འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་བོད་ཀྱི་འགྲེམ་སྟོན་ཁང་དུ་གངས་ལྗོངས་ཀྱི་ཉམས་འགྱུར་ཕྱིར་མངོན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-15



           ལྕགས་རི་རིང་པོའི་འདབས་དང་། ཀུའེ་ཆུ་འགྲམ་ངོགས་ཀྱི་པེ་ཅིང་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུ་དེ་ཉེ་ལམ་ཚ་ཚ་འུར་འུར་གྱི་གྲོང་འདབས་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར་འདུག “ཡིད་འོང་དར་ཟབ”ཀྲུང་གོའི་འགྲེམ་སྟོན་ཁང་དང་“གཞན་ཡུལ་མེ་ཏོག་མཚོ་མོ”རྒྱལ་སྤྱིའི་འགྲེམ་སྟོན་ཁང་།  “ངོ་མཚར་རྩི་ཤིང་མེ་ཏོག”རྩི་ཤིང་གླིང་ག་བཅས་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་གཙོ་འཁྲབ་པ་འདི་དག་དང་བསྡུར་ན། ཞིང་ཆེན་དང་ཁུལ་ཁ་ཤས་ཀྱི་འགྲེམ་སྟོན་ཁང་ལ་ཡང་ཡུལ་སྐོར་བའི་བརྩི་མཐོང་བླ་ལྷག་ཏུ་འཐོབ་འདུག དེ་ལས་དར་ཚོན་སྣ་ལྔ་དང་ཐོན་པའི་སྡོད་ཁྱིམ་། སྐལ་བཟང་མེ་ཏོག་གི་ཞིང་ཁ། མ་ཎི་རྡོ་འབུམ་སོགས་མདོ་དབུས་མཐོ་སྒང་གི་ཁྱད་ཆོས་འདྲེས་མར་ཚང་བའི་བོད་ཀྱི་འགྲེམ་སྟོན་ཁང་ལ་ཡུལ་སྐོར་བ་དག་གིས་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་འཛུགས་སྐྲུན་མཛེས་མཆོག་ཅེས་འབོད།
2019ལོའི་པེ་ཅིང་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་བོད་ཀྱི་འགྲེམ་སྟོན་ཁང་གི་སྒོ་ཆེན།
           བོད་ཀྱི་འགྲེམ་སྟོན་ཁང་ལ་ཕྱིན་པ་ན། ཐོག་མར་གྲུ་བཞི་དབྱིབས་ཀྱི་བོད་ཀྱི་འཛུགས་སྐྲུན་ཞིག་མིག་ལམ་དུ་མངོན་ཡོང་། དཀར་ལ་མཐུག་པའི་རྩིག་ལྡེབས་དང་སྤམ་ལ་འདྲ་ཆགས་པའི་ཤམ་བུའི་དཀར་དམར་ཁ་སྤྲོད་ཀྱི་ཚོན་སྡེབ་ཀྱིས་འཛུགས་སྐྲུན་ཡོངས་གྲ་རྒྱས་ཤིང་བརྗིད་ཆགས་པར་བཏང་འདུག འཛུགས་སྐྲུན་དེ་ནི་བོད་ཡིག་གསར་བཟོ་བ་ཐོན་མི་སམ་བྷོ་ཊའི་སྐུ་མཁར་ལ་དཔེ་བྱས་ཤིང་། དབུས་གཙང་ས་ཁུལ་གྱི་སྡོད་དམངས་ཀྱི་ཁང་ཁྱིམ་དཔེ་མཚོན་ཅན་ཡིན། དེང་རབས་བཟོ་རྩལ་དང་སྲོལ་རྒྱུན་བཟོ་རྩལ་ཟུང་འབྲེལ་གྱི་ཐབས་ཤེས་སྤྱད་པར་མ་ཟད། ཨར་ག་དང་སྤེན་ཏོག་སོགས་སྲོལ་རྒྱུན་རྒྱུ་ཆ་ཡང་བཀོལ་ཡོད།
བོད་ཀྱི་འགྲེམ་སྟོན་ཁང་གི་འཛུགས་སྐྲུན་གཙོ་བོ་སྟེ་ཐོན་པའི་ཁང་ཁྱིམ།
           འཛུགས་སྐྲུན་འདིའི་མདུན་དུ་ད་དུང་གངས་རི་དང་ཆུ་ཕྲན། ནོར་དཀར་པོ། མ་ཎི་རྡོ་འབུམ། དར་ཚོན་སྣ་ལྔ། བཀྲ་ཤིས་ཡིག་རིས་སོགས་གངས་ལྗོངས་ཀྱི་ཁྱད་ཆོས་མང་པོ་ཕྱིར་བཀྲམས་ཡོད་པས། ཡུལ་སྐོར་བས་འཚང་ཁ་ཤིག་ཤིག་གིས་པར་བླངས་ཏེ་དྲན་རྟེན་བྱེད།
མ་ཎི་རྡོ་འབུམ་དང་དར་ཚོན་སྣ་ལྔ།
           ཧའོ་པེ་ལང་ཧྥང་ནས་ཡོང་བའི་སྐུ་ཞབས་རུས་ཀྲང་ཅན་ཡུལ་སྐོར་བྱེད་པར་ཤིན་ཏུ་དགའ་བས། ལོ་འགའི་སྔོན་དུ་གྲོགས་པོ་ཁ་ཤས་དང་མཉམ་དུ་བོད་ལ་ཕེབས་མྱོང་འདུག ཁོས་མྱོང་སྣང་ཟབ་མོས“དེ་རིང་ས་ཆ་དེ་ལ་བསྐྱར་དུ་བསྐོར་བ་ལྟ་བུ་བྱུང་བས་ངའི་དྲན་པ་སླར་ཡང་སྒུལ་བྱུང་། ངས་བོད་ཡུལ་དྲན་བཞིན་པ་ཚོར་འོངས། ད་ལོའི་དབྱར་ཁར་ད་དུང་ངེས་པར་དུ་འགྲོ་དགོས”ཞེས་བཤད་བྱུང་། ཁོའི་སྐད་ཆ་ལ་འགྲོ་རོགས་ཡུལ་སྐོར་བ་རྣམས་ཀྱི་མོས་མཐུན་ཐོབ་པ་དང་། མི་འགའ་ཤས་ཀྱིས་སྤྲོ་སྣང་ཧ་ཅང་ཆེ་བའི་ངང་ལྟ་སྐོར་དུ་འགྲོ་ཞོར་ཁ་པར་ཕྱིར་བླངས་ཏེ་པར་རྒྱག་པ་དང་གནས་སྟོན་ཁྲམ་བྱང་གི་རྩ་གཉིས་བཤེར་རིས་བཤེར་བ་དང་། འབྲེལ་ཡོད་ཡུལ་ལྗོངས་ཀྱི་མཚམས་སྦྱོར་ལ་ཉན་པར་བྱེད།
འཛུགས་སྐྲུན་གཙོ་བོའི་སྒོའི་ནང་འགྲམ་དུ་《སོག་པོ་སྟག་ཁྲིད》ཀྱི་རི་མོ་བྲིས་འདུག
           རིས་བཤེར་སྐད་ཆའི་ཀློག་འདོན་ནི་ཐེངས་འདིའི་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་ཁྱད་ཆོས་ཆེན་པོ་ཞིག་སྟེ། དངོས་འབྲེལ་དྲ་རྒྱ་དང་G5 དེ་མིན་གཞི་གྲངས་ཆེན་པོ། མིས་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་ནང་འདྲེན་བྱས་པ་བརྒྱུད་ནས། འཛམ་གླིང་ལྡུམ་རའི་ལག་རྩལ་གྱི་དངོས་མང་འགྲེམ་སྟོན་ཚོགས་འདུ་དེ་སྲོལ་རྒྱུན་ལྡུམ་རའི་ལག་རྩལ་འགྲེམ་སྟོན་ནས་མི་དང་རང་བྱུང་། ཚན་རྩལ། རིག་གནས་བཅས་མཐུན་སྦྱོར་ཡོང་བའི་ལྡུམ་རའི་ལག་རྩལ་གྱི་རྒྱས་འཛོམས་ཤིག་ཏུ་འགྱུར་བར་བྱས་ཏེ་ཚན་རྩལ་དང་སྔོ་ལྗང་མཉམ་སྤྱོད་ཐུབ་པར་བྱེད།
སྡོད་ཁྱིམ་གྱི་ནང་དུ་བོད་ཀྱི་ཅ་ལག་དང་བོད་ཀྱི་གོ་རེ་བཤམས་འདུག
           འཛུགས་སྐྲུན་གཙོ་བོའི་ནང་དུ་སླེབས་པ་ན། ཚོམས་ཁང་དང་ཁྱིམ་ནང་གི་ཕྱོགས་བཞིའི་གྱང་ངོས་སུ་བཀྲ་ཤིས་རི་མོ་བྲིས་པའམ་ཡང་ན་གོས་ཐང་ཆེན་པོ་བཀལ་འདུག སོག་པོ་སྟག་ཁྲིད་དང་ནོར་ལྷ་གླང་ཁྲིད། ཚེ་རིང་རྣམ་དྲུག བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་ཐང་གི་རྒྱ་བཟའ་ཀོང་ཇོ་གཉེན་སློང་བ། ཐོན་མི་སམ་བྷོ་ཊ་རྒྱ་གར་ནས་ཕྱིར་ཕེབས་རྗེས་བོད་ཡིག་གསར་བཟོ་མཛད་པ། གོས་སྐུ་བཤམས་པ། ལྷ་མོའི་ཟློས་གར་འཁྲབ་པ། ཞོ་སྟོན་ལ་རོལ་བ་སོགས་ཀྱི་ནང་དོན་ཡོད་པས་ལྟད་མོ་ཧ་ཅང་ཆེ།
འཛུགས་སྐྲུན་གཙོ་བོའི་ནང་དུ་ལྷ་སའི་ཞོ་སྟོན་གྱི་རྣམ་པ་མཚོན་པའི་གོས་ཐང་བཀལ་འདུག
           འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་བོད་ཀྱི་འགྲེམ་སྟོན་ཁང་གི་འཛུགས་སྐྲུན་གཙོ་བོའི་ནང་དུ་བོད་ཀྱི་ཁྱིམ་ཆས་དང་། སྲོལ་རྒྱུན་ཅ་ལག བོད་ཀྱི་སྲོལ་རྒྱུན་གོ་རེ་སོགས་བཤམས་ཡོད་པས། སྲོལ་རྒྱུན་དང་མི་རིགས་ཀྱི་ཁྱད་ཆོས་བཅས་ལ་བལྟ་བ་ལས་གཞན། འདས་སོང་གི་ལོ་རྒྱུས་དང་ད་ལྟའི་འཕེལ་རྒྱས་ལ་ཡང་བལྟ་ཆོག ཡུལ་སྐོར་བས་འདི་ནས་ངོ་མ་མཐོང་ཐུབ་ལ། ནས་འདེབས་པའི་བྱུང་བར་རྒྱུས་ལོན་བྱ་བ་དང་བོད་ཡུལ་ཁོ་ནར་ཡོད་པའི་རྩི་ཤིང་གི་མ་དཔེ་ཡང་འཚོལ་ཐུབ། གོ་ཐོས་ལྟར་ན་འཛུགས་སྐྲུན་གྱི་མཐའ་བསྐོར་བའི་སྐལ་བཟང་མེ་ཏོག་ཞིང་ཁའི་མེ་ཏོག་གི་ས་བོན་ཐམས་ཅད་ནི་བོད་ཁུལ་གྱི་རི་ཁ་སོགས་ནས་བཏུས་ཏེ་ཉར་བ་ཡིན་པས། སྐལ་བཟང་མེ་ཏོག་གི་ཁྲག་རྒྱུན་ངོ་མ་གསོག་འཇོག་ཐུབ་ཡོད། གཞན་ཡང་མཐོ་སྒང་གི་མི་རྣམས་དགའ་བའི་དཀྲུགས་ཇ་དང་ཇ་མངར་མོ། ཕྱུར་བ་སོགས་ཁ་ཟས་དང་བཏུང་བའང་ཚན་རྩལ་ལས་སྣོན་གྱི་ཐབས་ལམ་བརྒྱུད་ནས། གསར་ཞིང་སྔོ་ལྗང་བ་དང་བདེ་ཐང་ངང་ཡུལ་སྐོར་བའི་མདུན་དུ་བཀྲམས་ཡོད་པས་ཡུལ་སྐོར་བ་མི་ཉུང་བའི་དོ་སྣང་འཐོབ།
           གླེང་རིན་ཡོད་པ་ཞིག་ལ་ཟླ་8པའི་ཚེས་15དང་16ཉིན་ནི་བོད་རང་སྐྱོང་ལྗོངས་ཀྱི་པེ་ཅིང་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་“ཞིང་ལྗོངས་གྲོང་ཁྱེར་གྱི་ཉིན་མོ”ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་བོད་ཡུལ་རང་གི་རིག་རྩལ་འཁྲབ་སྟོན་དང་སིལ་ཟས་ཁྱད་ཆོས་ཅན་དག་འཁྱེར་ཡོང་ནས། རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ་ངོ་མཚར་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་འགྲེམ་སྟོན་བྱ་རྒྱུའི་འཆར་གཞི་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1