འཛམ་ཐང་གིས་སྐབས་དང་པོའི་གེ་སར་རིག་གནས་བགྲོ་གླེང་ཚོགས་འདུ་འཚོགས།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-30


      ཛམ་བྷ་ལའི་རིག་གནས་ཐོན་ཁུངས་ལ་སྔར་ལས་ལྷག་པའི་ཞིབ་འཇུག་དང་སྔོག་འདོན་བྱས་ནས། རིག་གནས་ཐོན་ཁུངས་ཀྱི་འབྱུང་རྩ་གསལ་བར་བྱེད་པ་དང་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་ཐོན་ཆེད། ཟླ4པའི་ཚེས26ཉིན། 2019ལོའི་གེ་སར་རིག་གནས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཕོ་སུལ་ཡུལ་ཚོ་རུ་འཚོགས་པ་དང་། འཛམ་ཐང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དར་རྒྱས་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་དང་དེ་བཞིན་ལས་དོན་མི་སྣ་གཙོ་བོ་རྣམས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། 
    ཚོགས་ཐོག་ཏུ་གེ་སར་རྒྱལ་པོའི་ངག་རྒྱུན་དང་འབྲེལ་བའི་ཡུལ་ཕྱོགས་དེའི་ས་མིང་དང་རིག་གནས་ཐོན་ཁུངས། རིག་གནས་རྒྱབ་ལྗོངས་བཅས་གཙོ་གནད་དུ་བཟུང་ནས་བགྲོ་གླེང་བྱས།
       འཛམ་ཐང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དར་རྒྱས་ཀྱིས་འཛམ་ཐང་རྫོང་གི་གེ་སར་རིག་གནས་སྔོག་འདོན་གྱི་ལས་དོན་གཟབ་ནན་གྱིས་སྒྲུབ་པ་དང་ཡང་དག་པ། ཆ་ཚང་བ་ཡོད་དགོས་ཞེས་གསུངས་ཤིང་། རྩ་དོན་ལྔ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་དགོས་པ་སྟེ། གཅིག་ནས་གེ་སར་རིག་གནས་རང་གི་ས་ཁོངས་རིག་གནས་ཅན་དུ་འགྱུར་བར་མཐོང་ཆེན་བྱས་ཏེ། ལོ་རྒྱུས་ཀྱི་འབྱུང་ཁུངས་ཕུགས་འདེད་ལེགས་པོ་བྱས་ན། གེ་སར་རིག་གནས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མི་འགལ་བར་འཛམ་ཐང་གི་གེ་སར་རིག་གནས་ཀྱི་དམིགས་བསལ་རང་བཞིན་མཚོན་ཐུབ། གཉིས་ནས་དངོས་ཡོད་ཀྱི་དོན་སྙིང་ལ་མཐོང་ཆེན་བྱས་ཏེ་རྒྱབ་ལྗོངས་སྔོག་འདོན་བྱེད་དགོས། གསུམ་ནས་རིག་གནས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱེད་དགོས། བཞི་ནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་ཐང་གི་གེ་སར་རིག་གནས་ཀྱི་གླེང་ཕྱོགས་བཟོ་བ། ལྔ་ནས་འཛམ་ཐང་གི་གེ་སར་རིག་གནས་སྔོག་འདོན་དང་རྒྱུན་འཛིན་བྱ་རྒྱུ་དེ་དེང་རབས་ཀྱི་མཛེས་དཔྱོད་ལྟ་བ་དང་ཟུང་འབྲེལ་བྱེད་པ་དང་གེ་སར་རིག་གནས་དར་བའི་ཁྱིམ་མཚེས་རྫོང་ཁག་གི་ལེགས་ཆ་ནང་འདྲེན་གྱིས་ལོ་རྒྱུས་ཀྱི་བསྟན་བཅོས་ལ་བརྩི་འཇོག་དང་ཚད་ལྡན་ཡིག་ཆའི་དཔྱད་ཡིག་ལྟ་ཀློག་ཡག་པོ་བྱེད་དགོས།
       ཚོགས་ཐོག་ཏུ་གསང་ལུང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཚེ་རིང་མགོན་པོས་གེ་སར་རིག་གནས་དེ་དེང་གི་སྤྱི་ཚོགས་ནང་དུ་ཇི་ལྟར་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐབས་ལམ་སྐོར་ནས་གཏམ་བཤད་སྤེལ་བ་དང་། ཚོགས་ཞུགས་མི་སྣས་གེ་སར་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་གསར་སྤེལ་སོགས་ཀྱི་ཐད་ནས་བགྲོ་གླེང་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1