ཀྲུའུ་ཡུང་ཞིན་གྱིས་བརྩམས། སྒོ་མེ་རིན་ཆེན་ཚེ་རིང་གིས་བསྒྱུར།
ཁྱིམ་བདག་མང་ཤོས་ཀྱིས་བྱིས་པར་སློབ་གསོ་གཏོང་བའི་བརྒྱུད་རིམ་ཁྲོད་ངེས་པར་ཡིད་འཇོག་བྱ་དགོས་པ་ནི་ཅི་ཞིག་ཡིན་ཞེས་དོགས་འདྲི་བྱེད།
འབྲེལ་ཡོད་བརྟག་དཔྱད་ལས་གསལ་བ་ལྟར་ན། ཁྱིམ་བདག50%ཙམ་ནི་བྱིས་པར་སློབ་གསོ་ཇི་ལྟར་གཏོང་བའི་ཐབས་ཤེས་ལ་རྨོངས་ཤིང་། ལྷག་པར་དུ་ལོ་རབས80རྗེས་ཀྱི་བྱིས་པ་ཁེར་སྐྱེས་ཡིན་པའི་ཁྱིམ་བདག་རྣམས་བྱིས་པ་གསོ་སྐྱོང་གི་གནད་དོན་ཐད་ཅི་བྱ་གཏོལ་བྲལ་དང་སོམ་ཉིའི་གཟེབ་ཏུ་ཚུད་འདུག
སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ། ཀྲུང་གོ་དམངས་གཙོ་སྐུལ་འདེད་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ཚོགས་པའི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཡུང་ཞིན་ལགས་ཀྱིས་གནད་དོན་འདི་ལ་དམིགས་ནས་འགྲོགས་འདྲིས་དང་ལྟ་ཀློག གོམས་གཤིས་བཅས་ཕྱོགས་གསུམ་ནས་གསུངས་ཡོད་དེ།
ཉིན་འགའི་སྔོན་ལ་ཁྱིམ་བདག་ཞིག་དང་མཉམ་དུ་བྱིས་པའི་སློབ་གསོ་སྐོར་ནས་གླེང་མོལ་བྱེད་པའི་སྐལ་བ་བྱུང་། སྔོན་གྱི་ཁྱིམ་བདག་རྣམས་དང་བསྡུར་ཚེ་དེང་དུས་ཀྱི་ཁྱིམ་བདག་ལ་འགྱུར་བ་ཆེན་པོ་བྱུང་འདུག དེ་ལས་འགྱུར་བ་ཆེ་ཤོས་ཤིག་ནི་དེང་རབས་ཀྱི་ཆ་འཕྲིན་སྟེགས་བུའི་བཀོལ་སྤྱོད་དེ། འཛིན་གྲྭ་ཕལ་ཆེ་བའི་ཁྱིམ་བདག་ལ་སྐད་འཕྲིན་གྱི་ཚོགས་པ་གཉིས་ཡོད་སྲིད། གཅིག་ནི་འཛིན་གྲྭའི་དགེ་རྒན་དང་སློབ་མའི་ཁྱིམ་བདག་མཉམ་ཞུགས་ཀྱི་ཚོགས་པ་ཞིག་ཡིན་ལ། དགེ་རྒན་གྱིས་བྱིས་པ་རྣམས་སློབ་གྲྭར་ཡོད་སྐབས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སོགས་སྐད་འཕྲིན་གྱི་ཚོགས་པ་བརྒྱུད། དུས་ཐོག་ཏུ་ཁྱིམ་བདག་རྣམས་ལ་རེ་རེ་བཞིན་ངོ་སྦྱོར་བྱེད་ཅིང་། ཁྱིམ་བདག་རྣམས་ཀྱིས་ཀྱང་དུས་ལྟར་ཨ་ལན་སློག་པ་རེད། ཅིག་ཤོས་ནི་སློབ་མའི་ཁྱིམ་བདག་རྐྱང་རྐྱང་གིས་གྲུབ་པའི་སྐད་འཕྲིན་གྱི་ཚོགས་པ་ཞིག་སྟེ། འཛིན་བདག་དང་སློབ་ཁྲིད་དགེ་རྒན་དག་ལ་གཡོལ་ནས་ཁྱིམ་བདག་ཕན་ཚུན་བར་དུ་བྱིས་སྐྱོང་སྐོར་གྱི་སེམས་ཚོར་གླེང་བར་བྱེད།
གནས་ལུགས་ལྟར་ན་འདི་ནི་དོན་བཟང་ཞིག་ཡིན་མོད། ཡིན་ཡང་དོན་འདིས་ཁྱིམ་བདག་མང་པོ་ཞིག་རྒྱུན་པར་ཡི་མུག་པར་བྱེད་བཞིན་མཆིས། དེ་ལས་ཡི་མུག་བྱེད་གཙོ་བོ་ནི་བྱིས་པའི་སློབ་སྦྱོང་གི་གྲུབ་འབྲས་བསྡུར་བ་ལས་བྱུང་བ་སྟེ། བྱིས་པ་གང་ཞིག་གི་སྦྱངས་འབྲས་ཧ་ཅང་ལེགས་ཚེ། ཁྱིམ་བདག་མང་ཤོས་ཀྱིས་མཚར་སྣང་དང་བཅས་བྱིས་པ་དེ་ཟབ་སྦྱོང་འཛིན་གྲྭ་གང་ཞིག་ཏུ་སྐྱེལ་བཞིན་ཡོད་པ་དང་། ཡང་ན་ཁྱིམ་ཚང་སློབ་གསོ་ཐད་ཀྱི་མན་ངག་ཁྱད་མཚར་བ་ག་འདྲ་མཆིས་མིན་རྩད་གཅོད་པར་བྱེད། གལ་ཏེ་བྱིས་པའི་ཁྱིམ་བདག་གིས་འདི་དང་གན་ཞེས་རེ་འགའ་བཤད་ཚེ། ཁྱིམ་བདག་གཞན་རྣམས་ཀྱིས་གང་མྱུར་སྒོས་ལད་མོ་བྱེད་ངེས།
བྱིས་པ་སོ་སོར་ཐུན་མིན་གྱི་རང་གཤིས་དང་ལུས་སེམས་ཀྱི་ཁྱད་གཤིས་ལྡན་ཕྱིར། གཞན་གྱི་བྱིས་པར་འཚམ་པའི་ཐབས་ཤེས་བྱེད་སྟངས་རྣམས་རང་ཉིད་ཀྱི་བྱིས་པར་འཚམ་པའི་ངེས་པ་གར་ཡང་མ་མཆིས་མོད། ཁྱིམ་བདག་སྐོར་ཞིག་གིས་མི་ཤུགས་དང་རྒྱུ་ཤུགས། སེམས་ཤུགས་གང་མང་བཏོན་ཏེ་སྔོན་དཔག་གི་ཕན་འབྲས་མ་ཐོན་ཚེ་རང་ཉིད་ལ་ལེ་བདའ་གང་མང་བྱེད་པར་མ་ཟད། བྱིས་པ་ལའང་སྐྱོན་འཛུགས་བྱས་ཏེ་དགོས་མེད་ཀྱི་གནོན་ཤུགས་ལྷག་མ་མང་པོ་སྟེར་བར་བྱེད།
ཁྱིམ་བདག་དེ་དང་ངེད་གཉིས་ཀྱིས་གོམས་གཤིས་དང་ལྟ་ཀློག འགྲོགས་འདྲིས། ཁོམ་གསེང་བཅས་གནད་ཚིག་འདི་དག་གཙོར་བཟུང་ནས་བགྲོ་གླེང་བྱས་པ་ཡིན།
1.འགྲོགས་འདྲིས། ཕ་མར་བྲེལ་ཟིང་ཆེ་ཡང་བུ་ཕྲུག་དང་འགྲོགས་འདྲིས་ཡོད་དགོས།
ཕ་མ་དང་བུ་ཕྲུག་གིས་མཉམ་དུ་ཁ་ཟས་ལ་རོལ་བ་དང་། ཁ་བརྡ་བྱེད་པ་སོགས་ནི་དུས་དང་རྣམ་པ་ཀུན་དུ་འབྲེལ་འདྲིས་དང་སློབ་སྦྱོང་གི་རྣམ་པ་ཞིག་ཡིན། ནུབ་ཕྱོགས་སེམས་ཁམས་རིག་པ་བས་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། བྱིས་པའི་ཐ་སྙད་གསོག་འཇོག་གི་མང་ཉུང་ནི་ཕ་མ་དང་འབྲེལ་འདྲིས་མང་ཉུང་གིས་འོང་སྟེ། ལྷག་པར་དུ་ཟས་ཅོག་མདུན་གྱི་ལབ་གླེང་གི་ཐ་སྙད་དང་འབྲེལ་བ་དམ་ཟབ་ཡོད་པར་གསུངས།
ཕ་མས་ནམ་རྒྱུན་ཆབ་སྲིད་སྐོར་གླེང་བ་ཡིན་ན། བྱིས་པའང་ཆབ་སྲིད་ལ་དགའ་མོས་དམིགས་བསལ་བ་ཆགས་སྲིད། དེ་བཞིན་ཕ་མས་དུས་རྒྱུན་སྡུག་ཡུས་སམ་འཁང་ར་ཤོད་པ་ཡིན་ན། བྱིས་པའི་བློ་ཁའང་སྡུག་ཡུས་སམ་འཁང་རར་ཕྱོགས་ངེས། ཡང་ཕ་མ་མང་ཤོས་ཀྱིས་བྱིས་པར་ཁ་བརྡ་གློད་པ་ནི་སྙིང་བོས་དབེན་ལ་དུས་ཚོད་ཆུད་ཟ་བར་འདོད་མོད། དོན་དམ་དུ་ཕ་མས་གླེང་བརྗོད་ཀྱི་ནང་དོན་དག་བྱིས་པས་དུས་ཐོག་ཏུ་གོ་མ་ཐུབ་ནའང་། ཁོའི་ཀླད་པའི་ནང་གི་གྲུབ་ཆ་གལ་ཆེན་དུ་འགྱུར་སྲིད། དེ་བཞིན་མཉམ་དུ་འཚོ་བ་རོལ་བ་དང་འགྲོགས་འདྲིས་བྱེད་པ་ནི་ཁྱིམ་མི་ཚང་མར་ཐུན་མོང་གི་ལས་དབང་འབྱུང་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད། སློབ་གསོ་བཅོས་བསྒྱུར་གསར་པ་ལས་ཀྱང“མཉམ་དུ་ཀློག་པ་དང་མཉམ་དུ་འབྲི་བ། མཉམ་དུ་འཚོ་བའི”བཞེད་དགོངས་བཏོན་པ་ལྟར། གནད་ཀྱི་དོན་པོ་ནི་བྱིས་པར་འགྲོགས་འདྲིས་ཡོད་པར་བྱེད་པའོ། །
བྱིས་པ་ཞིག་གི་ཕ་ནི་ས་གནས་དེར་སྐད་གྲགས་ཆེ་བའི་ཁེ་ལས་པ་ཞིག་ཡིན་ལ། རྒྱུན་པར་གཞན་ལ་མགྲོན་བྱེད་པའམ་གཞན་གྱིས་མགྲོན་འབོད་བྱེད་པ་སོགས་ཀྱི་བྱ་བར་བྲེལ་བ་ཆེ་སྟབས། རང་གི་བུ་མོ་དང་འགྲོགས་འདྲིས་ཀྱི་དུས་ཚོད་ཤིན་ཏུ་ཉུང་། ཡིན་ཡང་བུ་མོ་སློབ་ཆུང་འགྲིམས་རྗེས། སློབ་གསོའི་ཚོད་ལྟ་གསར་པར་ཞུགས་པའི་དབང་གིས་དགེ་རྒན་གྱིས་གཟའ་འཁོར་རེར་ཐེངས་གཅིག་གི་དུས་བཅད་ལྟར་བྱིས་པའི་ཕ་མར་འཕྲིན་ཡིག་རེ་སྤྲིངས་འོངས། དེ་ལས་དོན་ཚན་ཞིག་ཏུ་ཕ་མ་གཉིས་ཀྱིས་བྱིས་པ་དང་མཉམ་དུ་དཔེ་ཀློག་བྱེད་དགོས་པའི་རེ་བ་བཏོན་འདུག དེ་བས་ཨ་ཕ་དེས་དགེ་རྒན་གྱི་རེ་བ་དང་དུ་བླངས་ཤིང་། ལོ་ལྔའི་རིང་ལ་བྱིས་པ་དང་མཉམ་དུ་དཔེ་དེབ184བཀླགས། ཁོས་ཐོག་མའི་དུས་སུ་དཔེ་ཀློག་གི་སྙིང་བོ་མ་ཚོར་མོད། ཟླ་གཅིག་ལྷག་གི་རྗེས་སུ་དཔེ་ཆ་ཀློག་པ་ནི་ཆང་འཐུང་བ་ལས་དོན་སྙིང་གིས་ཕྱུག་པ་ཚོར་ནས་རིམ་གྱིས་རང་འགུལ་ངང་མགྲོན་འབོད་སྣེ་ལེན་གྱི་རིགས་ལ་བྱོལ་གང་ཐུབ་ཀྱིས་བྱིས་པ་དང་མཉམ་དུ་དཔེ་ཀློག་བྱས་པར་བཤད། ཁོས་ད་དུང“ལོ་ངོ་ལྔའི་ནང་དུ་བྱིས་པ་སློབ་ཆུང་འགྲིམས་ཤིང་། ང་རང་སློབ་ཆེན་འགྲིམས”ཟིན་ཞེས་བཤད། དེ་ནས་བཟུང་ཁོ་དང་བྱིས་པའི་བར་ཁ་བརྡ་ཅི་ཡང་བྱེད་ལ། ཁོ་གཉིས་ཀྱི་ཁ་བརྡའི་སྨྱན་སྦྱོར་ནི་དཔེ་དེབ་ཡིན་པ་རེད།
ཕ་མ་རྣམས་ལས་བྲེལ་ཆེ་ལ་ཁོམ་གསེང་གི་དུས་ཚོད་མེད་ཀྱང་། གང་ནུས་སྒོས་བྱིས་པ་དང་འགྲོགས་འདྲིས་བྱེད་དགོས། ཕ་མ་མང་ཆེ་བ་ལས་ཚོགས་གྲོལ་ནས་ཁྱིམ་དུ་ལོག་རྗེས། རོལ་རྩེད་རྩེ་བ་དང་བརྙན་འཕྲིན་ལ་བལྟ་བར་དགའ། དེའང་རྒྱུན་ལྡན་ཡིན་མོད། ཕ་མ་བུ་ཕྲུག་དབར་གྱི་འབྲེལ་བ་སྔར་ལས་བཟང་འདོད་ན། རང་ཉིད་ཀྱི་བྱ་སྤྱོད་ལ་ངེས་པར་ཚོད་འཛིན་བྱ་དགོས།
2.ལྟ་ཀློག ང་ལ་དཔེ་ཆ་བཀླགས་ནས་ཉན་དུ་འཇུག་མཁན་གྱི་མ་ཡུམ་ཞིག་ཡོད།
ལྟ་ཀློག་གི་གོམས་གཤིས་ནི་ཁྱིམ་ཚང་གིས་བསྐྲུན་དགོས་ཏེ། ཅེམ་ཐྲོ་རོའོ་སིས《ལྟ་ཀློག་ལག་དེབ》ཏུ“ཁྱེད་ལ་ནོར་བུ་སྒམ་དུ་བརྩིགས་ཤིང་གསེར་སྦྲམ་མཛོད་དུ་ཉར་བའི་འཛད་མེད་ཀྱི་རྒྱུ་ནོར་ཡོད་ཀྱང་སྲིད་མོད། འོན་ཀྱང་ཁྱོད་ནི་ནམ་ཡང་ང་ལས་ཕྱུག་པོར་འགྱུར་ཐབས་བྲལ། དེ་ནི་ང་ལ་དཔེ་ཆ་བཀླགས་ནས་ཉན་དུ་འཇུག་མཁན་གྱི་མ་ཡུམ་ཞིག་ཡོད་པས་སོ། །”ཞེས་པའི་སྙན་ཚིག་ཅིག་དྲངས་འདུག་པ་ལྟར། ལྟ་ཀློག་ནི་བྱིས་པའི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྱུར་བའི་ཁུངས་གཙོ་བོ་ཡིན་པས། ལྟ་ཀློག་གི་ནུས་པ་དང་ལྟ་ཀློག་གི་མོས་པ། ལྟ་ཀློག་གི་གོམས་གཤིས་བཅས་སྐྱེད་སྲིང་བྱེད་པ་ནི་ཁྱིམ་ཚང་ནས་མགོ་བརྩམ་དགོས།
ཐོག་མའི་ལྟ་ཀློག་ནི་ཕ་མ་བུ་ཕྲུག་གི་མཉམ་ཀློག་ཡིན་ཞིང་། དེ་ཡང་ཕ་མས་བཀླགས་ཏེ་བྱིས་པར་ཉན་དུ་འཇུག་པ་ལ་ཟེར་བ་ཡིན། སློབ་གྲྭར་མ་འགྲིམས་ཡར་སྔོན་དུ་བྱིས་པས་ཡིག་ངོ་མི་ཆོད་ཕྱིར་ལྟ་ཀློག་གི་ནང་དོན་མང་ཤོས་ནི་རི་མོ་ནས་མགོ་བརྩམ་འོས་ལ། བྱིས་པ་རྣམས་ཀྱིས་ཐོག་མར་རི་མོ་ལ་བརྟེན་ནས་འཇིག་རྟེན་ངོས་འཛིན་པས་ན་བྱིས་པའི་བཀླག་དེབ་ཀྱི་རིན་ཐང་དང་ནུས་པ་ནི་བློར་མི་ཤོང་སྟེ། བྱིས་པའི་གནད་དོན་གང་ཞིག་ཐག་གཅོད་པར་དེ་འབྲེལ་གྱི་དཔེ་དེབ་ཡོད་ལ། ལྟ་ཀློག་གི་ནུས་པ་ནི་ཁ་ཏ་བརྒྱ་སྟོང་ལས་ཀྱང་ལྷག་གོ །
ཆེས་གལ་འགངས་ཆེ་བ་ནི་བྱིས་པའི་དུས་སྐབས་སུ་ལྟ་ཀློག་གི་གོམས་གཤིས་ཆགས་པར་བྱེད་ནུས་ཚེ། སླད་ཕྱིན་རང་འགུལ་གྱིས་དཔེ་དེབ་བཙལ་ནས་བཀླག་ངེས།
ལྟ་ཀློག་ལ་སྤྲོ་བ་ཡོད་དགོས། དེ་ནི་བྱིས་པར་ཐོག་མ་ཉིད་ནསKFCདང་མའེ་ཁི་ཌ་ནའོ་སོགས་བཟའ་རུ་བཅུག་ནས། ཡུན་གྱིས་གོམས་ལོབས་སུ་གྱུར་ནKFCདང་མའེ་ཁི་ཌ་ནའོ་ཁོ་ནར་དགའ་བ་ལྟར་ཏེ། ཁོ་ཚོས་འཇིག་རྟེན་ན་འདི་ལས་ལྷག་པའི་ཟས་མཆོག་གཞན་ཡོད་པ་མི་ཤེས་པས་རེད། དཔེ་ཀློག་ཀྱང་དེ་དང་མཚུངས་པར་དཔེ་དེབ་ཉ་ཉོག་མང་དུ་བཀླགས་ན་དཔེ་དེབ་བཟང་པོར་རོལ་མྱོང་གི་ནུས་པ་ཉམས་སྲིད།
3.གོམས་གཤིས། སློབ་གསོ་ལེགས་འགྲུབ་འབྱུང་མིན་གྱི་གནད་འགག་ནི་གོམས་གཤིས་བཟང་པོ་ཞིག་གསོ་སྐྱོང་བྱེད་ཐུབ་མིན་དང་འབྲེལ་བ་དམ་པོ་ཡོད།
སྐུ་ཞབས་ཡེ་ཧྲིན་ཐའོ་ཡིས་སློབ་གསོ་ནི་གོམས་གཤིས་གསོ་སྐྱོང་བྱ་བར་གོ་དགོས་ལ། སློབ་གསོ་ལེགས་འགྲུབ་བྱུང་མིན་ནི་གོམས་གཤིས་ལེགས་པོ་ཞིག་ཆགས་ཡོད་མིན་གྱིས་འཇོག་དགོས་པར་གསུངས། ལུས་རྩལ་ནི་མཆོང་རྩལ་དང་རྒྱུག་རྩལ། སྤོ་ལོ་རྒྱག་རྩལ་གྱི་བཟང་ངན་ཁོ་ན་ཙམ་མ་ཡིན་པར། སྦྱོང་བརྡར་གྱི་གོམས་གཤིས་ཡག་པོ་ཆགས་ཡོད་མིན་གྱིས་འཇོག་དགོས་ཏེ། གལ་ཏེ་ལུས་རྩལ་སྦྱངས་འབྲས་བཟང་ཡང་། རྒྱས་ཟ་རྒྱས་འཐུང་བྱས་ནས་སྦྱོང་བརྡར་མ་བྱས་ཚེ་ལུས་པོ་ཇེ་ཞན་དུ་འགྱུར་སྲིད་པས། དེ་ཡང་ལེགས་འགྲུབ་བྱུང་བའི་ལུས་རྩལ་ལ་རྩིས་སུ་མེད། སློབ་གསོས་མཚར་འཛིན་གྱི་བློ་བསྐྱེད་ནས། རྒྱུན་ཆད་མེད་པར་རང་ཚུགས་དང་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་གོམས་གཤིས་ལྡན་པར་བྱེད་དགོས་པ་ལས། སློབ་གྲྭར་ཡོད་དུས་སྐར་མ100ལེན་པ་དང་། སྤྱི་ཚོགས་སུ་སླེབས་རྗེས་དཔེ་ཆར་ལྟ་ཙམ་ཡང་མི་བྱེད་པ་ཞིག་ལ་གོ་མི་རུང་།
སློབ་གསོ་བཅོས་བསྒྱུར་གསར་པར“ཟླ་རེར་དོན་རེ”ཟེར་བའི་བྱེད་སྒོ་ཞིག་ཡོད། དེ་ནི་བྱིས་པར་ཟླ་རེར་དོན་རེ་བསྒྲུབ་ཏུ་བཅུག་ནས་གོམས་གཤིས་ལེགས་པོ་སྐྱོང་བ་ལ་ཟེར་བ་ཡིན། དཔེར་ན། ཟླ་གཅིག་ལ་ཟ་མ་བཟའ་ཚུལ་སློབ་པ། ཟ་མ་བཟའ་དུས་ཀྱི་གོམས་གཤིས་མང་པོ་སྐྱེད་སྲིང་བྱེད་དགོས་ཏེ། གུས་ལུགས་ཁོ་ན་ཙམ་མ་ཡིན་པར་གོམས་གཤིས་དང་འབྲེལ་བའི་སྐོར་ཡང་སྐྱེད་སྲིང་བྱེད་དགོས། ཡང་དཔེར་ན་ལམ་དུ་བགྲོད་ཚུལ་སློབ་པ། ལམ་དུ་བགྲོད་པ་ལའང་གོམས་གཤིས་མཆིས་ལ། གོམས་གཤིས་དེའི་རྒྱབ་ལོགས་ན་ཚད་གཞི་རང་བཞིན་ཅན་གྱི་བྱ་དངོས་ཀྱང་མང་པོ་ཡོད། ང་ཚོས་གློག་དམར་མི་བརྒལ་ཟེར་བས་ལམ་སྲོལ་བརྩི་སྲུང་བྱས་པ་མཚོན་ལ། ལམ་སྲོལ་བརྩི་སྲུང་བྱེད་པའང་གོམས་གཤིས་ཤིག་ཡིན་པ་ལྟར་རོ། །
སེམས་ཁམས་རིག་པ་བས་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། གོམས་གཤིས་ལེགས་པོ་ཞིག་རྒྱུད་ལ་འཇགས་པར་བསྟུད་མར་ཉིན21རིང་གི་སྦྱོང་བརྡར་བྱེད་དགོས་ལ། ཁྱིམ་ཚང་གིས་བྱིས་པར་འཚོ་བའི་གོམས་གཤིས་ལེགས་པོ་འཇགས་པར་རོགས་རམ་གང་ལེགས་བྱེད་དགོས་པར་བསྟན་པ་ལྟར། ཁྱིམ་བདག་རྣམས་ཀྱིས་ལོ་གསར་དང་དགུན་གནང་གི་སྐབས་སུ། བྱིས་པར་འགྲོགས་འདྲིས་ཡག་པོ་བྱས་ནས་བུ་ཕྲུག་གི་སེམས་འདུན་ལ་ཉན་པ་དང་། བྱིས་པར་གོམས་གཤིས་ལེགས་པོ་འཇགས་པར་རོགས་རམ་བྱེད་དགོས་པར་མ་ཟད། བྱིས་པ་བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་ངང་འཚར་ལོངས་འབྱུང་བར་བྱ་དགོས། །