༄༅།། ཨམ་སྐད་ལས་རྗེས་འཇུག་བཅུ་པོ་རྣམ་དབྱེ་དང་ཚིག་ཕྲད་འགའི་དོན་ལ་འཇུག་ཚུལ་བཤད་པ།

བློན་ཕྲུག་གནམ་ལྷ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 05-15


བློན་ཕྲུག་གནམ་ལྷ་རྒྱལ།
          དེ་ཡང་སློབ་དཔོན་ཐོན་མིས། རྗེས་འཇུག་བཅུ་པོ་མ་ཞུགས་ན། ། དོན་གཞན་སྦྱོར་བ་ཡོད་མི་སྲིད། ། ཅེས་བསྟན་པ་ལྟར། ཨམ་སྐད་ལ་མཚོན་ན། རྗེས་འཇུག་བཅུ་པོ་མ་བཞུགས་ན་དོན་གཞན་སྦྱོར་བ་ཡོད་མི་སྲིད་པ་ལས་གཞན། མིང་ལས་ཚིག་ཏུ་འགྲུབ་བྱེད་ཀྱི་རྣམ་དབྱེའི་རྐྱེན་དང་ཚིག་ཕྲད་ཕལ་ཆེར་ཞིག་ཀྱང་རྗེས་འཇུག་བཅུ་པོས་འཐུས་པར་བྱས་ཡོད་དེ། འདིར་ཨམ་སྐད་གསར་སློབ་པ་རྣམས་ལ་ཕན་པར་སྙམ་པའི་བློས་ཅུང་ཙམ་ཞུས་ན། 1.ལ་དོན་ལ་འཇུག་ཚུལ། 2. བྱེ་བྲག་ཏུ་རྣམ་དབྱེ་སོ་སོར་འཇུག་ཚུལ། 3. ལྷག་བཅས་ལ་འཇུག་ཚུལ། 4.སླར་བསྡུ་ལ་འཇུག་ཚུལ། 5. གམ་སོགས་དྲི་བར་འཇུག་ཚུལ་དང་བཅས་ལྔའོ།
          དང་པོ། ལ་དོན་ལ་འཇུག་ཚུལ།
          1. སྤྱིར་བསྟན་པ།
          རྗེས་འཇུག་ཡི་གེ་བཅུ་པོ་རྣམས། །
          མིང་གང་གི་ནི་མཐར་སྦྱར་ན། ། 
          སུ་སོགས་ལ་སྒྲའི་དོན་ལ་འཇུག །
          གཉིས་པ་བཞི་པ་བདུན་པ་དང་། ། 
          དེ་ཉིད་ཚེ་སྐབས་རྣམས་ལའོ། ། ཞེས་རྩ་བའི་ཚུལ་དུ་བཀོལ་ཏེ་གསལ་བར་འགྲེལ་ན། རྗེས་འཇུག་གི་ཡི་གེ་ག༷་ང༷་ད༷་ན༷་བ༷་མ༷་འ༷་ར༷་ལ༷་ས༷་སོགས་བཅུ་པོ་དེ་ཉིད། ཨམ་སྐད་ལས་མིང་གང་དང་གང་གི་མཐར་སྦྱར་ཡང་། སུ༷་རུ༷་ར༷་ལ༷་ཏུ༷་དུ༷་ན༷་སོགས་ལ་དོན་གྱི་ཕྲད་བདུན་པོའི་དོན་ལ་འཇུག་པར་མ་ཟད། འཇུག་ཡུལ་ཡང་སུམ་ཅུ་པའི་རྩ་བར་དངོས་སུ་བསྟན་པའི་རྣམ་དབྱེ་གཉིས་པ་དང་། བཞི་པ། བདུན་པ། དེ་ཉིད། ཚེ་སྐབས་སོགས་ལ་འཇུག་པའོ་ཞེས་པའི་དོན་ནོ།
          ༢.མིང་མཐར་འཇུག་ཚུལ་བསྟན་པ།
          མིང་མཐའ་གང་ལ་འཇུག་ཚུལ་ནི། །
          རྗེས་འཇུག་ཡི་གེ་བཅུ་པོ་ལས། །
          ད་ས་གཉིས་ཀ་མ་གཏོགས་པའི། །
          ལྷག་མའི་ཡི་གེ་བརྒྱད་པོ་དེ། །
          ཡང་འཇུག་ཡོད་དམ་མེད་ཀྱང་རུང་། །
          ཕལ་ཆེར་སྒྲ་མཚུངས་རྟགས་མཚུངས་འདྲེན། །
          ད་ས་གཉིས་ལ་དམིགས་བསལ་གྱིས། །
          ད་མཐར་ལ་དང་ས་མཐར་ཡའོ། ། ཞེས་རྩ་བའི་ཚུལ་དུ་བཀོལ་ནས་གསལ་བར་འགྲེལ་ན། བཤད་མ་ཐག་པའི་རྗེས་འཇུག་ཡི་གེ་བཅུ་པོ་དེ་ཉིད་མིང་མཐའ་སོ་སོར་འཇུག་ཚུལ་ནི། ད་ས་གཉིས་མ་གཏོགས་པའི་ལྷག་མའི་ཡི་གེ་ ག༷་ང༷་ན༷་བ༷་མ༷་འ༷་ར༷་ལ༷་བཅས་བརྒྱད་པོ་ལ། མིང་མཐར་ཡང་འཇུག་ཡོད་མེད་གང་ཡིན་ཡང་། ཕལ་ཆེར། ཤར་ཕྱོག༷ས་ག༷་སོང་། ཕྲ༷ག་ག༷་འཁུར། ཁུ༷ང་ང༷་འཛལ། བཙོ༷ན་ན༷་བཅུག རྒྱ༷བ་བ༷་འཁུར། ཉིན་གསུ༷མ་མ༷་ལས། གཉ༷འ་འ༷་འཁུར། ཕྱི༷ར་ར༷་ཡོང་། ཇེ་གསལ༷་ལ༷་སོང་། ཞེས་པ་སོགས་ཀྱིས་མཚོན་པ་ལྟར། སྒྲ་མཚུངས་དང་རྟགས་མཚུངས་ཀྱི་ཚུལ་གྱིས་འདྲེན་པ་དང་། ད་ས་གཉིས་ལ། ནམ་སྟོད་ལ་ལངས། དབུས་ཡ་སོང་། ཞེས་པས་མཚོན་པ་ལྟར། ད་མཐར་དམིགས་བསལ་གྱིས་ལ་སྦྱོར་བ་དང་། ས་མཐར་དམིགས་བསལ་གྱིས་ཡ༷་སྦྱོར་བའོ་ཞེས་པའི་དོན་ནོ།
          གཉིས་པ། རྣམ་དབྱེ་སོ་སོར་འཇུག་ཚུལ་བཤད་པ། 
          1. རྣམ་དབྱེ་གཉིས་པར་འཇུག་ཚུལ།
          རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ནི། སྦྱར་གཞི་ཞིག་ལ་བྱ་བའམ་ལས་གང་ཞིག་བྱས་ཟིན་པའམ། བྱེད་བཞིན་པ། བྱེད་འགྱུར་སོགས་གང་རུང་སྟོན་པ་ཞིག་སྟེ། དཔེར་ན།
          ག--ལག་ག་བླངས།
          ང--ཁུང་ང་འཛུལ།
          ད-ཐོད་ལ་བཅངས།
          ན--བཙོན་ན་བཅུག
          བ--གསེབ་བ་འཛུལ།
          མ--གམ་མ་སོང་།
          འ--གཉའ་འ་འཁུར།
          ར--བལྟ་བསྐོར་ར་སོང་།
          ལ--ཕྱི་རོལ་ལ་དེད།
          ས---དབུས་ཡ་སོང་། ཞེས་པ་ལྟ་བུའོ།
          2.རྣམ་དབྱེ་བཞི་པར་འཇུག་ཚུལ།
          རྣམ་དབྱེ་བཞི་པ་དགོས་ཆེད་ནི།  སྦྱར་གཞི་ཞིག་ལ་བྱ་བ་བྱས་པ་དང་བྱེད་པ་ཙམ་མི་སྟོན་པར། གཞི་དེའི་ཆེད་དུའམ་དོན་དུ་བྱ་བ་ཅི་རིགས་བྱས་པ་དང་། བྱེད་བཞིན་པ། བྱེད་འགྱུར་སོགས་གཙོ་བོར་སྟོན་པ་ཞིག་སྟེ། དཔེར་ན། 
          ག--དགྲ་འགོག་ག་མཚོན་ཆ་བསྒྲིགས།
          ང--རྐུན་བསྲུང་ང་ནོར་སྐྱོང་གསོ།
          ད--ཤེས་བྱེད་ལ་མདོ་ལུང་དྲངས།
          ན--འགྲོ་དོན་ན་ཆོས་འཁོར་བསྐོར།
          བ--ལྟོ་རྒྱབ་བ་ཟ ས་གོས་བཙལ།
          མ--ཐོས་བསམ་མ་སློབ་གཉེར་བྱས།
          འ--བདེ་འགྲོ་འ་དགེ་བསྒྲུབས་བྱས།
          ར--ཟློས་གར་ར་རོལ་མོ་བརྡུངས།
          ལ--བསུ་སྐྱེལ་ལ་དགའ་སྟོན་བྱས།
          ས--ལྟོ་གོས་ཡ་འབད་པ་བྱས། ཞེས་པ་ལྟ་བུའོ།
          3. རྣམ་དབྱེ་བདུན་པར་འཇུག་ཚུལ།
          རྣམ་དབྱེ་བདུན་པ་གནས་གཞི་ནི། སྦྱར་གཞི་ཞིག་ལ་བྱ་བྱེད་གང་ཡང་མི་བྱེད་པ་དང་། སྦྱར་གཞི་དེའི་ཆེད་དུའམ་དོན་དུ་བྱ་བ་བྱས་པའམ་བྱ་འགྱུར་སོགས་གང་ཡང་མི་སྟོན་པར། སྦྱར་གཞི་དེ་ལ་བརྟེན་བྱའི་དངོས་པོ་གང་ཞིག་གནས་པའམ་ཡོད་པ་གཙོ་བོར་སྟོན་པ་ཞིག་སྟེ། དཔེར་ན། 
          ག--ཁྲི་ཐོག་ག་རྒྱལ་བོ་བཞུགས།
          ང--ཚོང་ཁང་ང་ཚོང་རྫས་མང་།
          ད--བར་ཤོད་ལ་བླ་དཔོན་བཞུགས།
          ན--མཚོ་སྔོན་ན་གཏེར་ཁ་མང་།
          བ--རྒྱལ་ཁབ་བ་མི་རིགས་མང་།
          མ--ཨ་སྔོན་གནམ་མ་རྒྱུ་སྐར་བཀྲ།
          འ--འཇའ་འ་ཁ་དོག་མང་། 
          ར--ཁ་ཁེར་ར་བསམ་འཆར་མང་། 
          ལ--རི་སུལ་ལ་ནགས་ཚལ་རྒྱས། 
          ས--ས་གནས་ཡ་གནས་ཚུལ་མང་། ཞེས་པ་ལྟ་བུའོ། 
          4. དེ་ཉིད་ལ་འཇུག་ཚུལ།
          དེ་ཉིད་ཅེས་པ་ནི། སྦྱར་གཞི་དང་བྱ་བ་གཉིས་སོ་སོར་མི་སྟོན་པས་ལས་སུ་བྱ་བ་མིན་ལ། སྦྱར་གཞི་དེའི་ཆེད་དུ་འམ་དོན་དུ་བྱ་བ་བྱེད་པ་མི་སྟོན་པས་བཞི་པ་དགོས་ཆེད་ཀྱང་མིན། སྦྱར་གཞི་དེ་ལ་རྟེན་པའི་གཞི་དང་བརྟེན་བྱ་སོ་སོར་མེད་སྟབས་བདུན་པ་གནས་གཞི་ཡང་མིན་པར། དེ་ནི་ལས་དང་བྱ་བ་ཐ་མི་དད་པར་ངོ་བོ་གཅིག་པའི་དོན་ཅན་དུ་སྣང་ཕྱིར་དེ་ཉིད་ཅེས་བྱ་སྟེ། དཔེར་ན། 
          ག--ཚ་སྲེག་ག་གྲུབ།
          ང-ཇེ་མང་ང་བཏང་།
          ད--ཕ་རོལད་ལ་ཕྱིན། 
          ན--ཇེ་ཞན་ན་སོང་།
          བ--ཇེ་ཟབ་བ་བཏང་། 
          མ--ཇེ་འཇམ་མ་གྱུར།
          འ--ཇེ་དགའ་འ་སོང་། 
          ར--ཕྱིར་ར་ཡོང་།
          ལ--ཇེ་གསལ་ལ་སོང་། 
          ས--སྤོས་ཡ་སོང་།  ཞེས་པ་ལྟ་བུའོ།
          5. ཚེ་སྐབས་ལ་འཇུག་ཚུལ།
          ཚེ་སྐབས་ཞེས་པ་ནི། གོང་དུ་བཤད་མ་ཐག་པའི་རྣམ་དབྱེ་གང་ཡང་མིན་པར། དུས་ཀྱི་ཁྱད་པར་སྟོན་པའི་དོན་ཅན་ཞིག་སྟེ། དཔེར་ན། 
          ག--ཉི་ལྡོག་ག་ཁེལ། 
          ང--ཉིན་གུང་ང་ཐོན། 
          ད--ནམ་སྟོད་ལ་ལངས། 
          ན--མཚན་ན་བློ་སྐྱོར། 
          བ--གནས་བབ་བ་བསྟུན། 
          མ--ཉིན་གསུམ་མ་ལས། 
          ར--ལོ་གསར་ར་ཐོན། 
          ལ--སྲོལ་ལ་ལངས། ཞེས་པ་ལྟ་བུའོ། 
          གསུམ་པ། ལྷག་བཅས་ལ་འཇུག་ཚུལ། 
          1. མཚམས་སྦྱོར་ལྷག་བཅས་ལ་འཇུག་ཚུལ། 
          རྗེས་འཇུག་ཡི་གེ་བཅུ་པོ་དེ། །
          མཚམས་སྦྱོར་ལྷག་བཅས་སྟོན་ལ་འཇུག ། 
          སྦྱོར་ཚུལ་ལ་སྒྲའི་སྐབས་དང་བསྟུན། ། ཞེས་རྩ་བའི་ཚུལ་དུ་བཀོལ་ནས་གསལ་བར་འགྲེལ་ན། རྗེས་འཇུས་ཡི་གེ་ག༷་ང༷་ད༷་ན༷་བ༷་མ༷་འ༷་ར༷་ལ༷་ས༷་སོགས་བཅུ་པོ་དེ་རྣམས་སྐུལ་ཚིག་གང་ཡང་རུང་བ་གཉིས་ཀྱི་བར་སྦྱར་ན། སྒུག་ག་སྡོད། སོང་ང་ལྟོས། སྡོད་ལ་སྡོད། ཉོན་ན་ཕྲིས། རྒྱོབ་བ་སོད། སྒུམ་མ་འཐུས། ཟོའ་འ་ལྟོས། ཁུར་ར་སོང་།ཁོལ་ལ་ཉོལ། ཚོས་ཡ་ཟོ། ཞེས་པ་སོགས་ཀྱིས་མཚོན་པའི་བྱ་བ་སྔ་ཕྱི་གཉིས་མཚམས་སྦྱོར་བ་ལ་འཇུག་པས་མཚམས་སྦྱོར་ལྷག་བཅས་སོ་ཞེས་པའི་དོན་དེ། དེ་དག་མིང་མཐའ་སོ་སོར་འཇུག་ཚུལ་གོང་དུ་ལ་དོན་གྱི་སྐབས་སུ་བསྟན་ཟིན་པ་ནང་བཞིན་ནོ། 
          2. དབྱངས་ཨེ་ཞུགས་ན་མཚམས་སྦྱོར་བ་ལ་འཇུག་ཚུལ། 
          རྗེས་འཇུག་ཡི་གེ་བཅུ་པོ་ལ། ། 
          དབྱངས་ཡིག་གསུམ་པ་ཨེ་སྦྱར་ན། །
          སྟེ་སོགས་ལྷག་བཅས་འདྲེན་པ་ལས། ། 
          མཚམས་སྦྱོར་བ་ལ་ཆེད་དུ་འཇུག ། 
          སྦྱོར་ཚུལ་ལ་སྒྲའི་སྐབས་ལྟར་གྱིས། ། ཞེས་རྩ་བའི་ཚུལ་དུ་བཀོལ་ནས་གསལ་བར་འགྲེལ་ན། རྗེས་འཇུག་ཡི་གེ་ག༷་ང༷་ད༷་ན༷་བ༷་མ༷་འ༷་ར༷་ལ༷་ས༷་སོགས་བཅུ་པོ་ལ། དབྱངས་ཡིག་གསུམ་པ་སྟེ་ཨེ་སྦྱར་ན། གེ༷་ངེ༷་དེ༷་ནེ༷་བེ༷་མེ༷་འེ༷་རེ༷་ལེ༷་སེ༷་སོགས་སུ་གྲུབ་སྟེ། དེ་དག་མིང་ངམ་བྱ་ཚིག་གི་མཐར་སྦྱར་ན། བཀུགས་གེ་ཁུགས། སོང་ངེ་ཉོས། བཤད་ལེ་བཤད། བསྟན་ནེ་མཐོང་། རྒྱབ་བེ་བསད། ཞུམ་མེ་འདར། གཞའ་འེ་བསྡད། འཁུར་རེ་བྲོས། བཀལ་ལེ་སོང་། བལྟས་ཡེ་བཏོན། ཞེས་པ་སོགས་ཀྱིས་མཚོན་པ་ལྟར། ཏེ༷་དེ༷་སྟེ༷་སོགས་ལྷག་བཅས་ཀྱི་ཕྲད་རྣམས་ཀྱི་འཇུག་ཡུལ་ལས། བྱ་བ་སྔ་ཕྱི་གཉིས་མཚམས་སྦྱོར་བ་ལ་ཆེད་དུ་འཇུག་པས་མཚམས་སྦྱོར་ལྷག་བཅས་སོ་ཞེས་པའི་དོན་ཏེ། དེ་དག་མིང་མཐའ་སོ་སོར་འཇུག་ཚུལ་ལ་དོན་གྱི་སྐབས་སུ་བཤད་ཟིན་པ་ལྟར་གྱིས་ཤིག དེར་ཡང་བྱེ་བྲག་གི་འཇུག་ཚུལཐ་དད་པ་ལྟར་དབྱེ་ན། བྱ་བ་གཉིས་དུས་སྔ་ཕྱི་རིམ་ཅན་དུ་འཇུག་པའི་མཚམས་སྦྱོར་བ་དང་། ཅིག་ཅར་དུ་མཚམས་སྦྱོར་བ་བཅས་རྣམ་པ་གཉིས་སུ་འདུ་སྟེ། སྔ་མ་ནི། དཔེར་ན།
          གེ---དགེ་སྡིག་བརྟག་གེ་བརྡར་ཤ་བཅད། 
          ངེ---འགལ་བའི་གཙོ་བོ་བཟུང་ངེ་ཐག་གཅོད་བྱས། 
          ནེ---གནས་ཚུལ་དངོས་དང་བསྟུན་ནེ་ཆ་རྐྱེན་བསྐྲུན། 
          བེ---གྲུབ་འབྲས་ཆེན་པོ་ཐོབ་བེ་གདེང་ཚོད་རྙེད། 
          མེ---མ་འོངས་མདུན་ལམ་བསམས་མེ་འབད་བརྩོན་བྱས། 
          འེ---སེམས་ཀྱི་རྟིང་ནས་དགའ་འེ་རེ་སྒུག་བྱས། 
          རེ---ང་རྒྱལ་ཁེངས་སེམས་དོར་རེ་སྐྱོན་ཆ་བསལ། ། 
          ད---མང་ཚོགས་ཁྲོད་ལ་བསྐྱོད་ལེ་བསམ་འཆར་ཉན། 
          ལེ---དཀའ་སྡུག་ཀུན་ལས་རྒྱལ་ལེ་མདུན་དུ་བསྐྱོད། 
          ས---བཟང་པོར་མིག་དཔེར་བལྟས་ཡེ་སློབ་སྦྱོང་བྱས། ཞེས་པ་ལྟ་བུ་སྟེ། གོང་གསལ་གྱི་ཚིག་འདི་དག་ལ་ཞིབ་ཏུ་བསམས་ཚེ། དོན་སྔ་མ་རྣམས་མཚམས་སྦྱོར་གཞི་དང་ཕྱི་མ་རྣམས་མཚམས་སྦྱོར་བྱར་བཟུང་ནས། བྱ་བ་གཉིས་དུས་སྔ་ཕྱི་རིམ་ཅན་དུ་འཇུག་པ་མཚམས་སྦྱར་ཡོད་པས། རིམ་ཅན་གྱི་མཚམས་སྦྱོར་དང་། ཕྱི་མ་ནི། དཔེར་ན། 
          གེ---གྲགས་གེ་སོང་།
          ངེ---བཟུང་ངེ་ཟིན།
          ནེ---མནན་ནེ་བསྡད།
          བེ---བཀབས་བེ་ཁེབས།
          མེ---བཀུམས་མེ་སོང་། 
          འེ---འགྱའ་འེ་ཚར།
          རེ---བསྐོར་རེ་འཁོར། 
          ལེ---དཀྲོལ་ལེ་གྲགས།
          ད---བསད་ལེ་ཤི། 
          ས---སྤོས་ཡེ་འགྲོ། ཞེས་པ་ལྟ་བུ་སྟེ། གོང་དུ་དཔེར་དྲངས་པའི་ཚིག་འདི་དག་ལ་མཚོན་ན། དོན་སྔ་ཕྱི་གཉིས་ཀྱི་ནང་དུ་བྱ་བ་གཅིག་ལས་གཞན་ལོགས་སུ་དགར་རྒྱུའམ་སྟོན་རྒྱུ་མེད་པ་ཞིག་སྟེ། དཔེར་ན། སྤོས་ཡེ་འགྲོ། བསད་ལེ་ཤི། འགྱའ་འེ་ཚར། ཞེས་པ་སོགས་ལ་མཚོན་ན། གོམ་པ་སྤོས་པ་དང་། སེམས་ཅན་བསད་པ། སོགས་ཀྱི་དོན་གྱི་ངོ་བོའམ་བྱ་བ་ལས་གཞན། འགྲོ་བ་དང་ཤི་བ། ཚར་བ་སོགས་ཀྱི་བྱ་བ་ཞིག་ལོགས་སུ་འདིའོ་ཞེས་དགར་དུ་མེད་པས་ན། བྱ་བ་གཉིས་ དུས་ཅིག་ཅར་དུ་འཇུག་པ་སྟོན་པའི་མཚམས་སྦྱོར་ལྷག་བཅས་སོ། 
          བཞི་པ། སླར་བསྡུ་ལ་འཇུག་ཚུལ།
          རྗེས་འཇུག་ཡི་གེ་བཅུ་པོ་དེ། །
          ཡང་འཇུག་ཡོད་དམ་མེད་ཀྱང་རུང་། ། 
          རྗེས་འཇུག་རང་འདྲའི་མཐར་སྦྱར་ཚེ། ། 
          སླར་བསྡུ་བར་ནི་ཤེས་པར་བྱ། ། 
          ད་ས་གཉིས་ནི་སྔར་ལྟར་སྦྱོར། ། ཞེས་རྩ་བའི་ཚུལ་དུ་བཀོལ་ནས་གསལ་བར་འགྲེལ་ན། རྗེས་འཇུག་ཡི་གེ་ག༷་ང༷་ད༷་ན༷་བ༷་མ༷་འ༷་ར༷་ལ༷་ས༷་སོགས་བཅུ་པོ་དེ་རྣམས། མིང་མཐར་ཡང་འཇུག་ ཡོད་མེད་གང་ཡིན་ཡང་། རྗེས་འཇུག་རང་རང་དང་སྒྲ་མཚུངས་རྟགས་མཚུངས་ཀྱིས་ཞུགས་ཚེ། གོ༷་ངོ༷་དོ༷་ནོ༷་བོ༷་མོ༷་འོ༷་རོ༷་ལོ༷་སོ༷་སོགས་སླར་བསྡུའི་ཚིག་ཕྲད་དང་ཆོས་མཐུན་པར། མདུན་ལམ་གཅིག་ག   བསམ་པ་བཟང་ང་། བློ་སེམས་མཐུན་ན། ཡིད་ལ་བསམས་མ། མཐུན་སྒྲིལ་ཟབ་བ། སློབ་མར་དགའ་འ། ཉི་མ་ཤར་ར། ཉི་འོད་གསལ་ལ། ཞེས་པ་སོགས་ཀྱིས་མཚོན་པ་ལྟར། སླར་བསྡུ་འམ་ཟླ་སྡུད་ཀྱི་དོན་ལ་འཇུག་གོ་ཅེས་པའི་དོན་ནོ། ད་ས་གཉིས་ནི་གོང་དུ་ལ་དོན་གྱི་སྐབས་སུ་བཤད་ཟིན་པ་ལྟར། ད་མཐར་སེམས་པ་སྐྱི༷ད་ལ༷་ཞེས་པ་ལྟ་བུས་མཚོན་པའི་ལ༷་དང་། ས་མཐར་སློབ་སྦྱོང་བྱས༷་ཡ༷་ ཞེས་པ་ལྟ་བུས་མཚོན་པའི་ཡ༷་སྦྱོར་རོ་ཞེས་པའི་དོན་ནོ།  
          ལྔ་པ། གམ་སོགས་དྲི་བར་འཇུག་ཚུལ།
          རྗེས་འཇུག་ཡི་གེ་བཅུ་པོ་རྣམས། ། 
          མིང་གང་གི་ནི་མཐར་སྦྱར་ན། ། 
          གམ་སོགས་ཚིག་ཕྲད་དང་མཐུན་པར། ། 
          དྲི་བའི་དོན་ལའང་འཇུག་པའོ། ། ཞེས་རྩ་བའི་ཚུལ་དུ་བཀོལ་ནས་གསལ་བར་འགྲེལ་ན། རྗེས་འཇུག་ཡི་གེ་ག༷་ང༷་ད༷་ན༷་བ༷་མ༷་འ༷་ར༷་ལ༷་ས༷་སོགས་བཅུ་པོ་རྣམས། མིང་གང་ཡང་རུང་བའི་ མཐར་སྒྲ་མཚུངས་རྟགས་མཚུངས་ཀྱིས་སྦྱར་ཚེ། ག༷མ་ང༷མ་ད༷མ་ན༷མ་བ༷མ་མ༷མ་འ༷མ་ར༷མ་ལ༷མ་ས༷མ་སོགས་འབྱེད་སྡུད་ཀྱི་ཕྲད་རྣམས། ཆོག་གམ། སོང་ངམ། བསྡད་དམ། བདེན་ནམ། ཟབ་བམ། ཟུམ་མམ། དགའ་འམ།འཁྱེར་རམ།འཕེལ་ལམ།ཟོས་སམ།ཞེས་དྲི་བའི་དོན་ལ་འཇུག་པ་དང་མཚུངས་སོ་ཞེས་པའི་དོན་ནོ། དེ་དག་མིང་མཐར་སྦྱོར་ཚུལ་ལ་སྒྲའི་སྐབས་སུ་བཤད་ཟིན་པ་ལྟར་ཏེ། འདིར་གསལ་བྱེད་ ཀྱི་དཔེ་འགའ་དམིགས་སུ་དྲངས་ན། 
          ག---ཆོག་གམ་མི་ཆོག---ཆོག་ག་མི་ཆོག 
          ང---མྱོང་ངམ་མ་མྱོང---མྱོང་ང་མ་མྱོང་། 
          ད---བསྡད་དམ་མ་བསྡད---བསྡད་ད་མ་བསྡད། 
          བ---བརྒྱབ་བམ་མ་བརྒྱབ---བརྒྱབ་བ་མ་བརྒྱབ། 
          ན---བསྟན་ནམ་མ་བསྟན---བསྟན་ན་མ་བསྟན། 
          མ---རེམ་མམ་མ་རེམ---རེམ་མ་མ་རེམ།
          འ---གཞའ་འམ་མ་གཞའ---གཞའ་འ་མ་གཞའ། 
          ར---འཁྱེར་རམ་མ་འཁྱེར---འཁྱེར་ར་མ་འཁྱེར། 
          ལ---སྤེལ་ལམ་མ་སྤེལ---སྤེལ་ལ་མ་སྤེལ། 
          ས---ཟོས་སམ་མ་ཟོས---ཟོས་ཡ་མ་ཟོས། ཞེས་པ་ལྟ་བུའམ། ཡང་ན། 
          ག---ཕོ་བ་ལྟོག་གམ---ཕོ་བ་ལྟོག་ག
          ང---སྲང་ལ་སོང་ངམ---སྲང་ང་སོང་ང་། 
          ད---སྐད་བཤད་དམ---སྐད་བཤད་ལ། 
          ན---སློབ་ཁྲིད་ལ་ཉན་ནམ---སློབ་ཁྲིད་ལ་ཉན་ན། 
          བ---རྡུང་རེས་བརྒྱབ་བམ---རྡུང་རེས་བརྒྱབ་བ། 
          མ---བྱིས་པ་རུམ་མམ---བྱིས་པ་རུམ་མ། 
          འ---ཤ་དགའ་འམ---ཤ་དགའ་འ། 
          ར---ཁྱོད་ཀྱིས་འཁྱེར་རམ---ཁྱོས་འཁྱེར་ར།
          ལ---གྲངས་ཀ་འཕེལ་ལམ---གྲངས་ཀ་འཕེལ་ལ།
          ས---སྨན་བཅོས་བྱས་སམ---སྨན་བཅོས་བྱས་ཡ། ཞེས་པ་སོགས་ཀྱིས་མཚོན་པ་ལྟར། རྗེས་འཇུག་རྣམས་སྒྲ་མཚུངས་རྟགས་མཚུངས་ཀྱིས་མིང་མཐར་སྦྱར་ཏེ། སྐད་གདངས་མཐོན་པོའི་ཚུལ་དུ་བཀླགས་ནའང་དྲི་བའི་དོན་སྟོན་པ་ལ་འཇུག་གོ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1