༄༅།། གླིང་གེ་སར་རྒྱལ་པོའི་སྒྲུང་མིང་མི་མིང་རྫོང་མིང་སོགས་ཀྱི་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 05-05


 གཅོད་པ་དོན་གྲུབ།
         དེ་ཡང་བཅིངས་འགྲོལ་བྱས་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་དབུ་ཁྲིད་དང་ཐུགས་ཁུར་ལ་བརྟེན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འཚོལ་ཞིབ་དང་། དག་སྒྲིག  ཡིག་སྒྱུར། དཔེ་སྐྲུན། ཞིབ་འཇུག་བཅས་ཀྱི་བྱ་བའི་ཐད་དུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་རེད། རང་རེའི་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་༡༩༥༨ལོར། ཤེས་ཡོན་ཅན་མི་ཉིས་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་དཀའ་ཚེགས་ལ་མ་འཛེམ་པར་བོད་ཀྱི་ས་ཁུལ་མང་ཆེ་ཤས་སུ་སོང་སྟེ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ཐོག་མ་འཚོལ་སྡུད་བགྱིད་པའི་འགོ་བརྩམས་ཏེ། སྒྲུང་རིགས་མི་འདྲ་བ་བདུན་ཅུ་ལྷག་ལག་ཏུ་སོན། ད་དུང་སྐད་གཉིས་སྨྲ་བའི་ཡིག་སྒྱུར་མཁན་བགྲེས་གཞོན་ཁག་ཅིག་རྩ་འཛུགས་བྱས་ཏེ། ལོ་འཁོར་གསུམ་རིང་ལ་སྒྲུང་དཔེ་མི་གཅིག་པ་ཕལ་ཆེར་སུམ་ཅུ་ལྷག་རྒྱ་ཡིག་ཏུ་བསྒྱུར་ནས་ལྕགས་དཔར་ལ་བཏབ་ཡོད།
          ཁྱད་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་དག་སྒྲིག་དང་ཡིག་སྒྱུར། དཔེ་སྐྲུན་བྱ་བར་ཚད་མཐོན་པོས་མཐོང་ཆེན་མཛད་པ་རེད། ད་ལྟ་འབྲེལ་ཡོད་ཞིང་ཆེན་དང་ལྗོངས་སོ་སོའི་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔར་སྐྲུན་བྱས་པའི་སྒྲུང་དཔེ་རིགས་མི་འདྲ་བ་དྲུག་ཅུ་ལྷག་ལ་སོན་ཡོད་པ་དང་། དེ་ལས་རང་རེའི་ཞིང་ཆེན་གྱིས་སྒྲུང་དཔེ་ཉེར་གསུམ་དཔར་སྐྲུན་བྱས་ཡོད། རྒྱ་སྒྱུར་སྒྲུང་དཔེ་རྒྱལ་ཡོངས་སུ་བསྡོམས་པས་ཉི་ཤུ་ལྷག་དཔར་སྐྲུན་བྱས་ཡོད་ཅིང་། དེའི་ནང་དུ་རང་རེའི་ཞིང་ཆེན་གྱིས་རྒྱ་ཡིག་སྒྱུར་མ་《ཧོར་གླིང་གཡུལ་འགྱེད》དཔར་སྐྲུན་བྱས་ཏེ་འགྲེམ་སྤེལ་གནང་།
          བགྲང་བྱ་བཅུ་ཕྲག་འགའི་རིང་ལ་གེ་སར་སྒྲུང་གི་བྱ་བར་འབད་འབུངས་བགྱིད་པའི་མི་སྣ་དང་། ཁྱད་པར་དུ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམ་པས་འབད་བརྩོན་ལྷོད་མེད་བརྒྱུད་དེ། བོད་ཡིག་གི་གེ་སར་སྒྲུང་མི་ཉུང་བ་ཞིག་དཔར་སྐྲུན་གནང་སྟེ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པ་དང་།  ལྷག་པར་དུ་སྒྲུང་ཁག་མི་ཉུང་བ་ཞིག་རྒྱ་ཡིག་ཏུ་བསྒྱུར་ཏེ་རྒྱ་མི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ཕུལ་ཏེ་ལག་རྗེས་བླ་ན་མ་མཆིས་པ་བཞག་ཡོད། ཁོང་རྣམ་པས་ཀྲུང་ཧྭའི་འཛིན་མའི་ཁྱོན་ལ་བཞག་པའི་རླབས་ཆེན་གྱི་གྲུབ་འབྲས་ནི་སུས་ཀྱང་སུབ་ཐབས་མེད་པ་ཞིག་ལགས།                  ཡིན་ནའང་ད་ལྟའི་ཡིག་སྒྱུར་ཐད་དུ་རྒྱ་བོད་ལོ་ཙཱ་བ་རྣམས་ཀྱི་རིག་གནས་མཐོ་དམན་དང་། ཡིག་སྒྱུར་ཉམས་མྱོང་། སྒྱུར་སྟངས་སོགས་ཀྱི་ཆུ་ཚད་མི་མཐུན་པའི་དབང་གིས་རྒྱ་སྒྱུར་སྒྲུང་དཔེའི་རྒྱུ་སྤུས་བཟང་ངན་འདྲ་མིན་སྣ་ཚོགས་ཡོད་པ་ལས་གཞན། ད་དུང་མི་འོས་པ་དང་ནོར་འཁྲུལ་ཡང་གང་མང་ཡོད་པ་རེད། ཁྱད་པར་དུ་གཅིག་གྱུར་འོས་པའི་རྒྱ་སྒྱུར་སྒྲུང་དཔེའི་ནང་གི་སྒྲུང་མིང་དང་མི་མིང་ཡུལ་མིང་རྫོང་མིང་སོགས་ཀྱི་ཡིག་སྒྱུར་ཐད་ལའང་མངོན་གསལ་གྱི་འཁྲུལ་བ་མང་པོ་ཡོད་པར་བརྟེན། གཤམ་དུ་ཁོ་བོས་འདིའི་ཕྱོགས་ཀྱི་སྒྱུར་ཡིག་ཐད་ལ་དཔྱད་པ་རགས་ཙམ་གཏོང་རྒྱུ་ཡིན།
          ཡིག་སྒྱུར་བྱ་བ་ནི། མི་རིགས་ཤིག་གི་སྐད་རིགས་དེ་མི་རིགས་གཞན་ཞིག་གི་སྐད་རིགས་སུ་བསྒྱུར་ཏེ་བརྗོད་བྱ་དོན་གྱི་སྙིང་པོ་ཐམས་ཅད་ཇི་བཞིན་དུ་ངོ་སྤྲོད་བྱ་རྒྱུ་དེ་ཡིན་པར་བརྟེན།  ལོ་ཙཱ་བ་ཞིག་ལ་མཚོན་ན་ཐོག་མར་སྐད་རིགས་གཉིས་དང་ཡིག་རིགས་གཉིས་ཤེས་དགོས་པའི་རྨང་གཞིའི་སྟེང་དུ་བསྒྱུར་བྱའི་མ་ཡིག་གི་བསམ་བློའི་ནང་དོན་བྱང་ཆུད་པར་གྱུར་རྗེས།  སུམ་རྟགས་དག་གསུམ་དང་མ་འགལ་བར་ཡིག་རིགས་གཞན་ཞིག་ཏུ་བསྒྱུར་ཏེ་ཕ་རོལ་མི་རིགས་ལ་གོ་ཐུབ་པར་འཇུག་དགོས་པའི་བྱ་བ་ཁྱད་དུ་འཕགས་པ་ཞིག་ཡིན། དེ་ནི་སྒྱུ་རྩལ་གྱི་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན་ཟུང་དུ་འབྲེལ་བའི་ཀླད་པའི་ངལ་རྩོལ་གྱི་བྱ་བ་ཞིག་ཀྱང་ཡིན། ལོ་ཙཱ་བས་ཡིག་སྒྱུར་བྱེད་སྐབས། ངེས་པར་དུ་ཐོག་མར་བསྒྱུར་བྱའི་མ་ཡིག་གི་བསམ་བློའི་ནང་དོན་མ་འཆོལ་བར་གོ་བ་བླངས་ཏེ་ཡང་དག་པར་བརྗོད་དགོས་པ་དང་གཅིག  དེ་ནས་རྗོད་བྱེད་ཚིག་གི་ཐད་དུ་ཚིག་བདེ་ཞིང་གོ་སླ་བའི་ངང་བརྗོད་དགོས་པ་དང་གཉིས། དེའི་འཕྲོར་བསྒྱུར་བྱའི་མ་ཡིག་གི་ཁྱད་ཆོས་དང་ཡིག་སྲོལ་དེ་གང་ནུས་ཀྱིས་སོར་འཇོག་བྱ་རྒྱུ་དང་གསུམ་ཡིན།
          གལ་ཏེ་ལོ་ཙཱ་བས་ཡིག་སྒྱུར་བྱ་བར་མཐོང་ཆེན་མ་བྱས་པར་རང་གི་འདོད་མོས་ལྟར་དུ་བསྒྱུར་བྱའི་མ་ཡིག་བཅོས་སྒྱུར་དང་འཕྲི་སྣོན་གང་མང་བྱས་ན་གཅིག་ནི་བསྒྱུར་བྱའི་མ་ཡིག་ཇི་བཞིན་ངོ་སྤྲོད་གསལ་པོ་བྱེད་མི་ཐུབ་པ་ལས་གཞན། བསྒྱུར་བྱའི་མ་ཡིག་གི་ནང་དོན་ཡང་འཁྱོག་བརྗོད་བྱས་པ་ཡིན་པས་དེ་ནི་ཡིག་སྒྱུར་བྱ་བའི་ཁྲོད་གཏན་དུ་མི་རུང་བ་ཞིག་ཡིན།
          ད་ལྟ་མདོ་དབུས་ཁམས་གསུམ་དུ་རྒྱ་སྒྱུར་གྱི་གེ་སར་རྒྱལ་པོའི་སྒྲུང་ནང་གི་སྒྲུང་མིང་དང་མི་མིང་ཡུལ་མིང་རྫོང་མིང་སོགས་ཀྱི་ཡིག་སྒྱུར་སྐོར་ལ་བལྟས་ན་ངོ་མ་ཡིད་ཕུང་བ་ཞིག་རེད། སྒྲུང་མིང་དང་མི་མིང་གཅིག་ལ་རྒྱ་མིང་མི་འདྲ་བ་ལྔ་དྲུག་རེའི་སྒྱུར་སྟངས་ཡོད་པར་མ་ཟད། ཁ་ཅིག་སྒྲ་སྒྱུར་དང་། ལ་ལ་ཐད་སྒྱུར། འགའ་ཞིག་དོན་སྒྱུར། ཡང་སྐོར་ཞིག་ཐད་སྒྱུར་དང་དོན་སྒྱུར་ཟུང་འབྲེལ་བཅས་རྣམ་པ་སྣ་ཚོགས་མཐོང་རྒྱུ་ཡོད།
          དཔེར་ན། སྒྲུང་དཔེ་《ལྷ་གླིང་གབ་ཙེ་དགུ་སྐོར》གྱི་མིང་ལ་《天界》《仙界》《仙界遣使》《天岭九卜》《天界卜筮》《仙界占卜九藏》བཅས་སྒྱུར་ཚུལ་མི་འདྲ་བ་དྲུག་ཡོད། རྒྱ་ཡིག་གི་སྒྱུར་ཚུལ་འདི་དག་ལ་བརྟག་ན། ཁ་ཅིག་ལོ་ཙཱ་བས་གོ་བ་ལེན་སྟངས་མི་འདྲ་བ་སྟེ། དཔེར་ན་《天界》《仙界》ལྟ་བུ་ཡིན་ན་ལྷའི་གླིང་ཞེས་གོ་བ་བླངས་པ་དང་། 《天岭》ལྟ་བུར་མཚོན་ན་ལྷ་དང་གླིང་ཡུལ་གཉིས་ཀྱི་གོ་བ་བླངས་པ་རེད། ཡང་འགའ་ཞིག་གིས་བཀོལ་བའི་སྒྱུར་ཐབས་མི་འདྲ་བ་སྟེ། དཔེར་ན། 《遣使》《卜筮》ལྟ་བུར་མཚོན་ན་དོན་སྒྱུར་བྱས་ཡོད་པ་དང་། 《天界》《仙界》ལྟ་བུར་མཚོན་ན་ཐད་སྒྱུར་བྱས་ཡོད། 《天岭》ལྟ་བུ་ཡིན་ན་ཐད་སྒྱུར་དང་སྒྲ་སྒྱུར་ཟུང་འབྲེལ་གྱི་ཐབས་ཤེས་སྤྱད་ཡོད།
          གཞན་ཡང་སྒྲུང་མིང་《སོག་པོ་རྟ་རྫོང》ལ་མཚོན་ན། རྒྱ་ཡིག་ལ་《蒙古马宗》《索多马宗》《索波马宗》《蒙古马城》ཞེས་མང་པོ་བསྒྱུར་ཡོད་པ་ལས《蒙古马城》ལ་མཚོན་ན་ཐད་སྒྱུར་བྱས་ཡོད་པ་དང་།《索波马宗》ལྟ་བུར་མཚོན་ན་རྟ་སྟེ་“马”མ་གཏོགས་ཚང་མ་སྒྲ་སྒྱུར་བྱས་ཡོད་པ་ཡིན། སྒྲུང་དཔེ་《ཁ་ཆེ་གཡུ་རྫོང་》གི་སྒྱུར་མིང་ལ་མཚོན་ན། 《喀契松石国》《征服卡契松石宗》《卡切玉宗》《卡切与岭》ཞེས་སྒྱུར་སྟངས་བཞི་ཡོད་པ་ལས་《卡切玉宗》ཞེས་པ་སྒྲ་སྒྱུར་གྱི་སྒྱུར་ཐབས་བཀོད་དེ་བསྒྱུར་བ་དང་། 《喀契松石国》དང་《征服卡契松石宗》ཞེས་པ་འདི་གཉིས་ནི་སྒྲ་སྒྱུར་དང་ཐད་སྒྱུར་ཟུང་འབྲེལ་གྱི་སྒྱུར་ཐབས་བཀོལ་ནས་བསྒྱུར་པ་ཡིན། “岭”དང་“征服”ཞེས་བསྒྱུར་བ་འདི་ནི་བསྒྱུར་བྱའི་དོན་གྱི་ཆ་ནས་ཁ་སྣོན་བྱས་ཏེ་བསྒྱུར་བ་ལགས། འདི་དག་བསྒྱུར་བྱའི་མ་ཡིག་གི་སྒྱུར་སྟངས་མི་འདྲ་བའི་རྐྱེན་གྱིས་སྒྱུར་ཡིག་གི་སྒྲ་དང་དོན་ཡང་ཕལ་ཆེར་ཐ་དད་དུ་སོང་ཡོད།
          མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཀྱི་སྒྲ་གདངས་ལྟར་བསྒྱུར་བའི་སྐོར་ལ། དཔེར་ན། གླིང་གི་མི་ཆུང་ཁ་བདེའི་མིང་སྒྱུར་ཚུལ་ལ“穆穷喀德”“穆弓卡德”“米琼卡代” “米琼卡德” “木穷卡德”“伍琼卡德”ཞེས་དྲུག་ཡོད་པ་དང་། གཡུང་དྲུང་དཔའ་རྒྱལ་ལ། “雍仲贝尔吉”“雍仲巴杰”“雍本吉”“雍仲华杰”ཞེས་བསྒྱུར་ཡོད་པ། 《བྱེ་རུའི་བྱུར་རྫོང་》ལ། 《歇日珊瑚宗》《奇日珊瑚宗》ཞེས་བསྒྱུར་ཡོད། “བོང་བུ་སྣ་རིང”ལ།  “潘浦扎宁” “旺武纳宁”ཞེས་བསྒྱུར་འདུག  སྒྱུར་སྟངས་མི་འདྲ་བ་འདི་དག་ལས། “穆穷”“木穷”ཞེས་པ་དང་། “华杰”“歇日”“旺武”བཅས་ལ་ཨ་མདོའི་སྐད་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་དང་། “米琼”“巴杰”“奇日”“潘浦”ལྟ་བུར་མཚོན་ན་ཁམས་དབུས་གཉིས་ཀྱི་ཡུལ་སྐད་ཀྱི་ཤན་ཞུགས་པ་གསལ་བོར་མཐོང་ཐུབ། ད་དུང་ཁག་ཅིག་ལ་རང་རེའི་ཞིང་ཆེན་དང་ལྗོངས་སོ་སོའི་ནང་ཁུལ་གྱི་གྲོང་སྐད་མི་འདྲ་བས་ཤན་ཞུགས་ཏེ། སྒྱུར་ཡིག་ཕན་ཚུན་གྱི་བར་ཐག་ཇེ་རིང་དང་འགལ་བ་ཇེ་མང་དུ་བཏང་ཡོད། ཡང་འགའ་ཞིག་ལ་རྒྱ་མི་བློ་མཐུན་གྱི་སྨྲ་སྒོ་མ་དག་པར་སྒྱུར་ཡིག་ལ་ཤུགས་རྐྱེན་ཐེབས་པ་ཡང་ཡོད།
          དཔེར་ན། གླིང་གི་ཡང་རྟུལ་དམ་པའི་མི་བདུན་གྱི་ཡ་གྱལ་སེང་སྟག་ཨ་དོམ་གྱི་མིང་ལ། “僧达阿冬”“森达尔顿木”“申达阿洞”“孙塔阿东”ཞེས་མང་པོའི་སྒྱུར་སྟངས་ལས། “森达尔顿木”“申达阿洞”“孙塔阿东”འདི་གསུམ་གྱི་མི་མཐུན་པའི་སྒྲ་ལ་དཔྱད་ན་ཡིག་སྒྱུར་མཁན་རྒྱ་མིའི་སྒྲ་མ་དག་པར་ཐ་དད་དུ་སོང་བ་ཡིན་པར་སྙམ།
          ད་དུང་རྒྱ་བོད་ལོ་ཙཱ་བ་འགའ་ཞིག་གིས་རང་མོས་ཅི་འདོད་ལྟར་དུ་སྒྲུང་མིང་དང་མི་མིང་ཡུལ་མིང་སོགས་སྒྱུར་བའི་དབང་གིས་སྒྱུར་ཡིག་གི་མིང་ཚིག་ཐ་སྙད་སོ་སོར་སོང་བ་ཕར་ཞོག བསྒྱུར་བྱའི་མ་ཡིག་ལའང་འགལ་བ་ཡོད་པས་སྒྱུར་མིང་འགས་བསྒྱུར་བྱའི་དོན་གཅིག་སྟོན་གྱིན་ཡོད་པ་ཤིན་ཏུ་རྟོགས་དཀའ་བར་གྱུར་འདུག
          དཔེར་ན། སྒྲུང་དཔེ་《སྲིད་པ་ཆགས་གླིང》ལྟ་བུར་མཚོན་ན། ལོ་ཙཱ་བ་ལ་ལས་《岭国形成史》ཞེས་སྒྱུར་ཡོད་པ་དང་། ཡང་འགའ་ཞིག་གིས་《开天劈地》ཞེས་བསྒྱུར་ཏེ་དཔར་སྐྲུན་བྱས་ཡོད། སྒྲུང་དཔེ་《འཇང་གླིང་གཡུལ་འགྱེད》ལ་མཚོན་ནའང་ལ་ལས་《绛岭大战》དང་། འགའ་ཞིག་གིས་《征服姜地》《保卫盐海》ཞེས་བསྒྱུར་འདུག་པས། ངོ་མ་སྒྲུང་དཔེ་གཅིག་གི་སྒྱུར་མིང་ཞིག་ཡིན་པ་རྟོགས་དཀའ། གཞན་ཡང་ཤེས་པ་རབ་སྣང་ལ། ‘‘西拉上朗”ལྟ་བུ་དང་། ལྷ་བུ་གཡང་དཀར་ལ། “霞伍扬尕尔”ལྟ་བུ། རྨ་དེལ་ཡག་སྟག་ཐང་ཁྲ་མོ་ལ། “美虎滩”ལྟ་བུ། བེའུ་སྟག་རྫོང་ལ། “外武达宗不朽城”ལྟ་བུ་བཅས་ལ་མཚོན་ན་མ་ཡིག་དང་རྒྱང་ཐག་ཤིན་ཏུ་རིང་བས་ཕལ་ཆེར་གོ་བ་འཛོལ་དུ་སོང་ཡོད་པ་རེད།
          གོང་གསལ་གྱི་དཔེར་བརྗོད་དག་ལ་བལྟས་ན་མདོ་དབུས་ཁམས་གསུམ་གྱི་རྒྱ་བོད་ལོ་ཙཱ་པ་རྣམས་ཀྱིས་དཀའ་སྤྱད་སྡུག་རུས་ཀྱིས་རང་རེའི་འདོད་བློ་ལྟར་གེ་སར་རྒྱལ་པོའི་སྒྲུང་མིང་དང་མི་མིང་སོགས་དོན་སྒྱུར་དང་ཐད་སྒྱུར་སྒྲ་སྒྱུར་བཅས་ཀྱི་སྒྱུར་སྟངས་བཀོལ་ནས་བསྒྱུར་བ་རྒྱ་ཆེ་ཞིང་རྣམ་གྲངས་ཤིན་ཏུ་མང་བ་ཞིག་མཆིས་མོད། འོན་ཀྱང་སྒྱུར་མིང་ཁ་ཅིག་གི་བརྗོད་དོན་ཚང་མས་ཇི་བཞིན་དུ་རྟོགས་དཀའ་བ་ལས་གཞན་གཅིག་གྱུར་ཡོང་བར་ཡང་དཀའ་ཁག་བཟོས་ཡོད་པར་བརྟེན། གལ་ཏེ་མཐའ་མཇུག་སྒྱུར་མིང་ཐམས་ཅད་གཅིག་གྱུར་ཡོང་མ་ཐུབ་ན། མི་གཅིག་ལ་མིང་འགའ་བཏགས་པའི་དཔེ་བཞིན་མཐའ་མར་རང་མིང་རང་གིས་ཀྱང་ངོ་མི་ཤེས་པའི་གནས་སུ་བཀོད་པ་མ་ཟད། མི་རབས་རྗེས་མའི་བློ་གསལ་ཀློག་པ་པོ་རྣམས་ལའང་རྙོག་དྲ་ཆེན་པོ་བཟོས་པས། ངེད་ཅག་དུས་རབས་འདིའི་གེ་སར་སྒྲུང་གི་བྱ་བ་གཉེར་མཁན་རྣམས་ལ་གཤེ་གཤེ་སྡིགས་མོ་གཏོང་རྒྱུ་ནི་གདོན་མི་ཟའོ། །
          སྒྲུང་ཡིག་སྒྱུར་ཐབས་ཀྱི་ཕྱོགས་སུ་བལྟས་ན། སྒྲུང་མིང་ཡུལ་མིང་རྫོང་མིང་སོགས་སྒྱུར་བའི་སྐབས་སུ་སྒྲ་སྒྱུར་དང་དོན་སྒྱུར། ཐད་སྒྱུར། ཐད་དོན་ཟུང་འབྲེལ་གྱི་སྒྱུར་སྟངས་སོགས་བཀོལ་ཆོག་ཀྱང་། གཙོ་བོ་སྒྱུར་མིང་གཅིག་གྱུར་དང་བརྟན་ཆགས་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་རེད། གལ་ཏེ་སྒྱུར་མིང་གཅིག་གཏན་འཁེལ་བྱས་ཏེ་ཚང་མས་ཁས་བླངས་ནས་བརྟན་ཆགས་སུ་གྱུར་པས་ན། སྒྱུར་སྟངས་གང་བཀོལ་ཡང་ཆོག་པ་རེད།
          ཡིན་ནའང་འདིར་གསལ་བཤད་ཅིག་བྱེད་དགོས་པ་སྟེ། མི་མིང་སྒྱུར་བའི་སྐབས་སུ། ངེས་པར་དུ་སྒྲ་སྒྱུར་གཙོ་བོར་བཟུང་སྟེ་མ་བསྒྱུར་ན་བོད་མིང་དང་རྒྱ་མིང་ཐ་དད་དུ་གྱེས་འགྲོ་བས་མི་དང་མིང་ངོ་འཕྲོད་དཀའ་བ་རེད།
          དཔེར་ན་གེ་སར་ནོར་བུ་དགྲ་འདུལ་ཞེས་པ་དེ་ལ། སྒྲུང་དཔེ་ལ་ལའི་ནང་དུ། “罗布扎堆”ཞེས་སྒྲ་སྒྱུར་བྱས་ཡོད་ལ།  ཡང་སྒྲུང་དཔེ་འགའ་ཞིག་ལས།  “珠宝制敌”ཞེས་དོན་སྒྱུར་བྱས་ཡོད། ང་ཚོས་སྒྱུར་སྟངས་འདི་གཉིས་ལ་ཞིབ་ཏུ་དཔྱད་ན་མི་མིང་སྒྲ་སྒྱུར་བྱེད་པ་མ་གཏོགས་དོན་སྒྱུར་བྱས་ན་མིང་གི་ནུས་པ་ཤོར་འགྲོ་བ་མ་ཟད། ར་མགོ་ལུག་སྦྱོར་བྱས་ཏེ་མི་གཉིས་ཡིན་པར་འཁྲུལ་འགྲོ་ངེས་རེད། གཞན་ཡང་རྟ་མིང་དང་མཚོན་མིང་ཡུལ་མིང་སོགས་ལ་ཆ་མཚོན་ནའང་སྒྲ་སྒྱུར་གཙོ་བོར་བཟུང་ནས་བསྒྱུར་ན་བོད་མིང་གི་སྒྲ་མི་འགྱུར་བས་ཕྱིས་སུ་མིང་ངོས་འཛིན་བྱ་བར་ཕན་པ་རྒྱ་ཆེན་པོ་ཡོད།  ད་དུང་ཡིག་སྒྱུར་སྐབས་སུ་མཉམ་འཇོག་བྱ་དགོས་པ་ཞིག་ལ། སྔོན་ཆད་རྒྱ་བོད་ལོ་རྒྱུས་ཡིག་ཆའི་སྟེང་དུ་སྒྱུར་མིང་ཡོད་པའི་སྐོར་དེ་སོར་འཇོག་བྱེད་པ་མ་གཏོགས་གསར་དུ་བསྒྱུར་ན་རྙོག་དྲ་བཟོ་ངེས་རེད།  དཔེར་ན་སྒྲུང་དཔེའི་ནང་གི་ཤཱཀྱ་ཤེད་ཆེན་ལྟ་བུར་ཆ་མཚོན་ན། “释迦歇庆”ཞེས་བསྒྱུར་བ་མ་གཏོགས། “史迦歇庆” “什加协庆” “史佳歇却尔”ཞེས་བསྒྱུར་ཡོད་པ་ཐམས་ཅད་དེ་འདྲ་འོས་པ་ཞིག་མིན།  རྒྱུ་མཚན་ནི“释迦”ཞེས་པའི་སྒྱུར་མིང་འདི་ལོ་རྒྱུས་ཀྱི་ཡིག་ཆ་གང་མང་ཞིག་ཏུ་མཐོང་རྒྱུ་ཡོད་པས་གསར་དུ་མང་པོ་བསྒྱུར་ན་ཕན་པ་ཅི་ཡང་མེད། ད་དུང་ཐང་སྟོང་རྒྱལ་པོའི་མཚན་ལ་མཚོན་ནའང་སྔོན་གྱི་ལོ་རྒྱུས་དེབ་ཐེར་སྟེང་དུ།  “唐东杰波” ཞེས་བསྒྱུར་ཏེ་ཚང་མའི་ཡིད་ལ་གསལ་ལེར་ངེས་ཡོད་མོད།
          ཡིན་ནའང་ད་ལྟའི་སྒྲུང་དཔེ་ཁ་ཅིག་གི་ནང་དུ། “汤冬协布” “桑冬杰博” “冈冈巴勒善”ཞེས་གང་འདོད་ལྟར་བསྒྱུར་ཡོད་པས་ཀློག་མཁན་གྱིས་གོ་བ་ལེན་ཧ་ཅང་དཀའ། དེའི་ཕྱིར། ལོ་ཙཱ་བ་རྣམས་ཀྱིས་ཡིག་སྒྱུར་སྐབས་སུ། ལོ་རྒྱུས་སྟེང་ཡོད་པའི་སྒྱུར་མིང་སྐོར་དེ་ཅི་ནུས་ཀྱིས་སོར་འཇོག་བྱེད་དགོས།
          ད་ནི་ཕྱིས་སུ་གེ་སར་སྒྲུང་གི་མིང་དང་མི་མིང་རྫོང་མིང་ཡུལ་མིང་སོགས་མདོ་དབུས་ཁམས་གསུམ་ཀུན་ཏུ་ཡང་འགལ་མེད་གཅིག་གྱུར་ཡོང་བ་དང་། ད་དུང་སྒྱུར་མིང་སོགས་ཀྱང་ཚད་ལྡན་ཚུལ་མཐུན་ཞིག་ཡོང་བའི་སླད་དུ། ཁོ་བོས་གཤམ་དུ་རེ་བ་འགའ་བརྗོད་པར་བྱ་སྟེ།
          དེ་ཡང་ཐོག་མར་གེ་སར་སྒྲུང་གི་བྱ་བར་འབྲེལ་ཡོད་ཀྱི་ལས་ཁུངས་དང་མི་སྣ།  ཁྱད་པར་དུ་རྒྱལ་ཡོངས་གེ་སར་སྒྲུང་གི་བྱ་བ་གཉེར་མཁན་འགོ་ཁྲིད་ཚན་ཆུང་གི་མི་སྣས་ཡིག་སྒྱུར་གྱི་བྱ་བ་འདི་གཙིགས་འཛིན་དང་བླངས་བྱས་ཏེ། མི་འགྱངས་པར་འབྲེལ་ཡོད་ཞིང་ཆེན་སོ་སོ་ནས་རྒྱ་བོད་ཡིག་རིགས་གཉིས་ལ་མཁས་པའི་མི་སྣ་རྩ་འཛུགས་བྱས་ནས་གེ་སར་སྒྲུང་གི་དཔེ་མིང་དང་མི་མིང་ཡུལ་མིང་རྫོང་མིང་སོགས་ཀྱི་སྒྱུར་མིང་གཅིག་གྱུར་བྱེད་པའི་རྒྱ་བོད་མིང་མཛོད་ཅིག་བསྐྲུན་རྒྱུ་ནི་ཧ་ཅང་གལ་འགངས་ཆེ།  ད་ལྟ་ངེད་ཅག་གིས་མཐོང་བའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་གནང་བའི་《བོད་རྒྱ་ཤན་སྦྱར་གྱི་གེ་སར་ཚིག་མཛོད》ཅེས་པ་འདིས་ཁོ་ཚོའི་ནང་ཁུལ་གྱི་མིག་སྔར་སྒྱུར་མིང་རྙོག་དྲའི་རྣམ་པ་དེ་ཅུང་ཙམ་བསྒྱུར་པ་ལ་དགའ་མགུ་ཡི་རང་བྱེད་བཞིན་མཆིས། ཡིན་ནའང་《ཚིག་མཛོད》ཆུང་ཆུང་ཞིག་གི་ནང་དུ་སྒྲུང་དཔེ་ཕལ་ཆེར་ཉིས་བརྒྱ་ལྷག་གི་མིང་ཚིག་ཐ་སྙད་ཐམས་ཅད་སྡུད་ཐབས་མེད་པའི་རྐྱེན་གྱིས་བྱ་བ་འདི་རྒྱ་ཡན་དུ་གཏོང་མི་རུང་།
          གཉིས་པ་འབྲེལ་ཡོད་ཞིང་ཆེན་དང་ལྗོངས་སོ་སོས་ཀྱང་གོང་རིམ་དང་ཞིང་ཆེན་གཞན་པ་ཁོ་ནར་བརྟེན་ནས་བསྡད་ན་མི་འགྲིག་པས། རང་རང་སོ་སོས་གེ་སར་སྒྲུང་གི་ཡིག་སྒྱུར་གྱི་བྱ་བ་འདིར་མཐོང་ཆེན་བྱས་ཏེ། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཁག་ཅིག་རྩ་འཛུགས་བྱས་ནས་མགྱོགས་མྱུར་ངང་རང་རང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ནང་ཁུལ་དུ་སྒྱུར་མིང་གཅིག་གྱུར་ཡོང་བའི་མིང་མཛོད་སོགས་བསྒྲིགས་རྒྱུ་དེ་ཤིན་ཏུ་གལ་འགངས་ཆེ། གལ་ཏེ་གེ་སར་སྒྲུང་གི་སྒྱུར་མིང་གི་ཐ་སྙད་སྐོར་ཞིང་ཆེན་དང་ལྗོངས་སོ་སོ་རུ་ཐོག་མར་གཅིག་གྱུར་ཡོང་ཐུབ་ན། ཕྱིས་སུ་མདོ་དབུས་ཁམས་གསུམ་སྤྱི་ཁྱབ་ཏུ་གཅིག་གྱུར་ཡོང་བའི་བྱ་བ་ཡང་བསྒྲུབ་སླའོ། །
          གསུམ་པ་གེ་སར་སྒྲུང་གི་ཡིག་སྒྱུར་བྱ་བ་བྱེད་མཁན་རྣམས་ཀྱིས་ཀྱང་བྱ་བ་འདིར་གཟབ་ནན་བྱས་ཏེ་གང་ནུས་ཀྱིས་ཡིག་སྒྱུར་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ་དང་། ཁྱད་པར་དུ་མདོ་དབུས་ཁམས་གསུམ་ཀུན་ཏུ་ཡང་འགལ་མེད་གཅིག་གྱུར་ཡོང་བའི་ཡིག་སྒྱུར་གྱི་ཐད་དུ་འབད་བརྩོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། ད་ལྟ་སྒྲུང་མིང་དང་མི་མིང་གཅིག་ལ་སྒྱུར་མིང་རྣམ་པ་སྣ་ཚོགས་ལྔ་དྲུག་རེ་ཡོད་པ་ཡང་གཙོ་བོ་རྒྱ་བོད་ལོ་ཙཱ་བ་རྣམ་པའི་སྨྱུག་རྩེ་ལས་ཐོན་པ་ཡིན་པས། གལ་ཏེ་རྗེས་སུ་ལོ་ཙཱ་བ་རྣམས་ཀྱིས་མུ་མཐུད་དུ་རང་གི་འདོད་མོས་ལྟར་བསྒྱུར་ཏེ་གཟབ་ནན་མ་བྱས་ན།  སྒྲུང་དཔེའི་མིང་ཚིག་ཐ་སྙད་རྙིང་པ་སྐོར་ཞིག་གཅིག་གྱུར་ཡོང་བའི་དབང་དུ་བཏང་ཡང་ཐ་སྙད་གསར་པས་རྙོག་དྲ་བཟོ་རྒྱུ་ཡིན་པས་སེམས་རྣལ་ལ་ཕབ་ནས་ཡིག་སྒྱུར་བྱ་རྒྱུ་ནི་ངེད་ཅག་མི་རབས་འདིའི་ཕྲག་ཏུ་ཡོད་པའི་ལས་འགན་ཞིག་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1