ཧིན་རྡུ་ཉི་ཞི་ཡ། གླིང་ཕྲན་སྟོང་གི་རྒྱལ་ཁབ་།

དབྱངས་སྐྱིད་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


 

པཱ་ལའེ་གླིང་ཕྲན་གྱི་མཛེས་ལྗོངས།
巴厘岛风情

 ཨེ་ཤ་ཡ་ཤར་ལྷོ་ནི་ཨེ་ཤ་ཡ་གླིང་གི་ཤར་ལྷོའི་ས་ཁུལ་ལ་གོ་ཞིང་། ས་ཁུལ་དེར་ཝེད་ནམ་དང་ལ་ཝོ་སི། ཁམ་བྷ་དི་ཡ། ཐེ་ལན་དི། འབར་མ། ཧྥི་ལི་ཕིན། མ་ལེ་ཞི་ཡ། བྷུར་ནེ། སིང་གྷ་ཕོར། ཧིན་རྡུ་ཉི་ཞི་ཡ། ཤར་ཐི་མོར་སོགས་རྒྱལ་ཁབ་བཅུ་གཅིག་འདུས། ས་བབ་ཀྱི་ཐད་ནས་ཨེ་ཤ་ཡ་ཤར་ལྷོ་ནི་ཨེ་ཤ་ཡ་དང་རྒྱ་མཚོ་ཆེན་པོའི་གླིང་། ཞི་བདེ་རྒྱ་མཚོ་ཆེན་པོ་དང་ཧིན་རྡུ་རྒྱལ་མཚོ་བཅས་ཀྱི་བར་མཚམས་སུ་གནས་པའི་གནས་འགངས་ཆེན་ཞིག་ཡིན།

  ཧིན་རྡུ་ཉི་ཞི་ཡ་ནི་ཨེ་ཤ་ཡ་ཤར་ལྷོའི་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་འཛམ་གླིང་གི་མི་གྲངས་ཆེས་མང་བའི་རྒྱལ་ཁབ་ཨང་བཞི་པ་ཡིན། ས་ཁོད་ཡངས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་འདིར་མི་རིགས་བརྒྱ་ལྷག་འཚོ་སྡོད་བྱས་ཡོད་པ་དང་། མི་རིགས་སོ་སོའི་རིག་གནས་གོམས་སྲོལ་མི་འདྲ་བར་གཞིགས་ནས་ཚོ་ཁག་ཀྱང་སུམ་བརྒྱ་ལྷག་ཏུ་དབྱེ། ཧིན་རྡུ་ཉི་ཞི་ཡའི་གླིང་ཕྲན་སོ་སོར་ཆོས་ལུགས་མི་འདྲ་བའི་ལྷ་ཁང་མང་པོ་མཐོང་ཐུབ་པ་དང་། དབྱི་སི་ལམ་ནི་རྒྱལ་ཁབ་འདིའི་ཆོས་ལུགས་གཙོ་བོ་ཞིག་ཡིན། གཞན་ཧིན་རྡུའི་ཆོས་ལུགས་དང་རའོ་ལུགས། ཏའོ་ལུགས། ནང་ཆོས་སོགས་ཀྱང་དར་ཁྱབ་ཤིན་ཏུ་ཆེ།

དགོན་པ། 
乌伦达努寺

  ཧིན་རྡུ་ཉི་ཞི་ཡ་ནི་རིག་གནས་ཀྱི་རྒྱུན་ཤིན་ཏུ་རིང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཁུངས་བཙན་པའི་དཔྱད་གཞི་ལྟར་ན། སྤྱི་ལོ་དུས་རབས་དང་པོ་ནས་ནང་ཆོས་ཧིན་རྡུ་ཉི་ཞི་ཡ་ལ་དར་འགོ་ཚུགས་ཤིང་། ཆེས་ཐོག་མར་སོའུ་མན་ཏཱ་ལའེ་ཞེས་པའི་ས་ཁུལ་དེར་དར་སྤེལ་བྱུང་ཞིང་། དེ་ནི་སྐབས་དེའི་རྒྱལ་སྤྱིའི་རང་བཞིན་གྱི་ཉོ་ཚོང་ལྟེ་གནས་གལ་ཆེན་ཞིག་ཡིན་པར་མ་ཟད། ནང་ཆོས་རིག་གནས་ཀྱི་ལྟེ་གནས་ཤིག་ཀྱང་ཡིན། གཞུང་ཕྱོགས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་ཧིན་རྡུ་ཉི་ཞི་ཡའི་སོའུ་མན་ཏཱ་ལའེ་ས་ཁུལ་ནི་ཉེ་འགྲམ་རྒྱལ་ཁམས་དག་གི་ཆོས་ལུགས་དད་མོས་པ་དང་ཞིབ་འཇུག་བྱེད་མཁན་དག་གདན་འཛོམས་བྱུང་བའི་གནས་གལ་ཆེན་ཞིག་ཏུ་གྱུར་ཞིང་། གཙོ་བོ་ཐེག་ཆེན་དང་གསང་སྔགས་གསར་མ་དར་ཁྱབ་ཤིན་ཏུ་ཆེ། དུས་རབས་བརྒྱད་པ་ནས་བཟུང་། ནང་ཆོས་རིག་གནས་དང་ནང་ཆོས་ཀྱི་འབུར་བརྐོས། བཟོ་བཀོད་སྒྱུ་རྩལ་སོགས་ཀྱི་ཆུ་ཚད་ཚད་མཐོན་པོར་སླེབས། ནང་ཆོས་རྒྱ་ཆེར་དར་བ་དང་བསྟུན་ནས་ཧིན་རྡུའི་ཆོས་ལུགས་ཀྱང་རྒྱ་ཆེར་དར་ཞིང་། ནས་ཆོས་དང་ཧིན་རྡུའི་ཆོས་ལུགས་གཉིས་མཉམ་འདྲེས་ཀྱི་རྣམ་པ་ཆགས། མཉམ་འདྲེས་ཀྱི་ཁྱད་ཆོས་དེ་ཆོས་ལུགས་ཉམས་ལེན་དང་ལྟ་གྲུབ་ཀྱི་ངོས་ནས་མངོན་ཡོད་པར་མ་ཟད། དགོན་པའི་བཟོ་བཀོད་ཀྱི་ངོས་ནས་གསལ་པོར་མངོན།

མེ་རིའི་སྤྱི་གླིང་
།溴腾格里火山公园

  པཱ་ལའེ་གླིང་ཕྲན་ལ་ཞབས་བྲོ་དང་རོལ་དབྱངས་ཀྱི་དག་ཞིང་ཞེས་པའི་མིང་བསྩལ་ཡོད་པ་དང་། མཛེས་སྡུག་ཡིད་དུ་འོང་བའི་རང་བྱུང་གི་བཀོད་པ་དང་རྫོང་སྟུག་པའི་རིག་གནས་སྲོལ་རྒྱུན་གྱི་མིང་གྲགས་ཀུན་ལ་རྒྱས་ཤིང་། འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཡིད་ཀྱི་དང་བ་འདྲེན་པའི་གནས་མཆོག་ཅིག་ཏུ་བརྩི། གླིང་ཕྲན་འདིའི་སྡོད་མི་རྣམས་ནི་གླུ་ལེན་གར་རྩེ་ལ་འཇོན་ཞིང་གླུ་གར་ནི་ཁོ་ཚོའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། གླུ་གར་གྱི་བརྗོད་དོན་མང་པོ་ཞིག་ནི་རྒྱ་གར་གྱི་གཏམ་རྒྱུད་དང་འབྲེལ།

ལྷ་ཁང་། 
百沙基母庙

  ཧིན་རྡུ་ཉི་ཞི་ཡར་མི་རིགས་མི་འདྲ་བ་བརྒྱ་ལྷག་ཡོད་པ་དང་མི་རིགས་དེ་དག་ལའང་རིགས་མི་འདྲ་བའི་ཚོ་ཁག་དུ་མར་དབྱེ། དེ་ལས་ཅ་ཝ(Jawa)མི་རིགས་ནི་མི་གྲངས་ཆེས་མང་ཞིང་རིག་གནས་ཀྱི་རྫོང་ཆེས་སྟུག་པའི་མི་རིགས་ཤིག་ཡིན་པར་བཞེད། ཧིན་རྡུ་ཉི་ཞི་ཡའི་ཅ་ཝ་གླིང་ཕྲན་ནི་མིའི་རིགས་ཀྱི་ཤེས་རིག་གི་རྟེན་གཞི་ཆེན་པོ་ཞིག་ཡིན། གནའ་བོའི་དུས་ནས་བཟུང་ཅ་ཝའི་སྤྲ་མིས་གནས་འདིར་འཚོ་སྡོད་ཀྱི་མེ་ཁ་དང་པོ་གསོས། གནའ་བོའི་ཅ་ཝའི་སྤྲ་མི་དང་ཨོ་སི་ཐྲི་ལི་ཡ་དང་ནིའུ་ཟེ་ལན་བཅས་ཀྱི་ཡབ་མེས་མི་རྒྱུད་གཅིག་ཡིན་པ་རེད། སྤྱི་ལོ་སྔོན་གྱི་ལོ་1500ཡས་མས་སུ་དམག་འཁྲུག་དང་རང་བྱུང་གནོད་འཚེའི་དབང་གིས་ཨེ་ཤ་ཡ་ལྷོ་ཕྱོགས་ཀྱི་མི་རྣམས་ཧིན་རྡུ་ཉི་ཞི་ཡའི་གླིང་ཚོམ་དུ་གནས་སྤར་ཞིང་། གནས་སྤོ་ཡུལ་མི་དེ་དག་གི་མིང་ལ་མཱ་ལེ་མི་ཞེས་བྱ། ཧིན་རྡུ་ཉི་ཞི་ཡའི་ལོ་རྒྱུས་སྟེང་བྱུང་བ་ཆེས་སྔ་བའི་ཅ་ཝ་མི་རིགས་ཀྱིས་མིང་དུ་གྲགས་པའི་རྒྱལ་རབས་གཉིས་ཏེ་མཱ་ནའོ་པཱ་ཞིས་རྒྱལ་རབས་དང་མཱ་ཏ་ལན་རྒྱལ་རབས་གཉིས་གསར་དུ་བཙུགས་ཤིང་། རྒྱལ་རབས་འདི་གཉིས་ཀྱི་དུས་སུ་གྲུབ་པའི་མི་ཆོས་ཀུན་སྤྱོད་ཀྱི་རིག་གནས་དང་སྤྱི་ཚོགས་ལམ་ལུགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་རིག་གནས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། ཅ་ཝ་མི་རིགས་ཀྱི་ཆོས་ལུགས་དད་མོས་ལ་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན་ཞིང་། ཧིན་རྡུའི་ཆོས་ལུགས་དང་ནང་ཆོས་ཧིན་རྡུ་ཉི་ཞི་ཡར་དར་བ་ནས་བཟུང་ཅ་ཝ་མི་རིགས་ཀྱི་ཆོས་ལུགས་དེ་གཉིས་ཀ་དང་ལེན་བྱས་པར་མ་ཟད། ས་གནས་རང་གི་གདོད་མའི་ཆོས་ལུགས་དང་མཉམ་འདྲེས་བྱུང་ནས་གཞན་མཚུངས་པའི་མ་པའི་ཆོས་ལུགས་དད་ཆོས་དང་ལྟ་གྲུབ་བྱུང་། ཧིན་རྡུ་ཉི་ཞི་ཡའི་གདོད་མའི་ཆོས་ལུགས་ལ་རྣམ་ཤེས་ཀྱི་དད་མོས་དང་བླ་ཟོག་གི་དད་མོས། ཡབ་མེས་ཀྱི་དད་མོས། གཞི་བདག་གི་དད་མོས་སོགས་ཀྱི་ནང་དོན་འདུས་ཤིང་། ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་གདོད་མའི་ཆོས་ལུགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་རིག་གནས་དང་ཡུལ་སྲོལ་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། ཧིན་རྡུ་ཉི་ཞི་ཡའི་གནའ་བོའི་ཡབ་མེས་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྲོག་ཆགས་དང་རང་བྱུང་གི་བཀོད་པ་དང་རང་མི་རིགས་བར་ལ་གཉེན་ཚན་དང་གཞན་པའི་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པར་བཞེད་ཅིང་། བླ་ཟོག་ཏུ་ངོས་འཛིན་བྱས་པའི་སྲོག་ཆགས་གང་དེའི་ཚོ་ཁག་གམ་མི་རིགས་དེའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་།
དེས་རང་མི་རིགས་དང་ཚོ་ཁག་ལ་སྲུང་སྐྱོབ་དང་བར་ཆད་བཟློག་པའི་མཐུ་ནུས་ལྡན་པར་ངོས་འཛིན། གཞན་ད་དུང་སྒོའི་སྟེང་ལ་རྭ་ཅོ་འདོགས་པ་དང་ལྭ་བའི་སྟེང་ལ་སེང་གེའི་རི་མོ་འབྲི་བ་སོགས་བླ་ཟོག་དད་མོས་དང་འབྲེལ་བའི་ཡུལ་སྲོལ་དང་རིག་གནས་དར་ཁྱབ་ཤིན་ཏུ་ཆེ།

  ཧིན་རྡུ་ཉི་ཞི་ཡ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་མི་རིགས་སོ་སོའི་སྐད་རིགས་མི་འདྲ་བ་རེ་ཡོད་པ་དང་། མི་རིགས་སོ་སོའི་སྐད་ལའང་ཡུལ་སྐད་དང་ལུང་སྐད་མི་འདྲ་བ་མང་པོ་ཡོད་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡ་ལ་སྐད་རིགས་མི་འདྲ་བ་ལྔ་བརྒྱ་ལྷག་ཡོད་པ་རེད། དེ་ལས་བཀོལ་མི་ཆེས་མང་བ་ནི་ཨ་ཝའི་སྐད་ཡིན། ད་ལྟ་སྤྱོད་བཞིན་པའི་ཧིན་རྡུ་ཉི་ཞི་ཡའི་སྐད་ནི་གནའ་བོའི་མཱ་ལའེ་སྐད་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཡིན། ཧིན་རྡུ་ཉི་ཞི་ཡའི་སྐད་ལ་འདར་སྒྲ་ཡོད་པས་རྣ་ལ་སྙན་ཞིང་ཚིག་མཚམས་གསལ་བའི་ཁྱད་ཆོས་ལྡན། སྐད་རིགས་དེ་ལ་ཁྱོན་བསྡོམས་སྒྲ་རྒྱུ་34ཡོད་པ་དང་། དེ་ལས་དབྱངས་རྐྱང་བ་5དང་དབྱངས་འདུས་མ་3དང་། གསལ་བྱེད་25ཡོད་པ་རེད། ཧིན་རྡུ་ཉི་ཞི་ཡའི་སྐད་དུ་དབྱངས་གཅིག་གིས་སྒྲ་ཚིགས་གཅིག་གྲུབ་ཐུབ་ནའང་།
ཕལ་མོ་ཆེས་དབྱངས་དང་གསལ་བྱེད་མཉམ་འདུས་ཀྱིས་ཚིག་བར་གཅིག་གྲུབ་པ་ཡིན།

  ཧིན་རྡུ་ཉི་ཞི་ཡ་ལ་གནའ་བོའི་ངག་རྒྱུན་རྩོམ་རིག་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་། དེ་ལ་ལྷ་སྒྲུང་དང་དམངས་ཁྲོད་གཏམ་རྒྱུད། དམངས་ཁྲོད་གླུ་གཞས་སོགས་འདུས་ཤིང་། ལྷ་སྒྲུང་གི་ནང་དོན་ལ་མི་དང་རང་བྱུང་ཁམས་ཆེན་པོའི་བྱུང་བ། རང་བྱུང་གི་འགྱུར་ལྡོག མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་སོགས་ཀྱི་ཡོད་པ་དང་། མདོར་ན་འཇིག་རྟེན་གྱི་ཁམས་ཆེན་པོ་བྱུང་བའི་ལྷ་སྒྲུང་དང་མིའི་བྱུང་འཕེལ་གྱི་ལྷ་སྒྲུང་། དངོས་པོའི་བྱུང་འཕེལ་གྱི་ལྷ་སྒྲུང་བཅས་གསུམ་དུ་བསྡུས་ཆོག །དམངས་ཁྲོད་དམངས་རྒྱུད་མང་པོ་ཞིག་གི་བརྗོད་དོན་ནི་ལེགས་ཉེས་བླང་དོར་དང་བདེན་དགེ་མཛེས་གསུམ། གཞན་དོན་ལྷུར་ལེན་སོགས་དང་འབྲེལ་ཞིང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་ཕུན་སུམ་ཇེ་ཚོགས་སུ་གྱུར།

(དབྱངས་སྐྱིད་སྒྲོལ་མ། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཡིན།) 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1