ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ད་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་ལོ་ཡིན་ལ། ལོ་ངོ60ཡི་རིང་གངས་ལྗོངས་ས་མཐོར་འཕོ་འགྱུར་ཆེན་པོ་བྱུང་སྟེ་མང་ཚོགས་ཀྱི་འཚོ་བ་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དག་གི་སྒེར་སེམས་མེད་པའི་རོགས་སྐྱོར་འོག ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འབུངས་ལྷུར་ལེན་དང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཐོག་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་རེད།
2018ལོར། ལྷ་ས་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར540.78ལེགས་འགྲུབ་བྱུང་ཡོད་པ་དང་དེ་ནི1959ལོའི་ལྡབ1318རེད།
ཞིང་འབྲོག་ལས་ཀྱི་དཔལ་འབྱོར་རིམ་བཞིན་སྟོབས་ཇེ་ཆེར་ཕྱིན་པ།
ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གནང་པ་དང་།ས་གཙང་བདེ་ཐང་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་པ།རང་བྱུང་འཐུང་ཆུ་དང་འོ་མའི་ཐོན་ལས། ཕག་པ་སོགས་ཐོན་ལས་ཆེ་གྲས་དགུ་རིམ་བཞིན་སྟོབས་ཇེ་ཆེར་ཕྱིན་པ་དང་།བཏུང་ཆུ་དང་བཟའ་བཅའ།སྨན་རྫས།རྒྱན་ཆ་སོགས་ཐོན་རྫས་རིགས་བཞི་སྔར་ལས་འབུར་དུ་ཐོན་པ།“ལྷ་སའི་ས་གཙང”ས་ཁོངས་ཀྱི་སྤྱི་སྤྱོད་མིང་རྟགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་པ།འབྲུ་རིགས་ཐོན་སྐྱེད་རྒྱུན་ཆད་མེད་པར་རིམ་པ་གསར་པར་སླེབས་པ། ཞིང་འབྲོག་ཐོན་རྫས་ཀྱི་མཁོ་སྤྲོད་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ།ཞིང་འབྲོག་ལས་གཉེར་སྐྱོང་གནང་མཁན་སྔར་བས་སྟོབས་ཇེ་ཆེར་ཕྱིན་པ།ཞིང་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་བ།གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི1959ལོའི་སྒོར57ནས་2018ལོའི་སྒོར14369བར་མང་དུ་ཕྱིན་ནས་ལྡབ་252འཕར་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་བཞོན་མ་གསོ་སྤེལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་བཞོན་མ།
སྡོམ་རྩིས་བྱས་པར་གཞིགས་ན།ཞིང་འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ནི1959ལོའི་སྒོར་དུང་ཕྱུར0.65ནས་2018ལོའི་སྒོར་དུང་ཕྱུར32.8ལ་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས5.1%འཕར་ཡོད་པ་དང་། 2018ལོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི17ཡན་ཟིན་པ་དེ་ནི1959ལོ་ལས་ལྡབ6.23འཕར་ཡོད་པ།སྔོ་ཚལ་དང་འོ་མའི་ཐོན་ཚད་ནི་སོ་སོརཏུན་ཁྲི31.2དང་ཏུན་ཁྲི11ཟིན་ཡོད་པ། གྲོང་ཁྱེར་ཡོངས་སུ་ཞིང་འབྲོག་པའི་མཉམ་ལས་ཁང908ཡོད་པའི་ཁྲོད་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང9ཡོད་པ་དང་། ཞིང་འབྲོག་མང་ཚོགས་མཉམ་ལས་ཁང་དུ་ཞུགས་ཚད24.86%ལ་སླེབས་ཡོད་པ། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་ཁེ་ལས91ཡོད་པ་དེའི་ནང་སྣེ་འདྲེན་ཁེ་ལས35ཡོད་ཅིང་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད54.5%ལ་སླེབས་ཡོད་པ་རེད།
བཟོ་ལས་དཔལ་འབྱོར་མེད་པ་ནས་ཡོད་པར་གྱུར་པ།
བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་གློག་ཤུགས་བཟོ་ལས་དང་འཕྲུལ་ཆས་ལས་སྣོན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་།རྔ་ཆེན་གློག་འདོན་བཟོ་གྲྭ་དང་ལྷ་སའི་འཕྲུལ་ཆས་གསོ་སྒྲིག་བཟོ་གྲྭ ཞིང་འཕྲུལ་ཡོ་ཆས་དང་ཀོ་ཆས་བཟོ་གྲྭ་སོགས་བཟོ་ལས་ཁེ་ལས་སྔ་རྗེས་སུ་འཛུགས་བསྐྲུན་ལེགས་འགྲུབ་བྱུང་ཡོད་པ་དང་།དེང་རབས་བཟོ་ལས་རིམ་བཞིན་སྐྱེད་སྲིང་དང་སྟོབས་ཆེར་ཕྱིན་ཡོད་ཅིང་།མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བའི་བར་རིམ་བཞིན་དགེ་མཚན་ལྡན་པའི་བོད་ལུགས་གསོ་རིག་དང་བཟོ་སྐྲུན་རྒྱུ་ཆའི་ལས་རིགས། ནུས་རྒྱུ་གསར་པ་བཅས་གཙོ་བོར་བྱས་པའི་ལྷ་སའི་ཁྱད་ཆོས་ལྡན་པའི་ལྷད་མེད་ཐོན་ལས་གསར་པ་ཐོག་མར་ཆགས་ཡོད་ཅིང་།ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་སྟག་རྩེའི་བཟོ་ལས་གླིང་།ཆུ་ཤུར་བཟོ་ལས་གླིང་།སྟོད་ལུང་བདེ་ཆེན་བཟོ་ལས་གླིང་སོགས་བཟོ་ལས་དཔལ་འབྱོར་གཞི་རྟེན་རིམ་བཞིན་འཕེལ་རྒྱས་བྱུང་ཡོད་པ། ཧྭ་ཐའེ་ལུང་དང་ཅུས་ལུང་།འཁྱགས་རོམ་5100གཏེར་ཆུ་སོགས་བཟོ་ལས་ཁེ་ལས་ཁག་ཅིག་ནི་འཕེལ་རྒྱས་སྟོབས་ཆེར་ཕྱིན་ཡོད་པ་རེད།
ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གཞི་སྡོད་གནང་མཁན་ས་མཐོའི་དབྱང་རླུང་བཟོ་བྱེད་འཕྲུལ་འཁོར་ཁེ་ལས་ཀྱི་ལས་བཟོ་པས་ཐོན་སྐྱེད་སྒྲུབ་རིམ་དུ་ཐོན་རྫས་སྒྲིག་སྦྱོར་གནང་བཞིན་པ།
2018ལོར་ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་ཁེ་ལས422ལ་སླེབས་ཡོད་པ་དང་།གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས77ལ་འཕེལ་ཡོད་པ།བཟོ་ལས་ཀྱི་འཕར་ཚད་སྒོར་དུང་ཕྱུར61.96ལ་སླེབས་ཡོད་པ་དང་དེ་ནི1959ལོ་ལས་ལྡབ6195འཕར་ཡོད་ཅིང་། ལོ་རེར་ཆ་སྙོམས14.4%འཕར་ཡོད་པ་རེད།
སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་པ།
དུས་ཡུན་རིང་པོའི་ནང་། ལྷ་ས་གྲོང་ཁྱེར་གྱིས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་ལ“སྔོན་ལ་ལྷོད་ཡངས་དང་རྗེས་སུ་ཚད་ལྡན་དུ་གཏོང་པ།བཀག་སྡོམ་མིན་པ་སྟེ་གནད་ལ་འཁེལ་བ”བཅས་ཀྱི་རྩ་དོན་ལག་ལེན་བསྟར་ནས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་འགྱུར་བ་སྤུ་ཙམ་མེད་པའི་སྒོ་ནས་སྐུལ་ལྕག་དང་རྒྱབ་སྐྱོར།ཁྲིད་སྟོན་བཅས་བྱས་ཏེ་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་སྲིད་ཇུས་ཁོར་ཡུག་དང་འགྲན་རྩོད་ཁོར་ཡུག ཁྲིམས་འཛིན་ཁོར་ཡུག་བཅས་སྔར་བས་ཇེ་ལེགས་སུ་བཏང་ནས་དམངས་ཁྲོད་མ་འཇོག་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་སྟོབས་ཇེ་ཆེར་བཏང་ཡོད་པ་རེད།
1980ལོར། ལྷ་སའི་མི་སྒེར་བཟོ་ཚོང་ལས་རིགས་སླར་གསོ་བྱུང་པ་དང1984ལོར་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་བཙུགས་པ་རེད། སྡོམ་རྩིས་བྱས་པར་གཞིགས་ན།ལོ་དེར་ཐོ་འགོད་བྱས་པའི་མི་སྒེར་བཟོ་ཚོང་ཁྱིམ་ཚང3703ཡོད་པ་དང་ལས་གཉེར་མི་གྲངས4150ཡོད། 1989ལོར་སྒེར་གཉེར་ཁེ་ལས་དེ་རྣམ་པ་གསར་པ་ཞིག་གི་ངོས་ནས་ཐོན་པ་དང་།ལོ་དེར་སྒེར་གཉེར་ཁེ་ལས4ཐོ་འགོད་བྱས་ཡོད་ཅིང་ལས་གཉེར་མི་གྲངས77ཡོད་པ།ཐོ་འགོད་མ་དངུལ་སྒོར་ཁྲི150རེད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་བཙུགས་པ་དང་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ་དང་བསྟུན་རྒྱལ་གཉེར་ཚོང་ལས་ཀྱིས་སྡེབ་ཚོང་གི་རིམ་པ་དང་དངོས་ཟོག་མཁོ་འདོན་གྱི་ཚོད་འཛིན་རིམ་བཞིན་མེད་པ་བཟོས་པ་དང་།ཚོང་ལས་འཁོར་རྒྱུག་གི་སྒྲིག་སྲོལ་དང་གཉེར་སྐྱོང་བྱེད་སྟངས་ལ་རིམ་བཞིན་འགྱུར་ལྡོག་བྱུང་ནས་ལྷ་ས་གྲོང་ཁྱེར་དུ་རིམ་པ་མང་བ་དང་སྣ་ཁ་མང་བའི་ཚོང་ཟོག་ཁྲོམ་རའི་མ་ལག་དང་། དཔལ་འབྱོར་གྲུབ་ཆ་སྣ་མང་།ཁྲོམ་རའི་འཁོར་རྒྱུག་ཐབས་ལམ་སྣ་མང་།གཉེར་སྐྱོང་བྱེད་སྟངས་སྣ་མང་མཉམ་གནས་ཀྱི་ཚོང་ཟོག་ཁྲོམ་རའི་རྣམ་པ་ཞིག་ཆགས་ནས་འཛད་སྤྱོད་ཀྱིས་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་ནུས་རིམ་བཞིན་མངོན་གསལ་དུ་གྱུར་ཡོད་པ་རེད།
2018ལོར་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་གནང་ཚད་སྡོམ་འབོར་སྒོར་དུང་ཕྱུར་295.36ལ་སླེབས་པ་དང་དེ་ནི1960ལོ་ལས་ལྡབ2310འཕར་ཞིང་།ལོ་རེར་ཆ་སྙོམས14.3%འཕར་ནས་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་སྣོན་ལ་ནུས་པ་ཐོན་ཚད36%ལ་སླེབས་ཡོད་པ་རེད།