སློབ་གསོ་ལ་འཛམ་གླིང་དུ་ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་སློབ་གསོ། སློབ་གྲྭའི་སློབ་གསོ་བཅས་རིགས་གསུམ་དུ་བཀར་ཡོད་མོད། བདག་གིས་དགོན་སྡེ་སློབ་གསོ་སྟེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་སྤྲོད་སྟངས་བཅས་རིགས་བཞིར་དགར་འདོད།
དགོན་སྡེའི་རིག་གནས་སློབ་གསོ་དེ་ཡང་སྔར་སྲོལ་ལྟར་རང་བབས་སུ་བཞག་ན་ཉམས་དམས་སུ་འགྲོ་བ་ལས་འོས་མེད་པས། དུས་རབས་དང་མཐུན་པའི་བཅོས་བསྒྱུར་གྱིས་དཔེ་ཁྲིད་བྱེད་ཐབས་གསར་བ་བེད་སྤྱད་ནས་རྒྱུ་སྤུས་ཇེ་ལེགས་དང་ཆ་ལག་ཇེ་འཛོམས། སྤྱི་ཚོགས་སྟེང་ལག་ལེན་ཐུབ་པ་དང་བཀོལ་བདེའི་རིན་ཐང་ཡོད་པ། སྤྱི་ཚོགས་དང་བར་ཐག་ཇེ་ཉེར་གཏོང་རྒྱུ་ནི་དུས་རབས་གསར་བའི་བླ་མ་དང་དགེ་བཤེས། མཁན་པོ་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་རླབས་ཆེན་ཞིག་ཡིན་པར་འདོད།
གཅིག བསམ་བློའི་ལྟ་ཕྱོགས་བཅོས་སྒྱུར་བྱེད་པ།
དགེ་ལྡན་པའི་གྲྭ་ས་ཆེན་པོ་དག་ཏུ་གཞུང་བཀའ་པོད་ལྔ་སྦྱོང་བ་དང་། རྙིང་མ་བས་གཞུང་ཆེན་བཅུ་གསུམ་ལ་སྦྱོང་བ། ས་སྐྱ་བས་ཆོས་གྲྭ་དག་ཏུ་གཞུང་ཆེན་རྣམ་དྲུག་སྦྱོང་བ་སོགས་མཛོད་འདུལ་དབུ་མངོན་ལས། སྒྲ་སྙན་སྨན་རྩིས་དང་བཟོ་རིག་ལག་རྩལ་སོགས་སྦྱང་བྱའི་སྲོལ་མ་མཆིས་པ། གུང་ཐང་བསྟན་པའི་སྒྲོན་མེས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ།། གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས།། རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་།། ཞེས་པ་ལྟར་རྩ་བ་བཟུང་ནས་ཡལ་ག་མི་འཛིན་ན། རྩ་བ་ལྗོན་ཤིང་གཅེར་བུ་ལ།། ཡལ་ག་མེད་ན་ག་ལ་མཛེས།། ཞེས་ཨ་མཚར་དུ། ཁ་དཔེར། གཏམ་ཀུ་རེ་མེད་ན་བཤད་སྲོལ་མེད།། ཟས་མཆོད་ཁ་མ་འཕངས་ཟ་སྲོལ་མེད།། ཅེས་པ་ལྟར་ཀུ་རེ་རྩེད་མོ་ཡིན། སྔོན་གྱི་དགོན་པའི་དགེ་བཤེས་ཁ་ཤས་ནས་རང་གི་མིང་འབྲི་མི་ཤེས་ཞེས་པ་བསྟོད་པ་མ་རེད་སྨད་པ་རེད། མི་ཚེ་གང་བོར་ཐོས་བསམ་ལ་བསྐྱལ་ནས་རང་གི་མིང་ཙམ་ཡང་འབྲི་མ་ཤེས་པ་ཡ་མཚན་མ་རེད་དམ། དཔེར་ན། ནུ་བོས་དབུས་གཙང་སློབ་གཉེར་གྱི་ཕུ་བོ་ལ(དགོས་རྒྱུ་བོད་སྤོས་དྲི་བཟང་ཡིན་དགོས་པ་ལ)དྲི་བསྐུར་ཞེས་པའི་འཕྲིན་ལྷ་སར་བཏང་བ། ཕུ་བོས་དོན་མ་གོ་བར་ཕྱིར་ཁམས་གྲི་ཞིག་བསྐུར་བའི་དཔེ་ལྟར་ངོ་མི་ཚའམ། དེ་མིན་འཇིག་རྟེན་རྙིང་བའི་བླ་ཐོབ་མཁན་ཐོབ་ཉོ་རུང་བའི་སྲོལ་ངན་འབུལ་སྡུད་བླ་མ་དང་མང་ཇའི་མཁན་པོ་སོགས་རྩ་བ་ནས་བསྒྱུར་དགོས།
ཡི་གེ་འབྲི་ཀློག་ཙམ་ཤེས་ནས་འདོན་པ་གཅིག་པོ་འདོན་ཐུབ་པ་ཡིས་ནང་བའི་གཞུང་གི་གོ་བ་ལེན་མི་ཐུབ་པས། སུམ་རྟགས་དག་གསུམ་ནི་སྐད་ཡིག་གི་རྨང་གཞི་ལྟ་བུ་ཡིན་པས་མ་སྦྱངས་ཐབས་མེད་ཡིན། དགོན་སྡེ་ནི་བོད་ཀྱི་སློབ་གྲྭ་ཡིན་པར་ཁས་ལེན་དགོན་པས་བོད་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་པར་འདོད།
གཉིས། ཇི་ལྟར་བྱེད་པའི་ཐབས་ལ།
1.གྲུབ་མཐའ་རང་རང་གི་དགེ་བཤེས་མཁན་པོ་བསྡུ་སྒྲིག་གིས་ཁྲིད་གཞི་གཏན་ཁེལ། ཁྲིད་དེབ་གསར་བཟོ། ཁྲིད་དུས་བཀོད་སྒྲིག སྦྱངས་འབྲས་བསྡུར་ཚད་སོགས་གང་ཅིའི་ཐད་ནས་གཏན་ཁེལ་བྱེད་དགོས།
2.འཛིན་གྲྭའི་སློབ་མ་བསྡུ་སྐབས། སྦྱངས་འབྲས་གཞུང་ལུགས་གཙོ་བོ་དང་། རིག་གནས་སོགས་ཕལ་བས་སྐར་གྲངས་ལྟར་འཛིན་གྲྭ་སྤར་བ་ལས་ལུག་ཁྱུ་འདེད་འདེད་མི་བྱེད་རྒྱུ།
3.མཐར་ཕྱིན་དཔང་ཡིག་སྟེར་རྒྱུ། དེ་ལ་གྲུབ་མཐའ་སོ་སོའི་དགོན་པས་ཕན་ཚུན་ཚོགས་ཞུགས་དང་དགེ་རྒན་བསྡུ་ལེན་སོགས་ཀྱི་གཞི་འཛིན་ས་བྱེད་རྒྱུ། རིམ་བཞིན་རྒྱལ་ཁབ་ནས་ཀྱང་ཁས་ལེན་ཐོབ་ཐུབ་པ་བྱེད་དགོས།