་ཧ་ཅང་ནན་ཏན་དང་སྐད་མཐོན་པོས་གསར་འགོད་པར་བཤད།
རུ་གཙོ་ནག་ནག་གིས་རྒྱུན་དུ་བཤད་པའི་སྐད་ཆ་ཚིག་གཅིག་ནི་མི་ནི་གཞུང་དྲང་ཡིན་དགོས་ལ་ལས་ཀ་ཡང་གཞུང་དྲང་གིས་སྒྲུབ་དགོས་ཞེས་པ་དེ་ཡིན། གཞུང་དྲང་ཞེས་པའི་ཐ་སྙད་འདིས་ལོ་འདི་དག་གི་རིང་ཁོ་ལ་དཀའ་སྡུག་མི་ཉུང་པར་གཏད་མྱངས། རུ་ཁག་འདི་རུ་ཞོགས་པར་གཞུང་སྒྲུབ་ཁང་དུ་ཡོང་མཁན་ཆེས་སྔོན་མ་དེ་ཁོ་ཡིན་ལ། གྲོང་གསེབ་དུ་འགྲོ་མཁན་ཆེས་མང་པ་ཡང་ཁོ་ཡིན། ལས་སྣོན་ཆེས་མང་པ་ཡང་ཁོ་ཡིན། རྒྱུ་རྐྱེན་འདི་དག་གི་དབང་གིས་ཁོ་ལ་འཁང་ར་སོགས་མང་པོ་ལྷགས་ཡོད། ཆུང་མའི་འཁང་ར། ཁྱོ་གའི་མིག་ལམ་དུ་ལས་ཀ་ལས་གཞན་མི་འདུག ལས་རོགས་ཀྱི་འཁང་ར། འགོ་ཁྲིད་གཟབ་ནན་ཡིན་ལ་བཙན་པོ་འདུག ཚང་མར་ངལ་གསོ་བའི་ཁོམ་སྐབས་ཙམ་ཡང་མི་འདུག རླངས་འཁོར་ཁ་ལོའི་བའི་འཁང་ར། འགྲིམ་འགྲུལ་འཛིན་རྒྱུ་ཞིབ་ཕྲ་ཆེ་སོང་། མགྱོགས་ཚད་སོགས་སྐད་ཆ་གང་ཡང་ཚད་བརྒལ་མི་ཐུབ་སོགས་འཁང་ར་མང་པོས་ཁོ་ལ་སྐོར་བ་བརྒྱག་བཞིན་འདུག
དཀའ་ངལ་མདུན་ནས་མགོ་བོ་སྒུར་མ་མྱོང་པའི་སྒྲོལ་མ་ཚེ་རིང་།
ད་ལོ་ཕོ་ལོ་44སོན་པའི་སྒྲོལ་མ་ཚེ་རིང་ནི་ཅོ་ནེ་རྫོང་ཆས་པའི་གཤིས་ཉིན་པ་སྡེ་བ་ནས་ངུ་ངག་གི་དབྱངས་རྟ་ཐོག་མ་མི་ཡུལ་དུ་གྱེར། ད་ལྟ་སྒྲོལ་མ་ཚེ་རིང་ནི་ཅོ་ནེ་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་རུ་གཙོ་ཡིན། ལུས་སྟོབས་དར་ལ་རྫིག་ཉམས་ཆེ་བ་དང་ངོ་གདོང་ནག་པ་སོགས་བོད་མི་རིགས་ཀྱི་ཕོ་རྒོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན། ཀུན་སྤྱོད་གཙང་ལ་ལས་ཀ་ནན་ཏན་ཡིན་པ། གཤིས་ཀ་དྲང་མོ་ཡིན་པ་དང་ཕྱོགས་རིས་མེད་པ། དེ་བཞིན་གདོང་ནག་པ་སོགས་རྐྱེན་གང་མང་ཞིག་གིས་ཁོ་ཡོད་སའི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་དེར་མིང་གྲགས་ཆེ་བ་ཡོད། དེ་བས་ཚང་མས་ཁོ་ལ་སྒྲོལ་མ་ནག་ནག་ཞེས་སུ་འབོད། ཐ་ན་ཁུལ་དང་ཞིང་ཆེན་རིམ་པའི་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་འགོ་ཁྲིད་དེ་ཚོ་ཀན་ལྷོར་ལས་ཀར་རྟོག་ཞིབ་བྱེད་པར་ཡོང་ཐེངས་རེ་ལ་ཁྱེད་ཚོའི་རུ་གཙོ་ནག་ནག་གིས་ཉེ་ལམ་འཆར་གཞི་གསར་པ་ཅི་ཞིག་གྲ་སྒྲིག་བྱེད་བཞིན་འདུག ཅེས་ཐེངས་རེར་འདྲི་བ་རྒྱུན་སྲོལ་དུ་ཆགས་འདུག
སྒྲོལ་མ་ཚེ་རིང་གི་ཁྱིམ་གྱི་དཔེ་སྒྲོམ་སྟེང་ན་སྤྱི་བདེ་པུས་སྤྲད་པའི་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་གི་ཁྲིམས་འཛིན་མ་ལག་ཁག་བཞི་པའི་དཔེ་དམག་གི་ལག་ཁྱེར་དང་། ཞིང་ཆེན་སྤྱི་བདེ་ཐིང་མི་སྒེར་གྱི་རིམ་པ་གསུམ་པའི་གཟེངས་བསྟོད་བྱ་དགའ། ཀན་ལྷོ་ཁུལ་ཁྲིམས་འཛིན་ཅུས་ཀྱི་འགྲེམ་བསྒྲགས་བྱས་པའི་དམངས་འདུམ་མཁས་པ་ལེགས་ཤོས་བཅུ་ཡི་དཔང་ཡིག་སོགས་བྱ་དགའི་དཔང་ཡིག་མང་དུ་བརྩེགས་འདུག
ཆུང་མས་བྱ་དགའི་དཔང་ཡིག་དེ་དག་ལ་རིན་ཐང་མེད་པར་བཤད་མོད། འོན་ཀྱང་གྲལ་འགྲིག་ལ་དཔེ་སྒྲོམ་གྱི་དཀྱིལ་དབུས་སུ་ལེགས་པོར་ཉར་ཚགས་བྱས་ཡོད་པའི་ཚུལ་ལས་ཧ་ཅང་འདང་ཆེན་ཏུ་བརྩིས་ཡོད་པ་གསལ་པོ་རེད། ཁོ་མོས་ཁྱོ་གར་འཁང་ར་བྱེད་བཞིན་ཡོད་མོད་འོན་ཀྱང་བརྩི་བཀུར་འཁང་ར་ལས་མང་།
ལོ་ངོ་20ལྷག་གི་ཉེན་རྟོག་པའི་འཚོ་བ་དང་གནོང་འགྱོད་མེད་པའི་མི་ཚེའི་རྒྱུད་རིམ་ཁྲོད་ནས་གྲུབ་འབྲས་མང་དུ་ཐོབ་ལ་དང་མཉམ་དུ་བློས་གཏོང་དགོས་པ་ཡང་གང་མང་མང་ཞིག་བྱུང་། མ་ཟད་ཁྲིམས་དང་ཞབས་ཞུ་མཉམ་དུ་སྒྲུབ་དགོས། མ་འོངས་པའི་ལམ་ནི་ད་རུང་ཧ་ཅང་རིང་རུང་སྒྲོལ་མ་ཚེ་རིང་ལ་ཡིད་ཆེས་དང་སྟོབས་ཤུགས་ཀྱིས་ཁེངས་འདུག ཁོ་ནི་མི་ལོ་22སྔོན་གྱི་ཐོག་མར་ཉེན་རྟོག་ལས་གནས་རུ་ཞུགས་པའི་སྐབས་དང་འདྲ་བར་ཡོད་ཚད་ལ་ཡིད་ཆེས་དང་བརྩེ་བ་ཡིས་ཁེངས་འདུག སྒྲོལ་མ་ནག་ནག་ནི་སྐྲག་དགོས་པ་ཞིག་གཏན་ནས་མ་རེད། ཁོ་རང་ནག་པའི་ཆ་ནས་ཁྲིམས་ལུགས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་ཅེས་པའི་སྐད་ཆ་དེ་ཚིག་སྐམ་པོ་ཞིག་ཏུ་འགྱུར་མ་སོང་། ཁོ་རང་ནག་པོ་ཡིན་པའི་ཆ་ནས་ཅོ་ནེའི་འགྲིམ་འགྲུལ་དོན་རྐྱེན་མངོན་གསལ་གྱིས་ཇེ་ཉུང་དུ་ཡོང་ལ་འགྲིམ་འགྲུལ་ལ་ཟབ་ཞུགས་བྱེད་པའི་མི་ཡོངས་ལ་བདེ་འཇགས་ཀྱི་ཁག་ཐེག་ཅིག་ཐོབ། ཁོ་རང་ནག་པོ་ཡིན་པའི་ཆ་ནས་བོད་རིགས་འདུས་སྡོད་གཙོ་བྱས་པའི་གྲངས་ཉུང་མི་རིགས་མང་པའི་རྫོང་མཁར་འདིའི་འགྲིམ་འགྲུལ་བཀོད་སྒྲིག་གོ་རིམ་ཡོད་པ་དང་མི་དམངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་འདུ་ཤེས་སྔར་ལས་ཇེ་མཐོར་སོང་། དཀའ་ངལ་མདུན་དུ་མགོ་མི་སྒུར་བ། ལས་དོན་གང་སྒྲུབ་རུང་རྩ་དོན་འཛིན་པ། ཐབས་དང་ཤེས་རབ་གཉིས་སུ་འཛོམས་པའི་སྒྲོལ་མ་ནག་ནག་ནི་ངེས་པ་དོན་གྱི་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་ཡིན་འདུག །