ལོ་ངོ་བདུན་བརྒྱ་ཙམ་ལ་ལྷག་ལུས་སུ་གྱུར་པའི་དགོན་རྙིང་སྟེ་མདོ་སྨད་གཅན་ཚ་རྔ་བ་དགོན་པའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་ཤིག
བཀྲ་གོ
འབུམ་ཁང་སྐྱ་རིང་།
དང་པོ། རྔ་བ་དགོན་པའི་བྱུང་ཚུལ་དང་ཤུལ་བཞག་ངག་རྒྱུན་གྱི་སྐོར།
གཅིག རྔ་བ་དགོན་པའི་གནས་ཡུལ་ངོ་སྤྲོད།
མདོ་སྨད་གཅན་ཚ་རྔ་བ་དགོན་པ་ནི་གཅན་ཚ་རྫོང་ཐོག་ནས་ལྷོ་ཟུར་གྱི་ནུབ་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་ཕྱིན་པའི་གནས་ཏེ། སྣང་རའི་སྟོང་དཔོན་ཚང་གི་གཞིས་ཀ་ཆགས་ས་སྣང་ར་གྲམ་པ་ནང་སྡེ་བའི་གོང་རོལ་དུ་ཡོད་ཅིང་། དེ་ལ་ཐོག་མའི་དགོན་པ་འདེབས་སའི་ས་དེར་དེང་སང་ཆོ་ཙེ་ཐང་ངམ་མཆོད་རྟེན་ཐང་ཟེར་ཞིང་། ས་དབྱིབས་ནི་ཁོད་སྙོམས་ཤིང་བདེ་ལ་ཧ་ལམ་དེང་གི་སློབ་གྲྭ་ཞིག་གི་ལུས་རྩལ་ར་བའི་ཆེ་ཆུང་དང་མཚུངས་པར་འདུག ད་ལྟ་གནས་འདིར་གྱང་ཆག་འགའ་རེ་དང་གསལ་ལ་མི་གསལ་བའི་ཁང་ཤུལ། ཆག་གྲུམ་དུ་སོང་བའི་སོ་ཕག་དང་སྡོང་བོ་འགའ་རེ་སྐྱེས་ཡོད་པར་མ་ཟད། རྩ་འཇག་མ་མཐུག་པོར་སྐྱེས་ནས་ཡོངས་སུ་བཀང་འདུག གཞན་ཡང་ཞིག་རལ་དུ་གྱུར་བའི་འབུམ་ཁང་སྐྱ་རིང་ཞེས་ཁང་བ་ཆུང་ཆུང་གྱན་འགའ་ཞིག་མུ་རྒྱུད་གཅིག་ཏུ་གནས་ཤིང་དེ་ལས་ཚ་ཚ་ཆེ་ཆུང་མང་པོ་ཞིག་གང་བྱུང་དུ་ཕྱི་བཏོན་ནང་བཏོན་བྱས་འདུག་ལ། དེ་འདྲའི་ལོ་ངོ་བདུན་བརྒྱ་ལྷག་ཙམ་སོང་པའི་དགོན་པ་འདི་ནི་གནས་སྤོར་ཐེངས་ལྔར་བྱས་ཤིང་། དགོན་གནས་ནི་རིམ་བཞིན་ལུང་བའི་ནང་དུ་ཡར་སྤོས་ནས་ད་ལྟ་རྔ་བ་དགོན་པ་གནས་ཡོད་ས་འདི་ནི་ཆེས་མཐའ་མཇུག་གི་གནས་ཏེ་སྡོམ་མཚེར་ཞེས་པ་རུ་བཏབ་ཡོད་པ་དེ་རེད། ཕྱིས་སུ་ལ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་ཁོང་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་མངགས་པ་ལྟར་མཚོ་སྔོན་དུ་ཕེབས། ཐུ་མུ་ཐེའི་ཤོག་ཁའི་ཧོ་ལོ་ཁྲི་ནན(土默特默大洛赤南)གྱིས་རྔ་བ་དགོན་པ་འདི་ཁོང་ལ་བཞུགས་གནས་སུ་ཕུལ། དེའི་རྗེས་སུ་ལ་མོ་བདེ་ཆེན་དགོན་གྱིས་མི་མངགས་ནས་དགོན་པ་སྤྱིའི་ལས་དོན་ལ་མགོ་འཛིན་དང་བདག་གཉེར་བྱས་ཏེ། དགོན་པའི་མིང་ལ་རྔ་སྒར་བྱང་ཆུབ་གླིང་ཟེར་ཞིང་དེའི་དོན་ནི་རྔ་བ་བྱང་ཆུབ་གླིང་ཞེས་པའི་དོན་ཡིན། དེ་ནས་བཟུང་སྟེ་རྔ་བ་དགོན་པ་ནི་ལ་མོ་བདེ་ཆེན་དགོན་གྱི་དགོན་ལག་ཏུ་གཏོགས་པ་རེད།
རྐུན་མས་སློག་པའི་འབུམ་ཁང་སྐྱ་རིང་གི་ཤུལ།
གཉིས། ལོ་རྒྱུས་ཡིག་ཚང་བཀླགས་ཏེ་རྔ་དགོན་གྱི་ལོ་རྒྱུས་ལ་ཕྱི་མིག་ལྟ་བ།
“རྔ་སྒར་བྱང་ཆུབ་གླིང་ནི། རྔ་ཁོག་ནས་བྱོན་པའི་བླ་མ་རྡོར་བཟང་གིས་བཏབ། གུར་མགོན་ཆོས་སྐྱོང་དུ་བསྟེན་པས་ས་སྐྱ་བ་ཞིག་ཡིན་འདྲ་ཟེར།”ཞེས་མདོ་སྨད་ཆོས་འབྱུང་གི་ཤོག་ངོས287-288བར་དུ་གསུངས་ཡོད་པ་དང་། “རྔ་གར་བྱང་ཆུབ་གླིང་ནི། ཐོག་མར་སུས་བཏབ་དང་བླ་བརྒྱུད་རིམ་ཅན་ངེས་པ་མ་བྱུང་། དབུས་གཙང་ཕྱོགས་ནས་བླ་མ་རྡོར་བཟང་སོགས་མང་དག་ཞིག་གི་མཐར། ལ་མོ་བ་ཚོགས་གཉིས་རྒྱ་མཚོ། བློ་གྲོས་རྒྱ་མཚོ། ད་ལྟ་ཆ་གན་ནོ་མོན་ཁང་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། བདེ་མཆོག་དང་གསང་བ་འདུས་པ་སོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་ཉེ། གྲྭ་རྒྱུན་སྒོ་མང་། ཚོགས་པ་སུམ་བརྒྱ་སྐོར།”ཞེས་དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོའི་ཤོག་ངོས343 རུ་གསུངས་ཡོད་པ་དང་།“གྲྭ་རྒན་རྣམས་ལ་དགོན་འདི་སྔོན་རྔ་ཁོག་ནས་བྱོན་པའི་བླ་མ་རྡོར་བཟང་བས་བཏབ་ཅིང་གྲྭ་བ་བཞི་བརྒྱ་འདུས་པར་གྲགས་པའི་དགོན་རྙིང་ཡིན་ཚུལ། རྟེན་རྣམས་ལ་ཞིག་གསོས་གལ་ཆེ་ཚུལ་སོགས་ལས་བརྩམས་པའི་བཀོད་ཁྱབ་སྩལ།”ཞེས་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་གྱི་ཤོག་ངོས418-419བར་དུ་གསུངས་ཡོད་པ་དང་།“རྔ་བ་དགོན་པ་ནི་གཅན་ཚ་རྫོང་ཐོག་ནས…… ལ་མོ་བདེ་ཆེན་དགོན་པའི་དགོན་ལག་ཏུ་གཏོགས། ངག་རྒྱུན་ལྟར་ན། དགོན་པ་འདི་ཉིད་མིང་རྒྱལ་རབས་(明朝) ཀྱི་སྐབས་སུ་བཏབ།” མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞེས་པའི་ཤོག་ངོས244རུ་གསུངས་ཡོད་པ་དང་། “རྔ་བ་དགོན་ནམ་རྔ་སྒར་བྱང་ཆུབ་གླིང་ནི་སྣང་རའི་ལུང་ཁོག་ཏུ་ཆགས་ཡོད། དགོན་སྡེ་འདི་སྔ་དུས་སུ་བཀའ་བརྒྱུད་པ་ཡིན་ལ། ཕྱིས་སུ་དགེ་ལུགས་པའི་དགོན་པར་བསྒྱུར་བས་དེང་སྐབས་ལ་མོ་བདེ་ཆེན་གྱི་དགོན་ལག་ཏུ་གཏོགས།” ཞེས་གཅན་ཚའི་རིག་གནས་ཞེས་པའི་ཤོག་ངོས193རུ་བཀོད་ཡོད་པ་སོགས་ལ་གཞིགས་ན། རྔ་བ་དགོན་པ་བཏབ་པའི་ལོ་རྒྱུས་ཀྱི་དུས་ཡུན་རིང་བ་ཤེས་ཐུབ་པར་མ་ཟད། དེར་ས་སྐྱ་བ་དང་། བཀའ་བརྒྱུད་པ། དགེ་ལུགས་པ་བཅས་བརྒྱུད་ནས་ཡོང་པའང་གོ་ཐུབ་སྙམ། ལྷག་པར་དུ་རྔ་བ་དགོན་པ་ནི་སི་ཁྲོན་རྔ་བ་ས་ཆའི་བླ་མ་རྡོར་བཟང་ཞེས་པ་ཡུལ་དབུས་གཙང་ནས་མདོ་སྨད་གཅན་ཚ་སྣང་རའི་ལུང་ཁོག་ཏུ་ཕེབས་ནས་རང་ཡུལ་གྱི་ས་མིང་རྔ་བ་ཞེས་པ་དགོན་པའི་མིང་དུ་བཏགས་ནས་ད་ལྟའི་རྔ་བ་དགོན་པ་འདི་བྱུང་ཞིང་། བླ་མ་རྡོར་བཟང་ཁོང་གིས་གུར་མགོན་ཆོས་སྐྱོང་དུ་བསྟེན་པས་ན་གྲུབ་མཐའ་ས་སྐྱ་བ་ཞིག་ཡིན་པ་ཤེས་ཐུབ། དེ་བས་དཔལ་ས་སྐྱ་བའི་གྲུབ་མཐའ་བྱུང་ནས་ད་ལྟའི་བར་དུ་ལོ་ངོ་བདུན་བརྒྱ་ཙམ་ཕྱིན་པར་དཔག་ན། གཅན་ཚ་རྔ་བ་དགོན་པ་འདི་ཡང་བཏབ་ནས་ལོ་ངོ་བདུན་བརྒྱ་ཙམ་གྱི་ལོ་རྒྱུས་ཕྱིན་ཡོད་པར་སྙམ། དེ་ལ་ཐོག་མའི་གྲུབ་མཐའ་ནི་ས་སྐྱ་བ་ཡིན་པ་དང་། དེ་ནས་བཀའ་བརྒྱུད་པ། དེའི་ཕྱིས་སུ་ལ་མོ་ཚོགས་གཉིས་རྒྱ་མཚོ་ནས་བཟུང་ད་ལྟའི་བར་དུ་དགེ་ལུགས་པའི་གྲུབ་མཐའ་ཡིས་བཟུང་ཡོད་པ་རེད།
ཤ་ཟ་ཧོར་མོ།
གསུམ། ངག་རྒྱུན་དང་འབྲེལ་ཏེ་ཤུལ་བཞག་འབུམ་ཁང་སྐྱ་རིང་གླེང་བ།
རྔ་བ་དགོན་པ་ཐོག་མར་ཆགས་སའི་ས་མིང་ལ་མཆོད་རྟེན་ཐང་ཟེར། ཕྱིས་སུ་ཆོ་ཙེ་ཐང་ཞེས་ཀྱང་འབོད། དེར་ད་ལྟ་མཁར་ཤུལ་གྱང་ཆག་མང་ཞིང་། འབུམ་ཁང་སྐྱ་རིང་མ་ཞེས་ངོ་མཚར་ཆེ་པ་ཞིག་ཡོད་པ་དེར། ལ་ལས་བཤད་ན་འབུམ་ཁང་ནང་དུ་ཚ་ཚ་མང་པོ་བརྩིགས་ནས་ཚར་དུས་ནམ་མཁར་སྐྱ་རེངས་འཆར་བའི་དུས་ལ་འཁེལ་བས་འབུམ་ཁང་སྐྱ་རེངས་མ་ཞེས་རེངས་འདི་བཀོལ་པ་དང་། ཡང་ལ་ལས་འབུམ་ཁང་སྐྱ་རིང་མ་ཞེས་རིང་འདི་བཀོལ་པ་རེད། དེ་ལ་ཞིབ་ཏུ་བརྟག་ན། སྐྱ་ནི་ཁང་པའི་རྩིག་པ་སྟེ། ཁང་པ་སོགས་ལ་ཚོན་རྩི་གང་ཡང་མ་བཏང་པར་མདོག་སྐྱ་བོར་གནས་པའི་ཆ་དེ་ལ་གོ་བ་དང་། རིང་ནི་བར་ཐག་ཧ་ཅང་རིང་བའམ་དབྱིབས་རིང་བ་དེར་གོ དེ་བས་འབུམ་ཁང་དེ་ལ་ས་ཡིས་གྱང་རྡུང་བ་དང་ནང་རོལ་དུ་རྡོ་བརྩིགས་ཤིང་འདམ་བག་བྱུགས་པ། གྱང་རྡོ་གཉིས་མཉམ་པོར་ཡོད་པའི་མཐོ་ཚད་ལ་མིའི་གཟུགས་པོ་འབྲིང་ཙམ་ཞིག་གི་རིང་ཚད་འདྲ་ཡོད་པ་དེར་དེང་དུས་ཀྱི་འབུམ་ཁང་གི་ཆེ་ཆུང་ལྟར་ཁང་མིག་ཆུང་ཆུང་བར་ཆོད་པར་བྱས་ཤིང་། མུ་འབྲེལ་བྱས་ཏེ་གྱན་བཅོ་ལྔ་ཡོད་པ་ཕྲེང་ལྟར་བསྒྲིགས་ཡོད། འབུམ་ཁང་དེ་དག་གི་དབྱིབས་ནི་ཅུང་ཙམ་གྲུ་བཞི་ནར་མོར་ཡོད། དེའི་དཀྱིལ་གྱི་རིང་ཚད་ལ་ཕལ་ཆེར་གོམ་པ་དྲུག་ཅུ་ཡོད་པ་དང་། ཞེང་གི་རིང་ཚད་ལ་ཕལ་ཆེར་གོམ་པ་གསུམ་དང་ཕྱེད་ཀ་ཡོད། འབུམ་ཁང་གྱན་བཅོ་ལྔ་བོའི་མཐའ་འཁོར་ཡོངས་ཀྱི་རིང་ཚད་ལ་ཕལ་ཆེར་གོམ་པ་བརྒྱ་དང་ཉི་ཤུ་རྩ་བདུན་ཡོད་པས་མདོག་སྐྱ་བོ་དང་དབྱིབས་གཟུགས་རིང་བར་བལྟས་ཏེ་འབུམ་ཁང་སྐྱ་རིང་ཞེས་བརྗོད་ན་དག་པར་མཐོང་བ་ལས་འབུམ་ཁང་སྐྱ་རེངས་ཞེས་བརྗོད་ན་མི་དག་པར་འདོད། དེ་ལྟར་འབུམ་ཁང་སྐྱ་རིང་ནང་དུ་སཱཙྪ(ལེགས་སྦྱར་སྐད།)འམ་ཚ་ཚ་སྟེ་དམ་པའི་སྐུ་དང་མཆོད་རྟེན་གྱི་གཟུགས་བརྙན་ཡོད་པའི་ཚ་ཚ་ཤིན་ཏུ་མང་ཞིང་ཆེ་ཆུང་རིགས་གསུམ་ཡོད་ལ་ཆེ་བའི་ཚད་ནི་བྱིས་པ་བཙས་མ་ཐག་པའི་ཆེ་ཆུང་ཡོད་ལ། འབྲིང་བ་ནི་མཆོད་མེ་མཚན་ཐུན་ལྟ་བུའི་ཆེ་ཆུང་ཡོད། ཆུང་བ་ནི་རྒྱུན་ལྡན་གྱི་ཚ་ཚ་ལྟར་ཧ་ཅང་ཆུང་ལ་གྲངས་ཀ་ཤིན་ཏུ་མང་། འབྲིང་བ་ནི་ཆུང་བ་ལས་ཉུང་ལ། ཆེ་བ་ནི་དེ་ལས་ཀྱང་ཉུང་བར་ཡོད། ངག་རྒྱུན་ལྟར་ན། གྲྭ་བ་ཞིག་གིས་ཤ་ཟ་ཧོར་མོ་སྲུང་མར་བསྟེན་ནས་ལྷ་འཁྲུགས་བྱུང་སྟེ་གྲྭ་བཙུན་མང་པོའི་ཚེ་ལ་བར་ཆད་བྱུང་བར་རྐྱེན་བྱས་ཏེ་དགོན་པའི་སྔར་ཡོད་ལྷ་ཅ་མཆོད་ཅ་ཐམས་ཅད་ས་དོང་བརྐོས་ནས་ཞབས་སུ་བཅུག་རྗེས། དེའི་ཐོག་ཏུ་ཚ་ཚ་འབུམ་ཕྲག་མང་པོ་བརྒྱབ་ཡོད་པའི་འབུམ་ཁང་སྐྱ་རིང་མ་ཞེས་པ་བརྩིགས་པར་མ་ཟད། ད་ལྟའི་བར་དུ་འབུམ་ཁང་འདི་གཙོ་བོ་བྱས་ནས་དགོན་ཤུལ་འདི་རུ་བཅུག་ཡོད་པའི་སྐུ་འདྲ་སོགས་ཤིང་ཐུར་རམ་ཐ་ན་ཁབ་སྐུད་ཙམ་ཡང་ཁྱེར་ཚེ་ཁྱིམ་གྱི་རབས་ཆད་པའི་འཇིགས་སྐྲག་གམ་གནོད་པ་ཡ་ང་བ་ཞིག་བྱུང་བའི་འདུ་ཤེས་ཟབ་མོ་ཞིག་མི་རྣམས་ཀྱི་རྒྱུད་ལ་མཐུག་པོར་བསྐྲུན་ནས་སྔོན་མའི་གྲུབ་མཐའི་སྟོབས་ཤུགས་སླར་གསོ་བྱེད་མི་ཐུབ་པའི་ཁག་གནོན་བྱས་ཡོད་པ་འདྲ། སྤྱིར“ཤ་ཟ་ཧོར་མོ་ནི་དཔལ་ལྡན་ལྷ་མོའི་སྤྲུལ་པ་སྟེ་སྤུན་དགུ་ཡོད་དོ།།……ཧོར་གྱི་ཡུལ་དུ་བཞུགས་ཙ་ན།། ཧོར་མོ་གཉན་གྱི་སྤུན་དགུ་གཙོ། །” ཞེས་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོའི་ཤོག་ངོས1051རུ་གསལ་ཞིང་། ཤ་ཟ་ཧོར་མོ་ནི་དཔལ་ལྡན་ལྷ་མོའི་སྤྲུལ་པ་ཡིན་པ་དང་ཧོར་ཟེར་བ་ནི་ཧོར་ཡུལ་དུ་གནས་པས་དེ་ལྟར་བཤད་པ་ལས་ངན་པ་ཞིག་མིན་པར་སྙམ་ལ། སྤྱི་ལོ2016ལོའི་དགུན་ཁར་འབུམ་ཁང་སྐྱ་རིང་གི་ཤུལ་འདིར་ནོར་སྲེད་ཅན་རེ་འགས་ལྐོག་ཏུ་རིན་པོ་ཆེ་རྩ་ཆེན་འཚོལ་ཕྱིར་འབུམ་ཁང་གི་ཁོག་བྲུས་ནས་ཚ་ཚ་མང་པོ་ཕྱི་སློག་ནང་སློག་བྱས་ཡོད་པ་རེད།
རྔ་དགོན་ཐོག་མར་འདེབས་སའི་གནས་གཞི་ཆོ་ཙེ་ཐང་ངམ་མཆོད་རྟེན་ཐང་།
གཉིས་པ། ལོ་ངོ་བདུན་བརྒྱ་ཙམ་གྱི་རིང་ལ་རྔ་དགོན་གྱི་དགོན་གནས་གནས་སྤོར་ཐེངས་ལྔར་བྱས་ཚུལ།
ཀ དགོན་གནས་དང་པོའི་ཆགས་ཡུལ་མཆོད་རྟེན་ཐང་ངམ་ཆོ་ཙེ་ཐང་།
ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་ཆ་མང་པོར་བལྟས་ན་རྔ་བ་དགོན་པ་ཐོག་མར་འདེབས་མཁན་ནི་རྔ་ཁོག་ནས་བྱོན་པའི་བླ་མ་རྡོར་བཟང་ཡིན་པ་ཚང་མས་གཅིག་མཐུན་དུ་བཞེད་ཤིང་། ཁོང་གིས་བཏབ་པའི་རྔ་བ་དགོན་པའི་ཤུལ་དེར་དེང་སང་མཆོད་རྟེན་ཐང་ཞེས་འབོད། དེ་ལྟར་འབོད་པའི་རྒྱུ་མཚན་ནི་དགོན་པ་འཇིག་པའི་ཕྱིས་སུ་ཕྱོགས་བཞིར་མཆོད་རྟེན་རེ་དང་། མདུན་ཕྱོགས་སུ་ཉག་ཤོ་ཞིག་ཡོད་པ་དེ་གཅོད་བྱེད་དུ་མཆོད་རྟེན་བཅུ་གསུམ། བཀའ་འགྱུར་གྱི་མ་ཎི་འཁོར་ལོ་ཆེན་པོ་ཞིག་དང་། ཏོག་ཚང་གི་སྒར་ཁ་ཡང་ཡོད་པར་གྲགས། ད་ལྟའི་དུས་སུའང་མཁར་ཆེན་ཞིག་རོ་ཞིག་ཡོད་པའི་རྒྱབ་ལ་ཨ་ལགས་ཏོག་གི་རྒྱབ་ཟེར་རྒྱུ་ལ་བརྡ་ཉམས་ནས་ཕ་བོང་ཐོག་གི་རྒྱབ་ཟེར། དགོན་པ་ཆགས་སའི་གླས་ཐོག་འདི་ས་རྒྱ་ཅུང་ཆེ་ཞིང་ཁོད་སྙོམས་པས་ཆེ་ཆུང་གི་ཚད་ནི་ཕལ་ཆེར་དེང་དུས་ཀྱི་སློབ་གྲྭའི་ལུས་རྩལ་ར་བ་ཞིག་དང་འདྲ་ལ་ཉིན་སྲིབ་གཉིས་ལས་ཉིན་ལྟ་རུ་ཡོད། ཆོ་ཙེ་ཐང་ཟེར་བ་ནི་དབྱིབས་ཀྱི་སྒོ་ནས་བཏགས་པར་བཤད། དགོན་པ་ཆགས་སའི་ས་དེ་ནི་སླ་ང་ཆོ་ཙེའི་དབྱིབས་དང་མཚུངས་པས་དེ་ལྟར་འབོད། ཡང་ལ་ལས་མཆོད་རྟེན་ཐང་གི་སྒྲ་འགྱུར་ནས་ཆོ་ཙེ་ཐང་ཟེར་བའི་བཤད་ཚུལ་ཡང་ཡོད། གང་ལྟར་རྔ་བ་དགོན་པ་ཐོག་མར་འདེབས་སའི་གནས་འདིར་ད་ལྟའི་ས་གནས་ཡུལ་མི་ཡིས་ཆོ་ཙེ་ཐང་ངམ་མཆོད་རྟེན་ཐང་ཞེས་འབོད་བཞིན་འདུག
ད་ལྟ་ས་སྤུངས་བརྒྱབ་ཡོད་པའི་འབུམ་ཁང་སྐྱ་རིང་མའི་ཤུལ།
ཁ དགོན་གནས་གཉིས་པའི་ཆགས་ཡུལ་སྒ་སྟག(ལ་མོ་བར་ཡང་ཟེར།)
མཆོད་རྟེན་ཐང་ནས་སྒ་སྟག་ཅེས་པའི་སར་ཕལ་ཆེར་སྤྱི་ལེ་གཉིས་མ་གཏོགས་མེད་ལ། དེ་ནི་སྒར་སྡེ་བ་དང་ཅུང་ཙམ་ཁ་གཏད་དུ་ཆགས་ཤིང་སྲིབ་ལོགས་སུ་ཡོད། གནས་འདིར་སྤོར་སྐབས་ངག་རྒྱུན་འདི་འདྲ་ཞིག་གདའ།“རྔ་བ་དགོན་པ་མཆོད་རྟེན་ཐང་དུ་འཇིག་ནས་སླར་ཡང་ས་གང་དུ་བཏབ་ན་ལེགས་ཚུལ་གྱི་དཀར་གཏོར་བསྔོས་པ་ལ་བཤད་ཚུལ་གཉིས་ཏེ། དང་པོ་ནི་མཆོད་རྟེན་ཐང་དང་སྒར་སྡེ་བའི་བར་དུ་ཞིང་ས་ཞིག་ཡོད་པ་དེར་དཀར་གཏོར་འཕངས་ཡོད་པ་སྒར་སྡེ་བའི་རྒད་པོ་ཞིག་གི་མུན་རུབ་ཚེ་ད་ལྟའི་སྒ་སྟག་ཅེས་པའི་གནས་སུ་འཕངས་པ་རེད་ཟེར། གཉིས་པ་ནི་བྱ་ཧོར་རོག་ཞིག་གིས་འཁུར་ནས་སྒ་སྟག་གི་གནས་སུ་འཁུར་སོང་པར་བཤད།” “དེ་ལྟར་དགོན་ཤུལ་སྟོང་བར་བསྐྱུར་ཏེ་སྒར་སྡེ་བའི་སྲིབ་ཀྱི་རིའི་ངོས་སུ་དགོན་གནས་སྤར། ད་ལྟ་གནས་དེ་ལ་རྔ་བའི་གཞི་མ་རྙིང་བར་གྲགས། རྒན་རབས་འགའ་རེའི་དྲན་འཛིན་ལྟར་ན་རིའི་ངོས་སུ་འདུ་ཁང་དང་ནང་ཆེན། གྲྭ་ཤག་སོགས་རི་རབ་ཀྱི་མགུལ་དུ་རིན་ཆེན་གྱི་འཕྲ་བཏབ་པ་ལྟར་ཡོད་ལ། སྟོང་སྐུའི་ལྷ་ཁང་རྣམས་སའི་བབ་བཞིན་བརྩེགས་མ་བརྩེགས་རིམ་དུ་ཆགས་ཤིང་། སྟེང་ནས་སྐད་ཆེན་པོས་བོས་ན་འདབས་ནས་གོ་དཀའ་བར་བཤད།” སྤྱིར་སྒ་སྟག་ཅེས་པའི་རི་རྒྱུད་འདི་ནི་སྟག་ཅིག་གི་དབྱིབས་ཡིན་ཞིང་། དགོན་པ་ཆགས་སའི་ས་ཐོ་འབུར་སྒང་དེ་ནི་སྟག་གི་སྡེར་མོ་ཡིན་པར་བརྗོད། ངག་རྒྱུན་དུ་དགོན་པ་འཇིག་རྐྱེན་ནི་སྟག་གི་སྡེར་མོའི་ཐོག་ཏུ་ཆགས་པས་ས་མ་གནོན་པར་གྲགས་པ་དང་། ཡང་ལ་ལས་སྒ་སྟག་ཅེས་པའི་ཁ་གཏད་དུ་མོ་མཚན་གྱི་དབྱིབས་འདྲ་བའི་རི་ཆུང་ཞིག་ཡོད་པས་རྟེན་འབྲེལ་མ་ལེགས་པར་གྲྭ་བས་སྡོམ་ཁྲིམས་ཉམས་ནས་འཇིག་པར་བཤད།
དགོན་གནས་གཉིས་པ་སྤོར་སའི་སྒ་སྟག་ཅེས་པའི་རྔ་དགོན་གྱི་ཤུལ།(རྔ་བའི་གཞི་མ་རྙིང་བའམ་ལ་མོ་བར་ཡང་ཟེར།)
རྒྱང་རིང་ནས་མཐོང་བའི་སྟག་གི་སྡེར་མོ་ཡིན་ཟེར་པའི་སྒ་སྟག
དགོན་གནས་གཉིས་པ་ཆགས་ཡུལ་སྒ་སྟག་གི་ཁ་གཏད་དུ་ཡོད་པའི་མོ་མཚན་དབྱིབས་ཅན་གྱི་རི་བོ།
ག དགོན་གནས་གསུམ་པའི་ཆགས་ཡུལ་རྡོ་ཆས་རྟིང་ང་།(རྩྭ་རིང་ཆུ་ཁུགས་ཀྱང་ཟེར།)
རྡོ་ཆས་རྟིང་ང་ནི་སྒ་སྟག་ཅེས་པའི་ཉེ་ལོགས་ཀྱི་གྲམ་པའི་ཁ་རུ་ཡོད། སྒ་སྟག་ནས་རྡོ་ཆས་རྟིང་ངར་གནས་སྤར་རྗེས་མི་རྣམས་ཀྱིས་སྔོན་མར་སྒ་སྟག་ཏུ་ཆགས་པའི་ཤུལ་དེར་རྔ་བའི་གཞི་མ་རྙིང་བ་ཞེས་འབོད། ཐེངས་འདིར་དགོན་པ་གནས་འདིར་སྤོར་མཁན་ནི་ལ་མོ་སྐུ་ཕྲེང་བརྒྱད་པ་བློ་བཟང་ལུང་རིགས་རྒྱ་མཚོ་ཡིན་ཞིང་། གནས་སྤོར་ནས་ལོ་ལྔ་འགོར་བའི་སྤྱི་ལོ1958ལོར་རིག་གནས་གསར་བརྗེ་བྱུང་སྟེ། ལྷ་རྟེན་སྐུ་གསུམ་ལ་ཉམས་ཆག་ཆེན་པོ་བྱུང་བའི་ལོ་རྒྱུས་ཀྱི་གནས་བབ་འོག་ནས་རྡོ་ཆས་རྟིང་ངའི་རྔ་དགོན་ལའང་གཏོར་བཤིག་བཏང་ནས་བསྣུབས་པ་རེད། ད་ལྟ་དགོན་ཤུལ་འདིའི་ཞིག་རོ་དག་ཀྱང་ཆུ་ཡིས་ཡོངས་སུ་བསྣུབས་ནས་ཤུལ་ཡང་མི་གསལ་བར་བཏང་ཡོད།
དགོན་གནས་གསུམ་པ་སྤར་ས་གྲམ་པ་ནང་དུ་ཆགས་པའི་རྡོ་ཆས་རྟིང་ང་།
ང དགོན་གནས་བཞི་པའི་ཆགས་ཡུལ་གྲམ་པ་ཁ།(ད་ལྟ་ཟོག་པ་ཡོད་ས་དེ་ཡིན།)
སྤྱི་ལོ1980ལོའི་ཀྲུང་གོའི་སྲིད་ཇུས་ཕྱོགས་ཡོངས་ནས་ཇེ་བཟང་དུ་སོང་བ་དང་བསྟུན་ནས། བོད་ཡུལ་དུ་དགོན་སྡེ་སླར་གསོ་བྱེད་པའི་ཚ་རླབས་གང་ས་གང་དུ་འཕྱུར་བས། “སྤྱི་ལོ1980ལོར་སྣང་ར་མང་ཚོགས་ཀྱི་ཚེགས་དང་བརྩོན་འགྲུས་འོག་སྔར་གྱི་དགོན་ཤུལ་ནས་ཡང་བསྐྱར་བཞེངས་ཤིང་ཆོས་སྒོ་ཕྱེས་ཏེ་ཨ་ཁུ་དགེ་ལེགས་དང་དཔལ་བཟང་སོགས་གྲྭ་བ་བཞི་ལྔ་ཙམ་གྱིས་གནས་སྲུང་བ་ལྟ་བུའི་སྒོ་ནས་གདན་ས་སྲུང་འཛིན་བྱས།” ཞེས་པ་འདིར་སྔོན་གྱི་ཤུལ་ཟེར་ཡང་མི་ཆོག་པ་མེད། ཡིན་རྒྱུ་ནི་སྔོན་གྱི་དགོན་ཤུལ་གྲམ་པ་ནང་དུ་ཆུའི་འཇིག་པར་སྐྲག་སྟེ་གྲམ་པའི་ཁའམ་ལ་ཐོག་ཏག་ཏག་ཏུ་བསྐྱར་བཞེངས་བྱས། ད་ལྟ་གནས་དེར་སྒར་སྡེ་བའི་ཟོག་པ་བསྡད་ཡོད།
དགོན་གནས་བཞི་པ་སྤར་ས་གྲམ་པ་ཁ།(ད་ལྟ་ཟོག་པ་བསྡད་ཡོད།)
ཅ དགོན་གནས་ལྔ་པའི་ཆགས་ཡུལ་སྡོམ་མཚེར།
སྡོམ་མཚེར་ལ་གནས་སྤོར་བྱས་པ་ནི་ཆེས་མཐའ་མཇུག་ཡིན་ཞིང་། དེ་ནི་རྡོ་ཆས་རྟིང་ངའི་ཀླད་ཐོག་གི་ཟོག་པ་ཡོད་ས་ནས་ཡར་གོང་དུ་སྤྱི་ལེ་གཉིས་ཀྱི་སར་ཡོད་ཀྱང་། རྒྱབ་རི་སྒྲོལ་མ་རང་བྱོན་དང་། གཡས་གཡོན་གསེར་ཉ་ཁ་སྤྲོད། མདུན་རི་གླང་ཆེན་དང་བཀྲ་ཤིས་བུམ་གཟུགས་སོགས་བཟང་པོའི་མཚན་མ་མང་པོ་རང་ཤུགས་ཀྱིས་བཀྲ་བས་ཁོང་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོས། སྡོམ་མཚེར་དེ་ས་དུམ་ཞིག་ལས་མེད་ཀྱང་གསེར་དུམ་བུ་ཞིག་ཡིན་ཟེར་པ་དང་། གནས་འདིར་ཞག་གཅིག་ཡིན་རུང་སྒྲུབ་པ་བྱེད་ཐུབ་ན་བྱིན་རླབས་ཆེ་ཚུལ་གསུང་བ་དང་། སྔོན་ཆད་གནས་འདིར་སྟོང་སྐོར་བསོད་ནམས་རྒྱ་མཚོས་བཏབ་པའི་དགོན་གསར་བཀྲ་ཤིས་རབ་བརྟན་ཞེས་པ་ཡོད་ཅིང་། སྤྱི་ལོ1749ལོར་གདན་ས་འདི་ནས་ཀུན་མཁྱེན་འཇིགས་མེད་དབང་བོས་སྟོང་སྐོར་བསོད་ནམས་རྒྱ་མཚོ་ལས་རྡོར་ཕྲེང་གི་དབང་གསན་དུས་ཡུལ་གྲུ་མང་པོ་ནས་རིགས་སྨྲ་མང་དུ་བྱུང་ཞིང་། རྗེས་སུ་རི་ཁྲོད་པའང་བརྒྱ་ལྷག་བྱུང་། དེ་འདྲའི་སའི་དགེ་བཅུ་ཚང་བའི་གནས་དེར་སྔོན་ཆད་རྡོ་ཆས་གྲམ་པ་ཁ་ནས་ཆུ་ཡིས་འཇིག་པ་དང་གྲྭ་པའི་ནང་མ་མཐུན་པའི་འགལ་རྐྱེན་སོགས་ལས་དགོན་པ་འཇིག་པ་དེ། སྤྱི་ལོ2001ལོར་ཡོངས་འཛིན་རིན་པོ་ཆེ་མཁས་གྲུབ་རྒྱ་མཚོའི་ཐུགས་བཀོད་ལྟར་ཨ་ལགས་རྐང་ཚ་རིན་པོ་ཆེའི་འགན་བཞེས་ཏེ་ད་ལྟའི་སྡོམ་མཚེར་དུ་གནས་སྤར་པ་རེད།
དགོན་གནས་ལྔ་པ་སྤར་ས་སྡོམ་མཚེར།
གསུམ་པ། ལོ་ངོ་བདུན་བརྒྱ་ཙམ་གྱི་རིང་ལ་རྔ་དགོན་གྱི་བླ་གྲྭ་དང་། རྟེན། ཆོས་ཐོག་གི་སྐོར།
གཅིག རྔ་དགོན་གྱི་བླ་གྲྭའི་སྐོར།
ཀ བླ་མ་དང་སྒར་ཁ།
རྔ་སྒར་དགོན་འདི་ནི་རྔ་ཁོག་ནས་བྱོན་པའི་བླ་མ་རྡོར་བཟང་གིས་བཏབ་པ་མ་ཟད། ཆོས་སྐྱོང་མགོན་པོ་གུར་བསྟེན་པས་དཔལ་སྐྱ་བ་ཞིག་ཡིན་པར་བཤད་པས་ཐོག་མའི་དུས་ཀྱི་གྲུབ་མཐའ་ནི་ས་སྐྱ་བ་དང་། བླ་མ་ཐོག་མ་ནི་རྔ་བ་ས་ཁུལ་ནས་ཕེབས་པའི་བླ་མ་རྡོར་བཟང་ཞེས་པ་ཡིན་པ་ཤེས་ཐུབ། དེའི་རྗེས་ནས་བཀའ་བརྒྱུད་པས་བཟུང་ནས་ནཱ་རོ་བུམ་པའི་རྟེན་བྱུང་བར་བརྗོད་ཀྱང་བླ་མ་འདི་ཡིན་གྱི་མཚན་བྱང་ཞིག་འབྲི་ཐབས་བྲལ། སྤྱི་ལོ་གཅིག་ལྔ་བརྒྱད་ཅུ་ལྷག་གི་ལོར་ལ་མོ་ཚོགས་གཉིས་རྒྱ་མཚོ་རྒྱལ་དབང་གསུམ་པའི་བཀས་ཧོ་ཤོས་ཉེར་བཞིའི་དབུ་བླར་ཕེབས་པར་མ་ཟད། རྔ་བ་དགོན་ནི་ཁོང་ལ་ཕུལ་ཞིང་སྐལ་ལྡན་གདུལ་བྱའི་ཚོགས་རྣམས་ཡང་དག་དགེ་བའི་ལམ་ལ་བཀོད་པའི་གྲགས་སྙན་གྱིས་གོང་མ་ཡུང་ལོ་རྒྱལ་པོ་ནས་ཁོང་ལ་རྔ་སྒར་སྐུ་སྐྱེས་དཀར་པོ་ཞེས་ལུང་ལས་ཀྱི་གཟེངས་བསྟོད་དང་གསེར་ཐམ་གནང་། དེ་ལྟར་ལ་མོ་སྐུ་ཕྲེང་རིམ་བྱོན་གཙོ་བོར་བྱས་ཏེ། ཏོག་དཔོན་སློབ་དང་མོག་དཔོན་སློབ། རྐང་ཚ་དཔོན་སློབ་སོགས་ལ་མོ་བདེ་ཆེན་དགོན་པའི་དཔོན་སློབ་རིམ་བྱུང་གིས་ལུགས་གཉིས་ཀྱི་རིམ་པར་བསྐྱངས་ལ། བར་སྐབས་དག་ཏུ། རྩང་རི་ཕུག་པ་ཆོས་རྗེ་དགེ་འདུན་རྒྱལ་མཚན་གྱིས་བྱང་ཆུབ་ལམ་རིམ་ཆེན་མོའི་ལུང་དང་བསླབ་བྱ་གནང་སྟེ་དགེ་འདུན་པ་མང་དུ་བསྐྱངས། རྗེ་སྨོན་ལམ་བཀྲ་ཤིས་ཀྱིས་གཞི་གསུམ་བཙུགས་ཤིང་བླ་མའི་གཟིམ་ཁང་བསྐྱར་བཞེངས་མཛད་པ་དང་ཆོ་ག་ཡོངས་རྫོགས་དག་ཐེར་བྱས་ཏེ་ཚུལ་ཁྲིམས་དམ་ཞིང་འདོན་རྟ་དབྱངས་སོགས་ཆོ་ག་ཕྱག་ལེན་ཚད་ལྡན་དུ་བསྒྱུར། ཤར་སྐལ་ལྡན་རྒྱ་མཚོའི་བླ་མ་དགེ་ཕྱུག་རབ་འབྱམས་པ་སངས་རྒྱས་རྒྱ་མཚོ་དང་ནོར་བཟང་རྒྱ་མཚོ། གཡེར་གཤོང་སྐུ་ཕྲེང་གཉིས་པ་སྔགས་རིམ་པ་འཇམ་དབྱངས་བློ་གྲོས་དང་སྐུ་ཕྲེང་གསུམ་པ་དགེ་འདུན་ཟླ་གྲགས་གཉིས་ཀྱིས་ཀྱང་གདན་ས་ཁུར་བསྐྱངས། རྔ་བ་ཆོས་རྗེ་སྨོན་ལམ་བཀྲ་ཤིས་ཀྱིས་ཟླ་རེའི་ཚེས་བཅོ་ལྔ་དང་གནམ་སྟོང་གཉིས་ལ་གསོ་སྦྱོང་དང་། དྲུག་པའི་བཅུ་དྲུག་ནས་བདུན་པའི་གནམ་སྟོང་དབྱར་ཁྲིམས་སྲུང་བ་སོགས་ཆོས་ཀྱི་གདན་ས་ལ་འོས་པའི་གཞི་གསུམ་གྱི་ཕྱག་ལེན་ངོས་གཙང་བ་བཙུགས། གཞན་ཡང་ཀུན་མཁྱེན་འཇིགས་མེད་དབང་བོ་དང་། ཞྭ་དམར་དགེ་འདུན་བསྟན་འཛིན། སྣང་རའི་དཔོན་པོའི་དབུ་བླ་སྐུ་གཞོགས་ཨ་རིག་ཚང་། རྐང་ཚའི་ཡོངས་འཛིན་ཨ་ལགས་གྲགས་པ་ཚང་སོགས་མང་དུ་བྱོན་པ་དགོན་ཤུལ་དང་པོ་མཆོད་རྟེན་ཐང་དུ་ཏོག་ཚང་གི་སྒར་ཁའི་ཤུལ་ཡིན་ཞེས་མཁར་ཆེན་ཞིག་རོ་ཞིག་ཡོད་ལ། སྒར་སྡེ་བ་རུ་སྔོན་དུས་རྔ་བ་དགོན་པའི་བླ་མ་རེ་འགའི་སྒར་ཁ་བཏབ་ཡོད་པས་མིང་ལ་སྒར་ཞེས་ཟེར་ཞིང་། ཕྱིས་སུ་འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སྒར་ཁ་དེ་དག་གི་ཤུལ་དུ་ལྷ་ཁང་རྟ་བརྒྱ་མ་དང་། དྲེལ་བརྒྱ་མ་བཞེངས་པར་གྲགས།
རྔ་དགོན་གྱི་དགོན་བདག་ལ་མོ་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་ཐང་ག
ཁ གྲྭ་བ་དང་གྲྭ་ཤག
རྔ་བ་དགོན་པ་མཆོད་རྟེན་ཐང་དང་སྒ་སྟག་ཏུ་ཡོད་པའི་སྐབས་སུ། གྲྭ་བ་ཤིན་ཏུ་མང་ཚོད་འདུག་པ་ནི། “གྲྭ་རྒན་རྣམས་ལ་དགོན་འདི་སྔོན་རྔ་ཁོག་ནས་བྱོན་པའི་བླ་མ་རྡོར་བཟང་བས་བཏབ་ཅིང་གྲྭ་བ་བཞི་བརྒྱ་འདུས་པར་གྲགས་པའི་དགོན་རྙིང་ཡིན་ཚུལ།” ཞེས་པ་ལས་གྲྭ་བ་བཞི་བརྒྱ་འདུས་པར་གྲགས་པ་དང་། གཅན་ཚ་རྫོང་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སུ་འཁོད་པ་ལྟར་ན། རྔ་བ་རྡོ་རྗེ་བཟང་བོ་(བླ་མ་རྡོར་བཟང་།)ནས་ཆགས་བཏབ་པའི་རྔ་སྒར་བྱང་ཆུབ་གླིང་འདི་ལ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་ལ་འབུལ། སྐབས་དེར་དགེ་འདུན་པའི་ཞལ་གྲངས་དྲུག་བརྒྱའི་མཚན་བྱང་ལ་མོའི་དེབ་ཡིག་ནས་མཐོང་ཞེས་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་ནས་དངོས་སུ་གསུངས་པར་བཤད། ཡིན་ནའང་ལ་མོའི་དེབ་ཡིག་དེ་ནི་ སྤྱི་ལོ 1958ལོར་མེད་པར་བཏང་ཟིན། དཔྱད་གཞི་འདི་དག་ལས་བླ་མ་རྡོར་བཟང་གི་སྐབས་སུ་དགེ་འདུན་པ་སུམ་བརྒྱ་ནས་བཞི་བརྒྱ་ཡོད་པ་དང་། ལ་མོ་ཚོགས་གཉིས་ཀྱི་སྐབས་སུ་དགེ་འདུན་པའི་ཞལ་གྲངས་དྲུག་བརྒྱ་ཡོད་པས་རིམ་བཞིན་འཕེལ་རྒྱས་སུ་སོང་བ་ཤེས་ཐུབ། ཕྱིས་སུ་“མོ་བདེ་ཆེན་དགོན་ནས་རྔ་བ་དགོན་དུ་གྲྭ་བ་ཉི་ཤུ་རྩ་བདུན་ཡོང་བ་དང་བན་ཕྲུག་ལྔ་ནི་སྣང་ར་ནས་བྱུང་བ་ཡིན།”་ ཞེས་པ་ལྟར་ན་གྲྭ་ཤག་བཅུ་དྲུག་དང་གྲྭ་བ་སུམ་ཅུ་སོ་གཉིས་བཞུགས་པ་སྐབས་དེའི་གནས་ཚུལ་དོན་དངོས་ད་ལྟ་དངོས་སུ་ཡོད་པའི་མིའི་གསུངས་པ་མ་ཟད། ཡུལ་འདིའི་དམངས་ཁྲོད་དུའང་དེ་ལྟར་གྲགས། སྤྱི་ལོ1980ལོར་ཆོས་སྒོ་ཕྱེས་ཏེ་ཨ་ག་དགེ་ལེགས་དང་དཔལ་བཟང་། སྔགས་པ་ཤེས་རབ། ནོར་གོ དགེ་འདུན་སྦྱིན་པ་སོགས་གྲྭ་བ་བརྒྱད་དང་གྲྭ་ཤག་བཞི་ཡོད། སྤྱི་ལོ2001ལོར་གནས་སྤོར་ལྔ་བ་སྡོམ་མཚེར་དུ་བྱས་རྗེས་ད་ལྟའི་བར་དུ་གྲྭ་བཙུན་ཞེ་བདུན་བཞུགས། དེ་ལྟར་དུས་སྐབས་མི་འདྲ་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་བསྟུན་ནས་བླ་གྲྭའི་མང་ཉུང་ཡང་འཕེལ་འགྲིབ་སྣ་ཚོགས་བྱུང་ཡོད།
གཉིས། རྔ་དགོན་གྱི་རྟེན་གྱི་སྐོར།
ཀ སངས་རྒྱས་སྟོང་སྐུ།
སངས་རྒྱས་སྟོང་སྐུ་ནི་ད་ལྟ་རྔ་བ་དགོན་པར་བཞུགས་པའི་རྟེན་གཙོ་གྲས་ཞིག་ཡིན་ཞིང་། དེ་ལ་ཚེ་དཔག་མེད་སྟོང་སྐུ་དང་། བསྐལ་བཟང་སྟོང་སྐུ་གཉིས་ཡོད་ཅིང་། དེ་ལས་རྡོ་སྐུ208ལྷག་ཚད་འཇལ་བྱས་པ་ལྟར་ན། རྡོ་སྐུ་གཅིག་གི་ལྗིད་ཚད་ལ་སྟོང་ཁེ6ཡས་མས་ཡོད་པ་དང་། ཞེང་ལ་ལི་སྨི20ཡས་མས་དང་། མཐོ་ཚད་ལ་ལི་སྨི30ཡས་མས་དང་། མཐུག་ཚད་ལ་ལི་སྨི5-7ཡས་མས་ཡོད། ཚོན་རྩི་ནི་གསེར་ཚོན་ཕུལ་ཡོད་པ་དང་མེད་པ་གཉིས་ཀ་སྣང་། སྐུའི་འོག་ཏུ་སངས་རྒྱས་རང་རང་གི་མཚན་བྱང་བཀོད་ཡོད་པ་དང་། གནས་བརྟན་བཅུ་དྲུག་གི་སྐུ་དང་རྔ་བ་དགོན་པ་འདེབས་པ་པོ་རྔ་བའི་བླ་མ་རྡོར་བཟང་གི་སྐུ་ཡང་འདུག སྟོང་སྐུ་བཞེངས་པའི་ཐད་ལ། ངག་རྒྱུན་དུ་བླ་མ་རྡོར་བཟང་གིས་རྔ་ཁོག་ནས་རྔ་མོང་ལ་བཀལ་ནས་ཡོང་བར་བཤད་མོད། འོན་ཀྱང་རྔ་བ་ཆོས་རྗེས་དངོས་སུ་བརྐོས་ཞེས་ལུགས་གཉིས་ཡོད་པ་ལས། རྡོར་བཟང་རང་གི་སྐུ་ཡོད་པ་དང་ཆེད་རིམ་པས་བརྟག་འབྲས་ལྟར་ན་ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་བཤད། ཚེ་དཔག་མེད་ཀྱི་སྟོང་སྐུ་ནི2006ལོར་དགོན་པའི་འདབས་སུ་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས་པའི་གཟུངས་གཞུག་ཏུ་ཕུལ་ཡོད་པ་རེད།
བསྐལ་བཟང་སྟོང་སྐུ་བཤམས་པའི་ཟུར་གཅིག
ཚོན་སྐུ་བྱུགས་པའི་སྐུ།
ཚོན་སྐུ་བྱུག་མེད་པའི་སྐུ།
ཚེ་དཔག་མེད་ཀྱི་སྟོང་སྐུ་གཟུངས་གཞུག་ཏུ་ཕུལ་བའི་བདེ་གཤེགས་མཆོད་རྟེན་བརྒྱད་པ།
ཁ ནཱ་རོ་བུམ་པ།
ནཱ་རོའི་བུམ་པ་ནི་གྲུབ་ཆེན་ནཱ་རོ་བའི་བདེ་མཆོག་གི་བུམ་ཆུ་ལོ་རེ་བཞིན་ཟླ་བཞི་བའི་ནང་རྔ་བ་དང་། མགུར། བདེ་ཆེན་ཏེ་རྔ་མགུར་ཁ་གསུམ་གྱི་གྲྭ་བ་ཕེབས་ནས་ཉིན་ཞག་བདུན་གྱི་རིང་བདེ་མཆོག་བསྒྲུབས་ཏེ་བུམ་པའི་ཁར་ཐེའུ་བརྒྱབ་ནས་ལོ་རྗེས་མའི་བཞི་བའི་ནང་དུ་བལྟས་ཏེ་བུམ་ཆུའི་འཕེལ་འགྲིབ་ལ་ལྟ་བ་དང་། མཚམས་རེར་བཤལ་ཆུ་ལ་རིལ་བུ་ཕབ་པའི་ངག་རྒྱུན་འདུག
ག ཀྱེ་རྡོར་པདྨ་བུམ་སྐུ།
ཀྱེ་རྡོ་རྗེ་པདྨའི་བུམ་སྐུ་ཞེས་པ་ནི་ཀྱེ་རྡོར་གྱི་སྐུ་ཁ་འབྱེད་འཛུམ་ཡོད་པ་ཞིག་སྟེ། ཟུམ་པའི་གནས་སྐབས་སུ་བུམ་སྐུའི་དབྱིབས་ལྟ་བུར་ཡོད་པ་ལ། ལྟེ་བའི་འཁོར་རྙི་བསྐོར་བ་ཙམ་གྱི་པདྨ་འདབ་བརྒྱད་ཀྱི་དབྱིབས་སུ་འབྱེད་པ། འདབ་མ་རེའི་སྟེང་དུ་སངས་རྒྱས་རེ་བཞུགས་པར་གྲགས་པ་རྒན་པོ་རྣམས་ཀྱིས་བཤད།
ང རྗེའི་དབུ་ཞྭ་དང་རྔ་བའི་མགོན་རྒན།
རྗེ་དབུ་ཞྭ་ནི་རྗེ་བློ་བཟང་གྲགས་པའི་དབུ་ཞྭར་གྲགས་པ་ཕྱིང་བས་བཟོས་པ་ཞིག་ཡིན། དེ་ནི་རྔ་བ་དགོན་པ་སྤོར་ཐེངས་གསུམ་པ་རྡོ་ཆས་རྟིང་ང་རུ་སྤྱི་ལོ1958ལོའི་ཟླ3པའི་བསྒྱུར་བཀོད་ཀྱི་ནང་དུ་དད་ལྡན་པ་ཞིག་གིས་སྦས་པ་རྗེས་སོར་མ་རྙེད། རྔ་བའི་མགོན་རྒན་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཁྲོ་བའི་གར་གྱིས་འགྱིང་བ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལི་སྐུ་ཡིན་ཞིང་། རྗེ་ཚོགས་གཉིས་རྒྱ་མཚོས་བྱེ་མ་ལ་བདུན་ནས་རྙེད་པར་བཤད། སྐུ་ཧ་ཅང་བཙན་ཞིང་ཐུགས་ཤིན་ཏུ་མྱུར་བས་རྔ་བའི་མགོན་རྒན་ལྷ་གསོན་པོ་དང་ཐུགས་དྲོན་མོ་ཡིན་ཞེས་ཡུལ་ཕྱོགས་འདིའི་སེར་སྐྱ་མང་ཚོགས་ཚོའི་སྐྱིད་སྡུག་ལེགས་ཉེས་ཀུན་གྱི་ཞུ་ས་དང་། བཙན་པོའི་གཉའ་ནས་གནོན་པའི་ཐོ་བ། ཉམ་ཆུང་མཐའ་ནས་སྐྱོར་བའི་ཕ་མ། དཀར་ནག་བདེན་འཛིན་འབྱེད་པའི་དཔང་བོ་རུ་འཛིན་པར་གྲགས།
གསུམ། རྔ་དགོན་གྱི་ཆོས་ཐོག་གི་སྐོར།
ཀ འཇིགས་བྱེད།
འཇིགས་བྱེད་ཆོས་ཐོག་ནི་ལུགས་རྙིང་གི་རྒྱ་ལོའམ་ཟླ་བ་དང་པོའི་ནང་དུ་འཚོགས་ཤིང་། ཆོས་ཐོག་གི་འགྲོ་སོང་གཉེར་རས་གཏོང་དགོས་ཀྱིན་ཡོད། ཚོགས་ཡུན་ནི་ཉིན་བདུན་ཡིན། དེའི་དགོས་པའམ་ཕན་ཡོན་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདུད་བཏུལ་བའི་ཚེ་ན་བདུད་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ངང་ནས་སྐུ་གསུང་ཐུགས་ལས་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་རྣམས་སྤྲོས་ནས་བདུད་རིགས་རྣམས་ཚར་བཅད་ཅིང་རྒྱུད་བསྟན་པ་ལྟར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དང་ཡང་ན་ཆོས་སྒྲུབ་པ་ལ་བར་ཆད་མང་དུ་བྱུང་བ་དེ་སེལ་བའི་གཉན་པོ་ལ་སོགས་པའི་ཆེད་དུ་ཡིན།
ཁ བདེ་མཆོག
བདེ་མཆོག་ཆོས་ཐོག་ནི་ལུགས་རྙིང་གི་ཟླ་གསུམ་པའི་ནང་དུ་འཚོགས་ཤིང་། ཆོས་ཐོག་གི་འགྲོ་སོང་གཉེར་རས་གཏོང་དགོས་ཀྱིན་ཡོད། ཚོགས་ཡུན་ནི་ཉིན་བདུན་ཡིན། དེའི་དགོས་པའམ་ཕན་ཡོན་ནི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བརྙེས་པར་བྱེད་པའི་ལམ་དང་། འབྲས་བུའི་རིམ་པ་སྟོན་པའི་བླ་མེད་མ་རྒྱུད་ཀྱི་རྒྱུད་གཞུང་དང་། དེའི་ཡི་དམ་ཞིག་ཡིན་པ་བསྟན་པ་ལྟར་ཐར་བའི་ལམ་དུ་ཞུགས་པར་རྐྱེན་ངན་བར་ཆད་བཟློག་པའི་ཆེད་དུ་ཡིན།
ག ཀླུ་མ་དྲོས།
ཀླུ་མ་དྲོས་པའི་ཆོས་ཐོག་ནི་ལུགས་རྙིང་གི་ཟླ་བཞི་པའི་ནང་དུ་འཚོགས་ཤིང་། ཆོས་ཐོག་གི་འགྲོ་སོང་ངམ་འགྱེད་ནི་སྣང་རའི་ལུང་བས་གཏོང་བ་རེད། ཚོགས་ཡུན་ནི་ཉིན་ལྔ་ཡིན། དེའི་དགོས་པའམ་ཕན་ཡོན་ནི་སའི་བཅུད་དང་རྩི་ལྗོན་རིན་པོ་ཆེ་ལ་སོགས་པའི་དངོས་པོ་ཕུན་སུམ་ཚོགས་པ་རྣམས་འབྱུང་བ་ཆུའི་གསོས་ལ་རག་ལས་ཤིང་། དེ་བས་རྒྱ་མཚོ་དང་། ཆུ་མིག་ཀླུང་བཅས་པ་ལ་ཀླུ་རྣམས་ཀྱིས་དབང་བསྒྱུར་ཅིང་། དེ་ལ་གསོལ་བ་བཏབ་ན་གང་འདོད་པའི་དངོས་གྲུབ་སྦྱིན་པ་དང་། ཀླུའི་གནོད་པ་ཞི་བ། ལོག་ལྟ་ལ་སོགས་པའི་སྡིག་པ་བྱང་བར་འགྱུར་བ་སོགས་ལ་བསམ་ནས་ཡུལ་ལུང་འདིར་ཆར་ཆུ་དུས་སུ་བབ་ནས་ལོ་ལེགས་བྱུང་ཞིང་། དྲག་ཆར་གྱི་གནོད་པ་མི་ཡོང་བའི་ཆེད་དུ་ཡིན།
ང ཀུན་རིག
ཀུན་རིག་གི་ཆོས་ཐོག་ནི་ལུགས་རྙིང་གི་ཟླ་དྲུག་པའི་ནང་དུ་ཚོགས་ཤིང་། ཆོས་ཐོག་གི་འགྲོ་སོང་གཉེར་རས་གཏོང་དགོས་ཀྱིན་ཡོད། ཚོགས་ཡུན་ནི་ཉིན་བདུན་ཡིན། དེའི་དགོས་པའམ་ཕན་ཡོན་ནི་ཀུན་རིག་གི་ལྷ་ཚོགས་འདིའི་ལྷ་དང་སྔགས་མཐོང་པ་དང་ཐོས་པ་ཙམ་གྱིས་ཀྱང་ལས་དང་སྐལ་བ་དད་པ་སོགས་ལྡན་པ་རྣམས་ལ་ངན་སོང་གི་གཡང་ས་ལས་ཐར་པའི་གོ་འཕང་སྟེར་བ་ལྟར་ཐར་བའི་ལམ་དུ་ཞུགས་པར་རྐྱེན་ངན་བར་ཆད་བཟློག་པའི་ཆེད་དུ་ཡིན།
ཅ རྣམ་སྣང་མངོན་བྱང་།
རྣམ་སྣང་མངོན་བྱང་གི་ཆོས་ཐོག་ནི་ལུགས་རྙིང་གི་ཟླ་བདུན་པའི་ནང་དུ་འཚོགས་ཤིང་། ཆོས་ཐོག་གི་འགྲོ་སོང་གཉེར་རས་གཏོང་དགོས་ཀྱིན་ཡོད། ཚོགས་ཡུན་ནི་ཉིན་བདུན་ཡིན། དེའི་དགོས་པའམ་ཕན་ཡོན་ནི་དམ་ཚིག་དང་སྡོམ་པ་དག་པར་བྱ་ཚུལ་བྱ་རྒྱུད་དང་འདྲ་བས་ལུས་ཀྱི་མི་དགེ་བ་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་བཅས་མི་དགེ་བ་བཅུ་སྤངས་པས་དགེ་བ་བཅུ་ལ་གནས་པ་དང་། དམ་པའི་ཆོས་གཏོང་བ། བྱང་ཆུབ་ཀྱི་སེམས་སྤངས་པ། ཆོས་ནོར་ལ་སེར་སྣ་བྱེད་པ། འགྲོ་བ་ལ་གནོད་པ་བྱེད་པ་ནི་རྩ་བ་བཞི་སྟེ་བསྡོམས་པས་སྤང་བྱའི་དམ་ཚིག་བཅུ་བཞི་དེ་སྲུང་བའི་དྲན་སྐུལ་གྱི་ཆེད་དུ་ཡིན། །
(གསལ་འདེབས། རྩོམ་འདིའི་པར་དབང་རྩོམ་པ་པོ་རང་ཉིད་ལ་དབང་བས་བརྒྱུད་འགོད་བྱེད་དུས་ཡོང་ཁུངས་དང་རྩོམ་པ་པོའི་མིང་གསལ་བོར་བྲི་རོགས། )