མཛོད་དགེའི་མཚོ་ཁྱ་ཁྲེབ་རླན་སའི་ཁྲུང་ཁྲུང་སྲུང་སྐྱོང་པ་རིག་ཁོ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-16



       རྒྱང་མཐོང་གཅིག་དང་ཆར་ལྭ་མཐུད་མ་གཅིག ཁ་པར་གཅིག་བཅས་ནི་མཛོད་དགེའི་རླན་སའི་དོ་དམ་སྲུང་སྐྱོང་པ་རིག་ཁོའི་ཁྲུང་ཁྲུང་སྐེ་ནག་སྐོར་སྲུང་བྱེད་པའི་ལག་ཆ་གཙོ་བོ་ཡིན།
       ཟླ་5བའི་ཚེས་11ཉིན། མཛོད་དགེའི་མཚོ་ཁྱ་ཁྲེབ་ཀྱི་རླན་ས་ནས། རིག་ཁོས་རྒྱང་མཐོང་དལ་མོ་དལ་མོས་སྤོ་འགུལ་བྱས་ནས་ཐག་རིང་གི་རྩྭ་ཐང་སྟེང་ན་ཁྱུ་དང་ཁྱུ་བྱས་ནས་ཡོད་པའི་ཁྲུང་ཁྲུང་སྐེ་ནག་ལ་ལྟ་ཞིབ་བྱས་ཤིང་། ངག་ནས་ཁྲུང་ཁྲུང་བརྩི་ཞོར་དུ་མཛུབ་མོས་ཕྱོགས་གཅིག་བསྟན་ཏེ་གསར་འགོད་པར་བཤད་རྒྱུར། ལྟོས་དང་། གན་ན་ཁྲུང་ཁྲུང་གཉིས་ཡོད་ཅིང་། གཅིག་ཐང་ལ་ཉལ་འདུག ད་ལོ་མིག་སྔར་ཁྲུང་ཁྲུང་13ཕྱིར་འཕུར་ནས་ཚང་8བཟོས་ཟིན། རིག་ཁོས་བཤད་རྒྱུར་ཁོས་གནས་འདི་ནས་ལོ་11ལ་ཁྲུང་ཁྲུང་བསྲུང་བ་ཡིན། ཁྲུང་ཁྲུང་སྐེ་ནག་གིས་མཐོ་སྒང་གི་རླན་ས་འདི་ནས་རང་དབང་བག་ཕེབས་ཀྱིས་འཚོ་བ་རོལ་བ་མཐོང་ཚེ་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཡོང་ཞེས་བཤད།
        2018ལོར་རིག་ཁོ་མཛོད་དགེའི་ས་མཐོའི་རླན་སའི་སྐོར་སྲུང་བར་གྱུར། ཁོས་རང་ལས་གཞན་པའི་སྐོར་སྲུང་བ་34དང་མཉམ་དུ་སྤྱི་ཆང་ཁྲི16.65ཡི་ས་མཐོའི་རླན་ས་འདི་ལ་སྲུང་སྐྱོང་བྱས། སྐོར་ཞིབ་བྱེད་ཐེངས་རེ་ལ། རིག་ཁོས་མཚོ་ཁྱ་ཁྲེབ་འགྲམ་གྱི་སྤྱི་ལེ་4ལ་བརྒྱུད་ནས་དུས་ཚོད་འགའ་ལ་འགྲོ་དགོས་ཤིང་། འགྲོ་ཞོར་དུ་ཁྲུང་ཁྲུང་གི་གྲངས་ཀ་ལ་ལྟ་ཞིབ་བྱས་ནས་ཁོ་ཚོས་རྒྱུན་ལྡན་ལྟར་འགུལ་སྐྱོད་བྱེད་མིན་དང་། ནད་ཕོག་ཡོད་མེད། གཞན་གྱིས་གནོད་འཚེ་བཏང་ཡོད་མེད་ལ་བལྟས་ཏེ་ཟིན་ཐོར་འགོད་པ་རེད། དེ་དང་ཆབས་གཅིག་ལམ་འགྲམ་དང་རྩྭ་ཐང་གི་རླན་སའི་གད་སྙིགས་འཐུ་བ་སོགས་ཀྱི་ལས་ལ་བརྩོན་པ་རེད།
       ཁྲུང་ཁྲུང་སྐེ་ནག་ནི་མཐོ་སྒང་ནས་འཚར་ཞིང་འཕེལ་བའི་ཁྲུང་ཁྲུང་གི་རིགས་ཤིག་ཡིན། མིའི་རིགས་ཀྱིས་རྙེད་པ་ཆེས་འགྱང་ཞིང་མཐོ་སྒང་ས་ཁུལ་ནས་འཚོ་བའི་ཆེས་དཀོན་ཞིང་རྩ་ཆེ་བའི་ཁྲུང་ཁྲུང་ཉག་ཅིག་ཡིན། མིག་སྔར་འཛམ་གླིང་དུ་ཁ་གྲངས་10000ཡས་མས་ལས་མེད། རིག་ཁོས་ལོ་མང་པོའི་སྐོར་སྲུང་ཉམས་མྱོང་གཞིར་བྱས་ཏེ་བཤད་རྒྱུར། གལ་ཏེ་ཁྲུང་ཁྲུང་གཉིས་མཉམ་དུ་ཡོད་ཅིང་། ཁྲུང་ཁྲུང་ཕོ་ཡིས་ཁྲུང་ཁྲུང་མོ་ལ་སྐོར་ཞིང་། སྐད་ཅོར་སྒྲོག་པ་དང་། ཞབས་བྲོ་འཁྲབ་པ་ལྟར་གཤོག་རྡེབ་བྱེད་པ་མཐོང་ཚེ་ཁོ་ཚོས་འཇིག་རྟེན་མཐུན་འཇུག་གི་བྱ་བ་བྱེད་བཞིན་པ་ཁོ་ཐག་ཡིན་ཏེ། མི་འགྱང་བར་ཕྲུ་གུ་ཞིག་ཀྱང་ཡོད་ངེས་ཟེར།
        སྐོར་སྲུང་སྐབས་སུ། ཁྱིམ་དུ་སོང་ནས་འཚོ་བའི་མཁོ་ཆས་འགའ་རེ་ལེན་པ་མ་གཏོགས་རིག་ཁོ་ནམ་རྒྱུན་མཚོ་ཁྱ་ཁྲེབ་འགྲམ་གྱི་སྤྱིལ་བུ་རུ་ཁེར་སྡོད་བྱེད་པ་རེད། ཉིན་རེར་སྒོ་ཕྱེས་མ་ཐག་ནས་ཁྲུང་ཁྲུང་མིག་ལམ་དུ་མངོན་ཡོང་ལ། དུས་ཡུན་རིང་བོར་ཁྲུང་ཁྲུང་དང་འགྲོགས་པས། ཁོ་དང་ཁྲུང་ཁྲུང་བར་ལ་ཤ་ཉེ་དུ་ལྟ་བུའི་བརྩེ་བ་ལྡན། ལོ་རེར་ཕྱིར་ཡོང་བའི་ཁྲུང་ཁྲུང་སྐེ་ནག་མཐོང་ཚེ། རིག་ཁོས་བོད་སྐད་ཀྱིས་བརྩེ་སེམས་ལྡན་པའི་ངང་གྲོགས་པོ་རྙིང་བ་འདི་དག་ལ་མཚམས་འདྲི་བྱེད་པ་རེད། 
         ཁྲུང་ཁྲུང་གིས་ཀྱང་རིག་ཁོ་མཐོང་ན་ཡང་མི་གཡོལ། རིག་ཁོས་གསར་འགོད་པར་བཤད་དོན། ཁོ་སྡོད་སའི་སྤྱིལ་བུའི་གཡས་ཀྱི་མདུན་ཕྱོགས་ཀྱི་སྨི་500ཡི་མཚམས་སུ་ཁྲུང་ཁྲུང་གི་ཚང་ཞིག་ཡོད། ན་ནིང་གི་ཟླ་5བའི་ནང་ཁོས་སྐོར་ཞིབ་ཁྲོད་ཁྲུང་ཁྲུང་ཁྱུ་གི་ཚང་འདི་གསར་དུ་རྙེད། དེ་ནི་ཁོ་སྡོད་ས་དང་ཉེ་བར་མ་ཟད། མཚོ་ཁྱ་ཁྲེབ་ཀྱི་འདམ་རའི་ཤིང་བཟོས་ས་ཚུགས་དང་བར་ཐག་སྨི་15ཡས་མས་ལས་མེད་ཅིང་། ཉིན་འགའི་རྗེས་སུ། ཁྲུང་ཁྲུང་དེས་ཕྲུ་གུ་ཞི་ཀྱང་སྐྱེས་འདུག་པ་རིག་ཁོས་མཐོང་། 
       ཡུལ་སྐོར་བས་བར་ཆད་བཏང་ནས་སྒོ་ང་བདེ་ལེགས་ངང་རིམ་འགྱུར་མི་ཐུབ་པར་སེམས་ཁུར་ཆེ་བས། རིག་ཁོ་ཉིན་རེ་བཞིན་ཡུལ་སྐོར་བ་མ་ཐོན་གོང་ནས་གནས་འདི་ལ་ཐོན་ནས་ཡུལ་སྐོར་བ་དང་འབྲོག་པ་ཉེ་སར་བཅར་བར་བཀག་འགོག་བྱས། ཡུལ་སྐོར་བ་སོང་རྗེས་ད་གཟོད་ཕྱིར་ལ་འགྲོ་བ་རེད། ཉིན་ཉི་ཤུ་ལ་བསྲུང་རྗེས་སྤུ་སོབ་སོབ་ཀྱི་ཁྲུང་ཕྲུག་བདེ་ལེགས་ངང་སྒོ་ང་ལས་ཕྱི་ལ་ཐོན།
       ད་ལོའི་ཟླ་3པའི་ཚེས་12ཉིན། ཁྲུང་ཁྲུང་སྐེ་ནག་ཁྱུ་འདི་ཕྱིར་འཕུར་ནས་ཐོན་ཞིང་། སྐྱེས་འཚར་ལོངས་བའི་ཁྲུང་ཁྲུང་ཞིག་ཀྱང་ཁྲིད་ཡོང་འདུག་ཟེར། རིག་ཁོས་འདི་ཡང་ཁོས་ད་ལོ་ཐོག་མར་མཐོང་བའི་་ཁྲུང་ཁྲུང་སྐེ་ནག་མཚོ་ཁྱ་ཁྲེབ་ཏུ་ཕྱིར་འཕུར་ཡོང་བ་དེ་ཡིན་ཟེར། རྒྱུས་མངའ་ཆེ་བའི་གྲོགས་པོ་རྙིང་བ་འདི་དག་མཐོང་ཚེ། ཁོས་སྔར་ནང་བཞིན་ཁ་པར་གྱིས་ཁོ་ཚོ་ཕྱིར་འཕུར་ཡོང་བ་དེ་བརྙན་ལ་བླངས། དེ་དང་ཆབས་གཅིག་ཏུ། ཨ་ཁུ་ཁྱུང་ལྷ། ཁྱེད་ཚོ་བདེ་མོ། ས་ཐག་རིང་བོ་དེ་འདྲ་ཞིག་ནས་འཕུར་ཡོང་བ་དཀའ་ལས་མྱངས་སོང་ངམ་ཞེས་བརྩེ་སེམས་ཟབ་མོས་ཁོ་ཚོར་མཚམས་འདྲི་བྱས།
        ཁྲུང་ཁྲུང་སྐེ་ནག་ཕྱིར་འཕུར་ཡོང་བ་ནས་བཟུང་དུས་བྱ་གཞན་དག་ཀྱང་ཐོན་ཡོང་བས། མཚོ་ཁྱ་ཁྲེབ་སྤྲོ་སྣང་གིས་ཁེངས་འགྲོ་ཞེས་རིག་ཁོས་མུ་མཐུད་དུ་བཤད་རྒྱུར། ལོ་རེའི་ཟླ་3པ་ནས་ཟླ11བར་ཁྲུང་ཁྲུང་སྐེ་ནག་ཕྱིར་མཛོད་དགེ་རུ་འཕུར་ཡོང་ཞིང་བྱ་ཚང་བཟོ་ལ། རིམ་གྱིས་ཁྲུང་ཁྲུང་གི་ཁ་གྲངས་མང་དུ་འཕེལ་ཡོང་། འོན་ཀྱང་། དགུན་ཁའི་རླན་ས་ནི་སྐྱ་ཐེར་ཐེར་བྱེད་ཅིང་། ཉེ་འགྲམ་དུ་གྲོང་མི་ཡང་མེད། ལྷག་པར་ཁྲུང་ཁྲུང་གི་སྐད་སྙན་ཡང་ཐོས་མི་ཐུབ་པར། ཡོད་ཚད་ཁུ་སིམ་མེར་ཆགས་དུས་རིག་ཁོ་ལ་ཁེར་རྐྱང་གི་སྣང་བ་བཅོས་མིན་དུ་སྐྱེས་ཡོང་ཟེར། ཡིན་ཡང་། ཁྲུང་ཁྲུང་སྐེ་ནག་དང་མཉམ་དུ་སྡོད་པ་ནི་རང་ཉིད་ཆེས་སྤྲོ་སྣང་ཆེ་བའི་ལས་ཀ་ཞིག་ཡིན། ད་ལྟ་ཁྱིམ་མིས་ཀྱང་ཁོའི་ལས་ཀར་རྒྱབ་སྐྱོར་བྱེད་པར་མ་ཟད། སྐབས་རེར། མཛོད་དགེ་བཞག་སྡོམ་ན་ཡོད་པའི་ཆུང་མས་ཀྱང་ཁོ་དང་མཉམ་དུ་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོང་དང་རྩྭ་ཐང་གི་གད་སྙིགས་འཐུ་བ་རེད། ཁོས་གསར་འགོད་པར་བཤད་རྒྱུར། རྩྭ་ཐང་ནི་ང་ཚོའི་ཕ་ཁྱིམ་ཡིན། ཁྲུང་ཁྲུང་སྐེ་ནག་ནི་ང་ཚོའི་ཁྱིམ་མི་ཡིན། ཁོང་ཚོ་ལ་སྲུང་སྐྱོང་བྱེད་པ་ནི་ང་ཚོ་རྩྭ་ཐང་གི་མི་རེ་རེའི་ཕྲག་ཏུ་བབས་པའི་གཡོལ་མེད་ཀྱི་འགན་འཁྲི་ཡིན་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1