བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29



( དེབ་གོང་མའི་འཕྲོར་མཐུད། )

ཤིང་འབྲུག་སྲིད་སྐྱོང་གནས་དབྱུང་བཏང་། །

གནས་སྐབས་པཎ་ཆེན་སྲིད་ཁྲིར་བཞུགས། །

ཤིང་སྦྲུལ་རྭ་སྒྲེང་སྲིད་ཁྲིར་འཁོད། །

ས་མཚམས་ཀུན་ལ་ཟར་ཟིང་ལངས། །

ས་བྱ་ཉག་སྐེད་ཨ་མགོན་གྱིས། །

ཉག་སྡེ་ཡོངས་རྫོགས་དབང་དུ་བསྡུས། །

བོད་སྲིད་བཅོས་པའི་ཇུས་གཞི་བཀོད། །

རྒྱ་བོད་གཉིས་ལ་མགོ་མ་སྒུར། །

མདོ་ཁམས་དཔོན་རིགས་འཇིགས་སྔངས་ཆེ། །

སྲིད་སྐྱོང་སྔོན་རྗེས་གཉིས་ཀྱི་སྐོར། ཤིང་འབྲུག་སྤྱི་ལོ་1844ལོའི་ཟླ་བ་བདུན་པར་སྲིད་སྐྱོང་ཚེ་སྨོན་གླིང་པ་བོད་རྗེའི་ཁྲི་ལོ་ཉི་ཤུ་རྩ་དྲུག་བསྐྱངས་རྗེས་སྲིད་ཀྱི་ཁྲི་ལས་ཕབ་སྟེ་རྒྱ་ཡུལ་དུ་སྤྱུགས། སྒོས་གཞིས་ཚང་མ་གཞུང་བཞེས་བྱས། ཆིང་གོང་མའི་བཀའ་ཡིག་དགོངས་དོན་ལྟར། པཎ་ཆེན་བསྟན་པའི་ཉི་མ་ལྷ་སར་གདན་དྲངས་ཏེ་ལོ་དེའི་ཟླ་བ་8པ་ནས། ཤིང་སྦྲུལ་ཟླ་བ་བཞི་པའི་ཚེས་ཉེར་དྲུག་བར་ཟླ་བ་ཕྱེད་དགུ་ཙམ་གཞུང་ཞབས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཐོག ཚེ་སྨོན་གླིང་གི་དམ་ཕྲུག་ཆེ་ཆུང་རྩིས་འབུལ་མཛད་པ་ལྟར། སྲིད་འགན་སྐྱོང་རིང་རྒྱ་ཐམ་ཧོར་ཡིག་གྲུ་བཞི་མ་གོང་སྨོས་དང་དེའི་འགྲམ་དུ་པཎ་ཆེན་རང་ཉིད་ཀྱི་ཐུགས་དམ་སྒོར་མོ་ཆོས་དུང་རིས་ཆུང་བ་ཟུང་སྤྲེལ་དུ་བསྩལ། ཞེས་གསུངས། འོན་ཀྱང་སྲིད་སྐྱོང་གནས་དབྱུང་དགོས་པའི་ནག་ཉེས་གང་བྱས་པའི་ཡིག་ཆ་ད་ཕན་མ་རྙེད། ཤིང་སྦྲུལ་སྤྱི་ལོ་1845ལོའི་ཟླ་བ་4པའི་ཚེས་26ཉིན། ཆིང་གོང་མའི་བཀའ་ཡིག་ཕེབས་པ་ལྟར། རྭ་སྒྲེང་ཚུལ་ཁྲིམས་རྒྱལ་མཚན་སྲིད་སྐྱོང་གི་ཁྲིར་འཁོད། རྒྱལ་ཡབ་དང་།

ཞབས་པད་རྣམ་པ། སྤྱི་ཁྱབ་མཁན་པོ་སོགས་དཔོན་རིགས་རྣམས་ཀྱིས་ལེགས་སྐྱེས་ཕུལ། མེ་ལུག་སྤྱི་ལོ་1847ལོར་གཙང་རྒྱལ་རྩེ་དང་། པ་རྣམ་ཁུལ་རྣམས་སུ་གཞུང་རྒྱུགས་ཁྲལ་པ་རྣམས་ཁྲལ་འུ་དང་། བུ་ལོན་སོགས་ཀྱིས་གཙེས་དྲག་པས་མང་ཆེ་བ་ཉམ་ཐག་མཐར་ལྷུངས་དང་། ཁྲལ་འཚོ་མི་ཟིན་པའི་གནས་སུ་གྱར་རྐྱེན་གྱིས་མེ་ལུག་ལོ་འདིར་གཞུང་ནས་ཞིབ་དཔྱོད་ཆེད་གཏོང་བྱས་ཏེ། རུལ་སུན་དཔོན་རིགས་རྣམས་ཀྱིས་སྡེ་འབངས་ཉམ་ཐག་མཉམ་ཆུང་རྣམས་ལ་ཁྲལ་ལོག་འགེལ་པ་དང་། ཆེ་བཙན་ནས་ས་ཞིང་བར་ཟོས་བྱས་པ་དང་། དཔོན་རིགས་དང་འབྲེལ་ཡོད་པ་རྣམས་དང་། རྒྱུ་འབུལ་ཟས་སྐྱེལ་བྱེད་མཁན་རྣམས་ལ་ཁྲལ་ཆག་ཡོད་རིགས་ཞིབ་དཔྱོད་བྱས་ཏེ། མེ་ལུག་ཞིབ་གཞུང་ཞེས་པའི་ཁྲལ་ཐོ་གསར་འགོད་བྱས། །

དུས་ཟིང་ཕྲན་ཚེགས་སྐོར། མེ་ལུག་སྤྱི་ལོ་1847ལོར་བྲག་གཡབ་ཆེ་ཚང་སྤྲུལ་སྐུ་དང༌། ཆུང་ཚང་སྤྲུལ་སྐུ་གཉིས་མ་མཐུན་པའི་ཞིབ་དཔྱད་དུ་བཀའ་བློན་བཤད་སྒྲ་དབང་ཕྱུག་ཁམས་ཕྱོགས་སུ་ཕེབས། སྡེ་དགེའི་གཉེར་ཆེན་དགེ་ལེགས་བར་འདུམ་བྱེད་སར་བཏང༌། དུས་དེ་ཙམ་ན་སྟོད་ཁུལ་དུ་འཆར་ཅན་གཞུང་གི་ཚོང་པ་རྣམས་ལ་དྭགས་པས་སྔར་སྲོལ་གྱི་རྟ་འུལ་མ་བཏང་བ་དང་། རུ་ཐོག་ཨོད་ཟེར་བའི་ས་ཆ་ལ་དྭགས་པས་བཟུང་བ་སོགས་ཟིང་ཆ་ཅུང་སློང་། དེ་བཞིན་དུ་མོན་པ་ཤེས་རབ་གྲགས་པས་ཁྲལ་ཁྲིམས་མ་ཁུར་བས་ས་གནས་རྫོང་སྡོད་ཀྱིས་འཛིན་བཟུང་བྱེད་གྲབས་སྐབས། རྒྱ་གར་དུ་བྲོས་ནས་དབྱིན་ཇིའི་ལ་མགོ་བཏགས་ཞུས། དེ་རྗེས་དབྱིན་ཇིའི་ཁྲིད་ནས་མོན་ཁུལ་དུ་ཡོང་བར་རྟ་དབང་དོན་གཅོད་བཀའ་བློན་བཤད་སྒྲ་པས་ཞི་གྲོས་ལེགས་གྲུབ་བྱུང་ཡོད་འདུག །

ཉག་རོང་གཡུལ་འཁྲུག་སྐོར། 1849ལོར་ཉག་སྐེད་བུ་ལོང་མས་ཉག་སྡེ་ཡོངས་རྫོགས་དབང་དུ་བསྡུས། 1852ལོར་ལྕགས་ལ་རྒྱལ་པོས་ངོར་ཞུས་ལྟར། སི་ཁྲོན་རྒྱ་དཔོན་ཀྲོང་ཐང་()གིས་དམག་མི་ལྔ་བརྒྱ་དང་བཅས་ཉག་ཁོག་ཏུ་སླེབས། ཧོར་སེར་ཁག་ལྔ། ལྕགས་ལ། ལི་ཐང་། སྡེ་དགེ་བཅས་ཀྱི་དམག་གིས་རམས་འདེགས་བྱས་ཏེ་ཉག་རོང་ལ་ཟླ་བ་ལྔའི་རིང་དམག་བརྒྱབ་ཀྱང་རྒྱལ་ཕམ་དབྱེ་འབྱེད་མ་ཐུབ་པའི་སྐབས་དེར། རྒྱ་ནག་ནས་གསེར་ཡིག་པ་འབྱོར་ཏེ་དམག་ཕྱིར་འཐེན་དགོས་པའི་བཀའ་ཡིག་འབྱོར། དེས་དེར་རྒྱ་དཔོན་ཀྲོང་ཐང་གིས་སེ་རྦེ་ཀརྨ་འབུམ་བརྒྱུད་ནས་། ཞྭ་ཏོག་ཅན་དང༌། ཐམ་ཀ། བཀའ་ཡིག་བཅས་བསྐུར་ནས་མགོན་པོ་རྣམ་རྒྱལ་ལ། ཁྱོད་མི་བསོད་ནམས་ཅན་ཡིན་པས་ཉག་རོང་གི་དཔོན་དུ་བསྐོས་དགོས་ཟེར་ནས། སེ་རྦེ་ཀརྨ་འབུམ་ལ། ཞྭ་ཏོག་ཅན་དང༌། ཐམ་ཀ། བཀའ་ཡིག་བཅས་བསྐུར་ནས་མགོན་པོ་རྣམ་རྒྱལ་རྩར་བཏང༌། མགོན་པོ་རྣམ་རྒྱལ་གྱིས། ཕེ་འེ། རྒྱ་ཀྲོང་ཐང༌། ངོ་ཚ་རྒྱུ་མེད་མཁན། མ་བཙིར་ཝ་རྔ་སྦོམ་པོ་མ། བཙིར་ན་ཝ་རྔ་ཆག་གང་རེད། ཕེ་ཕེ། རྒྱ་ཡི་ཐོབ་ཐང་ང་ལ་མི་དགོས། བོད་ཀྱི་ཐོབ་ཐང་ང་ལ་མི་དགོས། སོག་ཞྭ་མགོ་ལ་མི་གྱོན། བྱ་སྤུ་མགོ་ལ་མི་བཙུགས། སྐྱེས་པ་ཕོ་ལ་འཇོན་ཐང་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཅེས་ཟེར་ནས་བཀའ་ཡིག་རྣམས་ཉག་ཆུའི་ནང་དུ་གཡུག་པ་རེད། ཅེས་དཀར་མཛེས་ཁྲུལ་སྲིད་གྲོས་དཔྱད་ཡིག་ལས་གསལ། དེ་ནས་རྒྱ་དཔོན་ཀྲོང་ཐང་ཕྱིར་ཁྲེན་ཏུར་ལོག ཁམས་ཕྱོགས་ཀྱི་དཔོན་རིགས་རྣམས་བྱིའུ་ཕྲུག་ཐང་ལྷུང་ལྟ་བུའི་འཇིགས་སྔངས་ཧ་ཅང་ཆེ་བར་གྱུར། །

ཤིང་ཡོས་སྤྱི་ལོ་1855ལོར་རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ཆོས་སྲིད་གཉིས་ཀྱི་ཁྲི་བ་བཞུགས་ཀྱང་ལོ་དེའི་ཟླ་བ་བཅུ་པའི་ཚེས་25ཉིན་སྐུ་སྐུ་གཤེགས། ཚེས་26ཉིན་ནས་རྭ་སྒྲེང་ནས་སླར་ཡང་སྔར་ལྟར་སྲིད་སྐྱོང་གི་འགན་བཞེས། ཏཱ་ལའི་བླ་མའི་ཡབ་ཚང་ལ་ཡབ་གཞིས་གསར་སྐྲུན་ལ་ཕུན་ཚོགས་ཁང་གསར་དུ་གྲགས་པས་ཡབ་གཞིས་ཕུན་ཁང་པ་ཞེས་ཟེར། །

མེ་འབྲུག་གོར་བོད་ཆིངས་ཡིག་བཞག །

ལྕགས་སྤྲེལ་བཤད་སྒྲ་བཙོན་དུ་བཅུག །

ལོ་དེར་དགའ་ལྡན་ཕྱག་མཛོད་ཀྱིས། །

རྭ་སྒྲེང་གྱེན་ལོག་ལས་འགུལ་སྤེལ། །

ཆུ་ཁྱི་བཤད་སྒྲ་སྲིད་ཁྲིར་འཁོད། །

གོར་བོད་དམག་འཁྲུག་ཐེངས་གཉིས་པའི་སྐོར། ཤིང་ཡོས་ལོ་གོར་ཁས་དམག་མི་སྟོང་ཕྲང་ཁ་ཤས་བཏང་ནས་སྐྱིད་གྲོང་དང་། གཉའ་ནང་། རྫོང་དགའ་བཅས་བཙན་བཟུང་བྱས། དུས་དེ་བོད་སྡོད་ཨམ་བན་ཧོ་ཐེ་ཤེལ་དཀར་དུ་ཕྱིན་ཏེ་གོ་དམག་དཔོན་དང་ཐུག་འཕྲད་བྱས། བོད་ནས་གོར་ཁ་ལ་རྒྱ་དངུལ་སྲང་ཆིག་ཁྲི་ལྔ་སྟོང་སྤྲད་ཅིང་དམག་མཚམས་འཇོག་རྒྱུའི་ཐག་བཅད་ཀྱང་། གོར་ཁས་དང་ལེན་མ་བྱས་པ་དམག་དཔུང་ཁ་སྣོན་བརྒྱབ་སྟེ་མངའ་རིས་སྤུ་རངས་དང་། གཙང་རོང་ཤར་རྣམས་བཙན་བཟུང་བྱས། སྐབས་དེར་བོད་དམག་་གིས་གོར་དམག་བརྒྱ་ཕྲག་ཁ་ཤས་བསད། གཉའ་ནང་གི་གོར་ཁའི་དམག་སྒར་རྨིང་མེད་བཏང་། དུས་དེར་བོད་དམག་འགོ་འདོམས་སུ་དབུས་མདའ་དཔོན་རང་བྱོན་པ་དང་། གཙང་གི་མདའ་དཔོན་པད་ཚལ་བ་ཡོད་ཅིང་། བོད་ཀྱི་དམངས་ཁྲོད་ངག་རྒྱུན་ལ། པད་ཚལ་དཔའ་བོའི་རྒྱུད་རེད། གོར་ཁ་ར་ལུག་གསོས་གསོད། ཅེས་པ་ཞིག་ཡོངས་སུ་གྲགས་ཡོད་པ་སྐབས་འདིར་མདའ་དཔོན་པད་ཚལ་བས་དམག་ཐོག་ཏུ་བྱས་རྗེས་ཆེ་ཙམ་བཞག་ཡོད་པ་འདྲ། ཞེས་གཡུ་ཡི་ཕྲེང་བ་ལས་གསལ། ཐེངས་འདིར་གོར་དམག་ཕམ་རྗེས་སླར་ཡང་བལ་ཡུལ་ནས་དམག་མི་ཧྲག་སྒྲུབ་བདུན་སྟོང་ཙམ་འཕར་སྣོན་བྱས་ཏེ་ཐད་ཀར་གཉའ་ནང་དུ་འཛུལ་ཏེ་སླར་ཡང་གཉའ་ནང་ཕར་བླངས། སྐབས་དྲ་རྒྱ་ནག་ནང་འཁྲུགས་ཀྱི་དབང་གིས་རྒྱ་དམག་རྒྱབ་སྐྱོར་ཡོང་མ་ཐུབ་པ་དང་། མདོ་ཁམས་ཡུལ་གྲུ་རྣམས་ལ་དམག་བཀོད་བྱེད་མ་ཐུབ་པས། དབུས་ཁུལ་གྱི་རྒྱ་བོད་སེར་སྐྱ་དམག་མི་ཉིས་སྟོང་ཙམ་བསྡུས་ཏེ་གཙང་དུ་བཏང་བ་ལས་དམག་སྟོབས་བསྐྱེད་མ་ཐུབ། འོན་ཀྱང་གོར་ཁའི་ཕྱོགས་ནས། མདོ་དབུས་ཁམས་གསུམ་དུ་དམག་བསྐུལ་གྱི་ཡུལ་དམག་ཁྲི་སྟོང་མང་པོ་དང་། སེར་འབྲས་དགའ་གསུམ་ནས་དང་བླང་སེར་དམག་ཕོན་ཆེར་འབྱོར་ཡོང་ཚུལ་གྱི་སྐད་གྲགས་ཆེན་པོ་ཞིག་ཐོས་ཁར། ནམ་དུས་སྟོན་འགོ་ཚུགས་པས་གངས་ཞོད་མ་འབབ་པའི་གོང་དུ་གྲོས་མོལ་བྱ་རྒྱུའི་ཁས་ལེན་བྱས། བོད་ནས་བཀའ་བློན་བཤད་སྒྲ་པ་སྐུ་ངོ་མ་གཉའ་ནང་དུ་ཕེབས་ཀྱང་། གོར་དམག་གི་གྲོས་མོལ་བྱེད་མཁན་བལ་ཡུལ་རང་དུ་འགྲོ་དགོས་ཚུལ་བཤད་པར་བརྟེན། མེ་འབྲུག་སྤྱི་ལོ་1856ལོར་རྩེ་མགྲོན་ངག་དབང་རྒྱལ་མཚན། བཀའ་མགྲོན་བྷྲུམ་པའི་སྲས། བཀའ་བློན་སོ་སོའི་ངོ་ཚབ། བཀྲ་ཤིས་ལྷུན་པོ་དང་། ས་སྐྱ། གདན་ས་གསུམ་གྱི་འཐུས་མི་བཅས་བལ་ཡུལ་དུ་ཕྱིན། ཞི་འཕྲོས་ཉིན་བསྟུད་བྱས་ཀྱང་དམག་རྒྱབ་ཞན་པའི་དབང་གིས་མཐར་འདྲ་མཉམ་མིན་པའི་ཆིངས་ཡིག་དོན་ཚན་བཅུ་བཞག་དགོས་བྱུང་བ་རེད། ཅེས་གཡུ་ཡི་ཕྲེང་བ་ལས་གསལ། །

རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པའི་སྐོར། དེ་ནས་རྒྱལ་བའི་ཡང་སྲིད་བརྩད་འཚོལ་ལ་སྔར་ལུགས་ལྟར་བོད་ཁམས་ཡོངས་ནས་ཁྱེའུ་ངོ་མཚར་ཅན་ཇི་ཡོད་བཙལ་འཚོལ་བྱས་པའི་སྙན་ཞུ་རིམ་འབྱོར་བྱུང་བ་རྣམས་ལས་རེ་གནས་ཆེ་བ་དང་། ཀུན་ལ་གྲགས་ཆེ་བ་རྣམས་ལྷ་བླའི་ལུང་བརྟག་ཞུས་པས། ཟངས་རི་དང་། འོལ་དགའ། དྭགས་པོ་གསུམ་གྱི་ཁྱེའུ་རྣམས་བཟང་བའི་ལུང་ཕེབས་ལྟར། སྒོ་མང་མཚན་ཞབས་དགེ་བཤེས་ངག་དབང་ནོར་བུ་དང་། སེར་སྨད་ཀོང་པོ་དགེ་བཤེས་ངག་དབང་ཚུལ་ཁྲིམས་རྣམ་གཉིས་ཁྱེའུ་གསུམ་གྱི་འཁྲུངས་གནས་སུ་ཕེབས་ཏེ་ཞིབ་དཔྱོད་བྱས། མེ་སྦྲུལ་སྤྱི་ལོ་1857ལོར་འོས་སྤྲུལ་གསུམ་པོ་ལྷ་སར་གདན་དྲངས་ནས་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་གདན་འདྲེན་ཞུས་ཏེ། བླ་དཔོན་ཆེ་རྒུ་ལྷན་འཛོམས་སར་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་དམ་རྟེན་དང་། སྐུ་ཆས། ཕྱག་ཕྲེང་སོགས་ངོ་མ་རེ་དང་། འདྲ་རེ་བཤམས་ནས་ངོས་འཛིན་གནང་བཅུག་པས་འོལ་དགའི་ཆུང་འོས་སྤྲུལ་དེས་ཚང་མ་མ་ནོར་པར་ངོ་མ་ཁོ་ན་བཞེས་པར་གྲགས། ས་རྟ་སྤྱི་ལོ་1858ལོའི་ཟླ་བ་1པོའི་ཚེས་13ཉིན། སྲིས་སྐྱོང་རྭ་སྒྲེང་སོགས་བོད་རྒྱའི་དཔོན་རིགས་ལྷན་འཛོམས་པའི་ཐོག་བྱང་བུ་ངོས་གཉིས་སུ་བོད་ཡིག་དང་། མན་ཇུའི་ཡི་གེ་གཉིས་ཀྱི་མཚན་བྱང་བྲིས་ཏེ་གསེར་བུམ་དཀྲུག་པས་འོལ་དགའི་འོས་སྤྲུལ་དེ་ཉིད་ཐོན།

རྭ་བཤད་འཁྲུག་པའི་སྐོར། དུས་དེར་སྲིད་སྐྱོང་རྭ་སྒྲེང་གིས་རང་བློ་སྒེར་གཅོད་ཀྱི་དབང་ཆ་དང༌། སྲིད་ཐམ་བེད་སྤྱོད་བྱེད་ཐལ་ཆེ་བས་བཀའ་བློན་ཁྲི་པ་བཤད་སྒྲ་དབང་ཕྱུག་རྒྱལ་པོས་གྲོས་བཏོན་ནས་སྲིད་ཐམ་བཀའ་ཤག་གིས་བདག་དགོས་པའི་གྲོས་གཞི་བཏོན་རྐྱེན་གྱིས། སྲིད་སྐྱོང་རྭ་སྒྲེང་གིས་སྲིད་ཐམ་མི་སྐྱའི་ལག་ཏུ་འཇོག་འོས་མེད་པ་དང་། དོན་འདི་སྲིད་དབང་འཕྲོག་པའི་བྱ་སྤྱོད་ཡིན་པར་བསྙོན་ནས། སྤྱི་ལོ་1860ལོ་ཙམ་ན་བཀའ་བློན་གྱི་གོ་ས་ཕུད་དེ་སྙེར་མོར་བསྐྱེལ་ནས་བཞུགས་བཅུག སྔར་གོར་བོད་ཆིངས་མོ་སྐབས་ངོ་ཤེས་གོར་ཁའི་བློན་ཆེན་ཛང་ག་སྦ་ཐུར་ཟེར་བ་དེས་བཏང་བའི་འཚམས་འདྲི་ཡི་གེ་ཞིག་འབྱོར་བའི་ལན་དུ། བཤད་སྒྲས་ཁོང་གི་གནས་ཚུལ་རྣམས་འབྱོར་བའི་ཡིག་ལན་བྲིས་པ་དེ་བཤད་སྒྲའི་ལྷ་ལྕམ་གྱིས་ལྐོག་ཏུ་ཁྱེར་ཏེ་ཕྱག་མཛོད་དབང་འདུས་བརྒྱུད་ནས་རྭ་སྒྲེང་ཕྱག་ཏུ་སོན་པས། རྭ་སྒྲེང་གིས་མདའ་དཔོན་ཐོན་པ་བ་དམག་དཔུང་དང་བཅས་པ་བཤད་འཛིན་བཟུང་ཆེད་དུ་སྙེ་མོར་བཏང་། དམར་གསོད་དགོས་པའི་བརྡ་གཏམ་གནང་ཡང་། ཐོན་པ་བ་སྙེ་མོར་སླེབས་པ་དང་བཤད་སྒྲ་བས་ཁོ་རང་གིས་ལ་སིང་དམག་འཁྲུག་སྐབས་རང་སྲོག་བློས་བཏང་གིས་འཐབ་འཛིང་བྱས་པ་དང་། མོན་པ་ཤེས་རབ་ཀྱིས་སློང་པའི་མོན་རྟ་དབང་གི་གནད་དོན་ཞི་འཇགས་བྱས་ཚུལ། བྲག་གཡབ་དང་། སྨར་ཁམས། ས་ངན་སོགས་ལ་ཞིབ་དཔྱོད་ཕེབས་ཚུལ། ཤིང་ཡོས་གོར་བོད་སྡེ་གསར་སྐབས་ཀྱི་འབད་བརྩོན་སོགས་གཞུང་ཞབས་མཛད་རྗེས་བཀའ་མོལ་གནང་མཐར། ད་ནི་གསོད་བརྡུང་བསྲེག་གསུམ་གང་དགོས་ཁྱེད་ཀྱི་ཕྱག་ན་ཡོད་གསུངས་པར། ཐོན་པ་བའང་བསམ་བློ་འགྱུར་ནས་རྒྱལ་བྱེད་དགོན་པའི་འདུ་ཁང་གི་ཡང་རྩེར་བཙོན་ཁང་ཆུང་ངུ་ཞིག་བཟོས་ཏེ་གསང་སྟབས་ཀྱིས་དེར་བཅུག སྐབས་དེར་ལྷ་སར་ཁུལ་དུ་བཀའ་བློན་བསད་ཚར་བ་རེད་ཟེར་བ་སོགས་གླེང་ཕྱོགས་སྣ་ཚོགས་གྱུར། བཤད་སྒྲ་བའི་གྲོགས་པོ་དགའ་ལྡན་ཤར་རྩེའི་ཕྱག་མཛོད་དཔལ་ལྡན་དོན་གྲུབ་གྱིས་གསང་སྟབས་ཀྱིས་བརྩད་ཞིབ་བྱས་པར་རྒྱལ་བྱེད་དགོན་དུ་ཡོད་པ་ཤེས།

ཆུ་ཁྱི་སྤྱི་ལོ་1862ལོར་དགའ་ལྡན་ཤར་རྩེའི་ཕྱག་མཛོད་ཀྱིས་བཀོད་འདོམས་ལྟར། དགའ་དང་འབྲས་སྤུངས་གཉིས་ཀྱིས་རྭ་སྒྲེང་ལ་གྱེན་ལོག་བྱས། དགའ་འབྲས་གཉིས་ཀྱི་གྲྭ་ཤར་བཅུ་ཕྲག་ཁ་ཤས་ཧྲག་འདེམས་ཀྱིས་གྲི་མདུང་མེ་མདའ་སོགས་ཁྱེར་ནས་རྒྱལ་བྱེད་དགོན་དུ་སོང་ནས་བཀའ་ཟུར་བཤད་སྒྲ་བཙན་འཕྲོག་བྱས་ཏེ་ལྷ་སར་གདན་དྲངས། དེ་འཕྲལ་རྩེ་ཕོ་བྲང་དུ་ཕེབས་ནས་རྒྱལ་བ་རིན་པོ་ཆེ་ལ་མཇལ་དར་ཕུལ། ལྷ་ལྡན་བླ་བྲང་དུ་བཞུགས་ནས་དགའ་འབྲས་ཀྱི་སྐུ་སྲུང་པ་བཙུགས། དེའི་དགོང་མོར་བརྡ་ཐོ་བསྐུར་ནས་ལྷ་སར་ཡོད་པའི་གཞུང་ཞབས་སེར་སྐྱ་དང་། དགའ་འབྲས་ཐོབ་ཁུངས་ཀྱི་ཁམས་རིགས་ཚོང་པ། དེའི་ཐོག་ཏུ་ཚོགས་དོན་གང་ཡིན་མི་ཤེས་པའི་རྩེ་ཤོད་གཞུང་ཞབས་མང་པོ་ཞིག་ཀྱང་འཛོམས་པའི་ནང་། བཤད་སྒྲ་བས་རྭ་སྒྲེང་གྱེན་ལོག་གི་འཆད་བཤད་གནང་། དེ་ལ་“དགའ་འབྲས་དྲུང་སྤྱི་”ཟེར་བའི་ཚོགས་པ་དེ་ཆགས། དེ་ནས་དགའ་འབྲས་གཉིས་ཀྱི་གྲྭ་མང་དང་། སྦྲ་ནག་དང་། ཞོལ་གྱི་ཁམས་པ་རྣམས་བསྡུ་རུབ་ཀྱིས་སྲིད་སྐྱོང་རྭ་སྒྲེང་བཞུགས་བཞི་བདེ་བླ་བྲང་གི་མཐའ་བསྐོར་ནས་རྒོལ་འཛིངས་བྱས། རྭ་སྒྲེང་སྐུ་འཁོར་ཉུང་ཤས་སྲིད་ཐམ་ཁྱེར་ནས་རྒྱ་ནག་ཏུ་ཁྲིམས་གཏུགས་ཞུ་ཆེད་བྲོས་བྱོལ་གནང་། ཐོན་པ་མདའ་དཔོན་གྱིས་སྲུང་ཕྱོགས་ནས་རྭ་སྒྲེང་བྲོས་བྱོལ་ཕྱིན་པ་ཡིན་སྟབས། དམག་སྲོལ་ལྟར་མདའ་དཔོན་ཐོན་པ་བ་སྲོག་ཆད་གཅོད་རྒྱུའི་གཏན་འཁེལ་སྐབས། བཀའ་བཤད་སྒྲས་ཞུ་བཤགས་བྱས་པས་སྲོག་ཉེས་ལས་ཐར་ཏེ་མདའ་དཔོན་གནས་དབྱུངས་བཏང་བར་གྲགས།①ཆུ་ཁྱི་སྤྱི་ལོ་1862ལོ་རྭ་ལྷ་ས་ནས་བྲོས་ཟིན་པ་དང་བཤད་སྒྲ་དབང་ཕྱུག་རྒྱལ་པོ་སྲིད་སྐྱོང་གི་ཁྲི་ལ་བཞུགས་ནས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཡོངས་རྫོགས་བཞེས། བཀའ་བློན་བཀྲ་ཤིས་ཁང་གསར་གནས་དབྱུང་གཏོང་ཤིང་། ཤར་རྩེའི་ཕྱག་མཛོད་དཔལ་ལྡན་དོན་གྲུབ་སྲིད་གཞུང་གི་རྩེ་སྐོར་དཔོན་རིགས་ཁོངས་སུ་བཅུག་པ་མ་ཟད། གལ་ཆེའི་ལས་རིགས་རྣམས་ཀྱི་འགན་གཙོ་བོར་བཞེས་བཅུག་སྟབས་རིམ་བཞིན་དབང་ཤུགས་ཆེན་པོར་ཆགས་པའི་འགོ་ཚུགས། །

ཆུ་ཕག་མདའ་དཔོན་ཁྲི་སྨོན་བས། །

དམག་དཔུང་དང་བཅས་ཁམས་སུ་ཆས། །

སྡེ་དགེའི་དཔུང་དང་ལྷན་ཅིག་ཏུ། །

ཉག་རོང་མགོན་པོ་རྣམ་རྒྱལ་བཏུལ། །

ཤིང་གླང་མདོ་སྤྱི་ཉག་ཁོག་བཙུགས། །

དབུས་དམག་ཉག་ཁོག་ཏུ་ཆས་པའི་སྐོར། གོང་ཞུས་ལྟར་སྤྱི་ལོ་1857ལོར་སི་ཁྲོན་རྒྱ་དཔོན་ཀྲོང་ཐང་ཕྱིར་ལོག་པ་ནས་བཟུང་། ཧོར་སེར་ཁག་ལྔ་དང་།
ལྕགས་ལ། ལི་ཐང་། སྡེ་དགེ་བཅས་རྙོག་ཟིང་རྒྱུན་ཆད་མེད་པར་བཟོས་ཤིང་། བོད་ཡུལ་དབུས་དམག་དྲངས་ནས་བོད་ཀྱི་བཀའ་ཤག་སྲིད་གཞུང་བཅོས་བསྒྱུར་བྱ་རྒྱུ་དང་། ལྷ་སའི་ཇོ་བོ་ཁམས་ཕྱོགས་སུ་གདན་དྲངས་ཤིང་ཉག་ཁོག་ཏུ་བཞུགས་གནས་གསར་སྐྲུན་བྱ་རྒྱུའི་འཆར་གཞི་བྱས་པར་གྲགས། དུས་དེར་བྲག་འགོ་དཔོན་དབང་ཆེན་དགྲ་འདུལ་དང་། ཁང་གསར་དཔོན་དངོས་གྲུབ་ཕུན་ཚོགས། སྡེ་དགེ་རྒྱལ་པོ། དགོན་ཆེན་བླ་བྲང་བཅས་ཀྱིས་སྔ་རྗེས་སུ་དབུས་དམག་རྒྱབ་སྐྱོར་ཡོང་རྒྱུའི་རེ་ཞུས་བསྟུད་མར་འབྱོར་པ་དང་། ཆུ་ཕག་སྤྱི་ལོ་1863ལོར་ཉག་སྐེད་བུ་མགོན་པོ་ཚེ་བརྟན་གྱིས་ཡུལ་དམག་ཁྲིད་ནས་ལི་ཐང་དུ་ཕྱིན་ཏེ། མདོ་སྒར་གྱི་གཞུང་ཇ་བཅོམ་འཕྲོག་དང་།
རྒྱ་བོད་བར་གྱི་གསེར་ཡིག་པའི་གཞུང་ཡིག་འཕྲོག་ཅིང་ཁ་ཕྱེ་བ། སྐད་སྒྱུར་བཟུང་བཀྱིགས་བྱེད་པ་སོགས་ཁྲིམས་མེད་ལུང་མེད་མང་པོ་བྱས་པ་དང་། ལྷག་པར་དུ་སྡེ་དགེའི་བྱ་རྒོད་པདྨ་ལེགས་གྲུབ་ཀྱིས་ཕྱོགས་གཅིག་ནས་ཉག་རོང་ལུ་གུ་མ་དང་གྲོགས་པོ་བསྒྲིགས་ནས་མགོ་བསྐོར་བཏང་ཞིང་། ཕྱོགས་གཞན་ཞིག་ནས་ཉག་དམག་གི་བསམ་སྤྱོད་རྣམས་བཀའ་ཤག་ལ་སྙན་ཞུ་དང་འབྲེལ་ཉག་རོང་འདུལ་རྒྱུའི་རེ་ཞུ་ཡི་གེ་བསྟུད་མར་ཕུལ་བར་བརྟེན། ལོ་དེའི་ཟླ་བ་གསུམ་པར་བཀའ་བློན་ཕུ་ལུང་པ་ཚེ་དབང་རྡོ་རྗེ་དང་། མདའ་དཔོན་ཁྲི་སྨོན་བ་འཆི་མེད་རྡོ་རྗེ། དབུས་མདའ་དཔོན་མདོ་མཁར་ཚེ་དབང་ནོར་བུ་བཅས་ཀྱིས་དམག་དཔུང་དཔུང་ཁྲིད་ནས་རྡོག་ཐོན། ཐོག་མར་སྡེ་དགེར་འབྱོར། སྡེ་དགེའི་ཡུལ་དམག་དང་བོད་དམག་དཔུང་བསྡེབས་ཀྱིས་ཟླ་བ་དགུ་པའི་ནང་ཉག་ཁོག་ཏུ་འབྱོར། ཤིང་བྱི་སྤྱི་ལོ་1869ལོའི་ཟླ་བ་8པའི་ཚེས་25ཉིན། སྲིད་སྐྱོང་བཤད་སྒྲ་བ་སྐུ་གཤེགས། །

ཟླ་བ་9པའི་ཚེས་2ཉིན། རྒྱལ་བའི་ཡོངས་འཛིན་སྡེ་དྲུག་མཁྱེན་རབ་དབང་ཕྱུག་སྲིད་སྐྱོང་གི་ཁྲིར་འཁོད། ཆུ་ཕག་ཟླ་བ་དགུ་པ་ནས་ཤིང་གླང་སྤྱི་ལོ་1865ལོའི་ཟླ་བ་8པའི་ཚེས་1ཉིན་བར་ལོ་ཧྲིལ་པོ་གཉིས་ཀྱི་རིང་ལ། དབུས་དམག་དང་ཡུལ་དམག་དཔུང་བསྡེབས་ཀྱིས་ཉག་རོང་མགོན་པོ་རྣམ་རྒྱལ་ལ་དམག་འཐབ་བྱས་མཐར། ཉག་སྐེད་མཁར་རྫོང་ལ་མེ་བརྒྱབ་ཏྭེ་མགོན་པོ་རྣམ་རྒྱལ་ཕ་བུ་སྐུ་འཁོར་དང་བཅས་པ་མེར་བསྲེག་ཏེ་བསད། ཉག་ཁོག་ཡོངས་རྫོགས་བོད་དམག་གིས་དབང་དུ་བྱས། མདོ་སྨད་དོན་རྐྱེན་གང་བྱུང་ཐག་གཅོད་བྱ་ཡུལ་མདོ་སྨད་སྤྱི་ཁྱབ་བཙུགས་ཤིང་ཕོགས་དཔོན་ཕུན་རབ་པ་ཚེ་རིང་དཔལ་ལྡན་མདོ་སྤྱིར་བསྐོས་ནས་ཉག་རོང་དུ་བཞུགས། ཁམས་ཁུལ་དུ་ཉག་དམག་གིས་གནོད་སྐྱོན་བྱུང་རིགས་ངོ་ཡོད་ཕྱིར་སློག་དང༌། གྱོང་གུན་ལ་གྱོང་ཚབ་བྱིན། བོད་དམག་ལ་ལྷ་དམག་ཅེས་འབོད་སྲོལ་ཡང་བྱུང་། སྐབས་དེར་ཉག་རོང་སྡེ་པ་དེ་རྒྱ་བོད་གཉིས་ཀས་དབང་བསྒྱུར་མ་ཐུབ་པའི་ཡུལ་ཡན་ཞིག་ཡིན་པ་ཉག་རོང་མགོན་པོ་རྣམ་རྒྱལ་གྱི་ལོ་རྒྱུས་ལས་གསལ་བ་ལྟར། འདི་ཡང་རྒྱལ་བའི་རྣམ་ཐར་དྭངས་ཤེལ་མེ་ལོང་ལས། “ཉག་སྐེད་དམག་དོན་འཁྲུན་ཆོད་ཀྱིས་ཉག་སྐེད་པ་གཞུང་ས་ཆེན་པོའི་ཆབ་འོག་ཏུ་ཆུད་པར་(མེ་སྟག་སྤྱི་ལོ་1866ལོའི་)ཟླ་བ་10པའི་ཚེས་1ཉིན། གོང་མ་བདག་པོ་ཆེན་པོ་ནས་གོང་ས་མཆོད་ཡོན་ལ་གཟིགས་འཕར་དུ་གསེར་ཡིག་ནང་རྟེན་ཁ་བཏགས་སེར་པོ། ཡོངས་འཛིན་ནོ་མིན་ཧན་(སྡེ་དྲུག་མཁྱེན་རབ་དབང་ཕྱུག་)ལ་ཧོ་ཐོག་ཐུའི་ཆོ་ལོ་བཅས་ཕེབས་པར་བཀའ་ཡིག་སྔར་སྲོལ་ལྟར་ཡ་མོན་ནས་གཟིམ་ཆུང་ཉི་འོད་དུ་གདན་ཞུས་ཀྱིས་སྡེ་དྲུང་ནས་སྙན་སྒྲོན་ཞུས། ”ཞེས་སོགས་གསལ་བ་ལྟར་རོ། མེ་སྟག་སྤྱི་ལོ་1866ལོར་དབྱིན་འགོག་ཆེད་དུ་ལུང་ཐུར་ལ་ཁར་སོ་ཁང་བཙུགས་ཤིང་སྲུང་དམག་བཞག གནས་ཆུང་འོད་ལྡན་དཀར་པོའི་རྟེན་ཁང་ཞིག་བཞེངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1