ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རིག་གནས་ཡུལ་སྐོར་ལས་དོན་གྱི་ཚད་བརྒལ་ཆེད་ཁག་ནས་ཤེས་རྟོགས་བྱུང་གསལ། འཕྱོངས་རྒྱས་རྫོང་གིས2019ལོ་ནས་བཟུང་། “འཕྱོངས་རྒྱས་ཀྱི་ནས་ཆང་འཐུང་བའི་རིག་གནས་དུས་ཆེན”གྱི་ཉིན་དེ་ཟླ6པའི་ཚེས29ཉིན་དང་། “བོད་ལྗོངས་འཕྱོངས་རྒྱས་ཀྱི་ཐུ་བྷོད་རིག་གནས་ཡུལ་སྐོར་དུས་ཆེན”གྱི་ཉིན་མོ་དེ་ལོ་རེའི་ཟླ7པའི་ཚེས15ཉིན་གཏན་འཁེལ་བྱས་པ་རེད།
འདི་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་ཁག་དང་པོའི་འཕྱོངས་རྒྱས་བོད་རྗེའི་བང་སོ་རེད།
འཕྱོངས་རྒྱས་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་དང་། ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་ལྷོ་འགྲམ་དུ་གནས་ཤིང་། དེ་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པས།“བོད་མི་རིགས་ཀྱི་མེས་པོ་དང་། བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས”ཞེས་འབོད་ཀྱི་ཡོད། དེའི་མངའ་ཁོངས་སུ་རིག་དངོས་གནའ་ཤུལ་ཧ་ཅང་མང་པོ་ཡོད་དེ། སྐད་གྲགས་ཆེ་བའི་བོད་རྗེའི་བང་སོ་དང་། མཁར་ཕྱིང་བ་སྟག་རྩེ། རི་བོ་བདེ་ཆེན་དགོན་གྱི་གནའ་ཤུལ་སོགས་ཡོད་པ་དེ་དག་གནས་འདི་རུ་ཡོད། འཇུ་པའི་བྲོ་སོགས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་ནི་སྔར་བས་ཡུལ་གྲུ་ཀུན་ཏུ་གྲགས་ཡོད་པས་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་པོས་དོ་ཁུར་བྱེད་ཀྱི་ཡོད།
འདི་ནི་སྲོང་བཙན་སྒམ་པོའི་བང་སོ་རེད།
ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྱོངས་རྒྱས་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས“ཡུལ་སྐོར་འགག་སྒྲོལ”གྱི་འཕེལ་རྒྱས་བསམ་ཕྱོགས་བཏོན་པ་སྟེ། “ཡུལ་སྐོར་གྱིས་དམངས་ཕྱུག་དང་རྫོང་གི་སྟོབས་ཤུགས་ཆེ་རུ་གཏོང་བ”དམིགས་ཡུལ་དང་།“ཐུ་བྷོད་རིག་གནས”བླ་སྲོག་བྱས་པ་དང་། “དམངས་སྲོལ་གོམས་ལུགས”ལྟེ་བ་དང་“གྲོང་གསེབ་ཀྱི་ཡུལ་སྐོར”འདེགས་གནས་བྱས་ཏེ་འབད་པ་ཆེན་པོས་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་ཅིང་། སྔ་རྗེས་སུ་ཟླ་བ་སྒྲོལ་མའི་གཞིས་རྙིང་དང་། རི་བོ་བདེ་ཆེན་དགོན་པའི་གནའ་ཤུལ་ནང་ཁུལ་གྱི་མཐོར་འདེགས་བཟོ་སྐྲུན་ཇུས་འགོད་དང་ལག་བསྟར་བྱས་ཏེ། ཡུལ་སྐོར་བགྲོད་ལམ་བཅོས་སྒྱུར་དང་། ནུ་མའི་ཆུ་མིག་དང་། བདེ་སྐྱིད་གླིང་ཁ། འཕྲང་དཀར་སྐྱེ་ཁམས་གླིང་། ཆང་ཁྱིམ་གྲོང་གསེབ་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་གསར་འབྱེད་བྱས།
འདི་ནི་ཐུ་བྷོད་ཀྱི་མཁར་ཕྱིང་བ་སྟག་རྩེའི་གནའ་ཤུལ་རེད།
“ འཕྱོངས་རྒྱས་ཀྱི་ལོ་རྒྱུས་ཡུན་རིང་ཞིང་རིག་གནས་ཀྱི་རྔམས་མཐུག་པོ་ཡོད་པས། འཕྱོངས་རྒྱས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་ནི་འཕྱོངས་རྒྱས་རྫོང་ཨུད་སྲིད་གཞུང་གི་འཐབ་ཇུས་ཤིག་ཡིན་ཞིང་། རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བའི་དམིགས་ཡུལ་ནི་འཕྱོངས་རྒྱས་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་མིང་དུ་གྲགས་ཏེ། མི་དམངས་མང་ཚོགས་ལ་ཡུལ་སྐོར་གྱི་ཟ་མ་ཟ་རུ་བཅུག་ནས་ཡུལ་སྐོར་གྱི་ལམ་བུར་སྐྱོད་པ་དང་། དངོས་གནས་ཡུལ་སྐོར་གྱི་ཁྲོད་ནས་ཕྱུག་འགྱུར་དང་ཡོང་འབབ་འཕར་དུ་འཇུག་དགོས”ཞེས་འཕྱོངས་རྒྱས་རྫོང་རྫོང་ཨུད་འབྲེལ་ཡོད་འགན་འཁུར་པས་དེ་ལྟར་བཤད།
འདི་ནི་ཁྱེད་ལ་འཕྱོངས་རྒྱས་ཀྱི་ཆང་ཁྱིམ་ནས་ཆང་དཀར་ཡོལ་གང་འདྲེན་པའི་རྣམ་པ་རེད།
“འཕྱོངས་རྒྱས་ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན”དང“བོད་ལྗོངས་འཕྱོངས་རྒྱས་ཐུ་བྷོད་རིག་གནས་ཡུལ་སྐོར་དུས་ཆེན”དེ་འཕྱོངས་རྒྱས་རིག་གནས་ཡུལ་སྐོར་གྱི་རྟགས་མཚན་རང་བཞིན་གྱི་དུས་ཆེན་གྱི་མིང་བྱང་ཞིག་ཡིན་པའི་ཆ་ནས་བདེ་བླག་ངང་སྐབས་གསུམ་དུ་སྤེལ་ཏེ། བོད་རང་སྐྱོང་ལྗོངས་ཕྱི་ནང་ཀུན་ཏུ་ཤུགས་རྐྱེན་དང་མཚན་སྙན་ཀུན་ལ་ཁྱབ་ཡོད།
འདི་ནི་བོད་ཀྱི་ལྷ་མོ་ཆེན་པོ་བརྒྱད་ཀྱི་དང་པོ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། འཕྱོངས་རྒྱས་ཁ་བྲོ་བཀྲ་ཤིས་འབས་སྟོན་པ་དཀར་པོ་རེད།(འབག་དཀར་ལྷ་མོ)
འཕྱོངས་རྒྱས་རིག་གནས་ཡུལ་སྐོར་ལས་དོན་གྱི་ཚད་བརྒལ་འགན་འཁུར་བས་བཤད་རྒྱུར“འཕྱོངས་རྒྱས་རྫོང་ཨུད་དང་། རྫོང་སྲིད་གཞུང་གིས་འཕྱོངས་རྒྱས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤྱིའི་འཕེལ་རྒྱས་ལ་གཞི་ཚུགས་ཏེ། དུས་ཆེན་གཉིས་སྤེལ་བའི་དུས་ཚོད་དེ་གཏན་ཁེལ་ཁྱོན་ནས་བྱས་ཤིང་། འདི་ལྟར་བྱས་ན་དུས་ཆེན་གྱི་གྲ་སྒྲིག་དང་དེ་སྤེལ་བར་ཕན་པ་ཡོད་པར་མ་ཟད། འཕྱོངས་རྒྱས་ཀྱི་རིག་གནས་ཡུལ་སྐོར་གྱི་མཚན་སྙན་མུ་མཐུད་དུ་མཐོ་རུ་གཏོང་བ་དང‘ཐུ་བྷོད་ཀྱི་གནའ་ཤུལ་ཏེ། ཡར་ཀླུང་གྲོག་རོང’གི་རིག་གནས་ཡུལ་སྐོར་གྱི་མིང་བྱང་གསར་གཏོད་བྱ་བར་དོན་སྙིང་གལ་ཆེན་ལྡན”ཞེས་བཤད།
འདི་ནི་དཔྱིད་གསར་དུས་ཆེན་གྱི་གར་སྟེགས་སུ་འཁྲབ་པའི་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་ཏེ་འཇུ་པའི་བྲོ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།“ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན་སྐབས་བཞི་པ”དེ་ཟླ6པའི་ཚེས29ཉིན་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་སྤེལ་རྒྱུ་ཡིན་པ་དང་།“བོད་ལྗོངས་འཕྱོངས་རྒྱས་ཀྱི་ཐུ་བྷོད་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ”དེ་ཟླ7པའི་ཚེས15ཉིན་སྤེལ་རྒྱུ་རེད། སྐབས་དེར་རྣམ་པ་གསར་རྐྱང་གི་གནའ་ཤུལ་དང་། ཐུན་མོང་མ་ཡིན་པའི་བོད་ཁུངས་ཀྱི་རིག་གནས་དང་། མཛེས་སྡུག་ལྡན་པའི་མཁར་གྲོང་ཆུང་བའི་མཛེས་ལྗོངས། སྣ་མང་ཕུན་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོར་བསུ་བ་བྱས་ཏེ་རིག་གནས་ཡུལ་སྐོར་ཐེངས་མང་པོའི་གསོལ་སྟོན་མཉམ་རོལ་བྱ་རྒྱུ་རེད།