༄༅།། བོད་ཀྱི་སྙན་ངག་དང་སྙན་ངག་མེ་ལོང་མའི་ཐད་ཀྱི་བསམ་གཞིག

རྩོམ་སྒྲིག་པ།ཡོང་ཁུངས།སྒྲོལ་མ་ཆོས་མཚོ། སྤེལ་དུས། 05-20


སྒྲོལ་མ་ཆོས་མཚོ། མི་རིགས་དཔེ་སྐྲུན་ཁང་།
1.མེ་ལོང་མའི་སྔོན་གྱི་བོད་ཀྱི་སྙན་ངག་གི་སྐོར།
        དེ་ཡང་སྤྱིར་རྩོམ་རིག་གི་འབྱུང་ཁུངས་སྐོར་ལ་འགའ་རེས་ལྷ་ཡུལ་ནས་མི་ཡུལ་དུ་དར་བར་འདོད་པ་དང་། ཡང་སྲོག་ཆགས་སོགས་ལ་ལད་མོ་བྱས་ནས་བྱུང་བར་འདོད་པ་དང་། རྩོམ་རིག་ནི་རོལ་རྩེད་ཙམ་ཡིན་པར་འདོད་པ། བསམ་པའི་བརྩེ་དུང་སྟོན་པའི་དགོས་མཁོ་ལྟར་བྱུང་བར་འདོད་པ་སོགས་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་སོ་སོར་བཞེད་ཚུལ་དང་ལྟ་བ་མི་མཐུན་པ་མང་པོ་བྱུང་བར་བཤད་པས། ང་ཚོ་བོད་ལ་མཚོན་ནའང་སྙན་ངག་མེ་ལོང་མ་མ་བསྒྱུར་གོང་དུ་སྙན་ངག་གི་གཞུང་ཆ་ཚང་བ་ཞིག་མེད་པ་མ་གཏོགས། སྙན་ངག་མ་བྱུང་བའམ་སྙན་ངག་གཏན་ནས་མེད་པ་ནི་མ་ཡིན་ནོ། །
        དེ་ཡང་བོད་ཀྱི་སྙན་ངག་གམ་ཚིག་རྒྱན་རིག་པའི་གདོད་མའི་འབྱུང་ཁུངས་ནི། འཇིག་རྟེན་གྱི་རྩོམ་རིག་ལ་སྔ་བ་སྙན་ངག་དང་། སྙན་ངག་གི་གདོད་མའི་འབྱུང་ཁུངས་དམངས་གླུ་ཡིན་པར་རྩོམ་རིག་ལོ་རྒྱུས་སྨྲ་བ་ཐམས་ཅད་ཀྱིས་བཤད་པ་དང་། རིགས་པས་ཀྱང་གྲུབ་པས་འཛམ་གླིང་མཐོ་སྒང་དུ་གནས་པའི་བོད་མི་རིགས་འདི་ལ་ལོ་རྒྱུས་ཀྱི་ཡ་མཐའ་མི་ཟིན་པའི་གནའ་སྔ་མོ་ཞིག་ནས་ཉེར་འཚོའི་མཐུན་རྐྱེན་སྒྲུབ་པའི་ཐབས་ཤེས་དང་། རིགས་མཐུན་མི་ཡི་འགྲོ་བར་འབྲེལ་འདྲིས་བྱེད་པའི་བརྡ་སྐད་རིག་གནས་སོགས་ཀྱང་ཚད་ངེས་ཅན་ཞིག་ཡོད་པ་རྗེས་སུ་དཔོག་ཅིང་། འཚོ་བའི་སྐྱིད་སྡུག་གཅིག་ཏུ་གནས་པའི་མིའི་སྤྱི་ཚོགས་གྲུབ་པ་དང་། དེ་དག་ཕན་ཚུན་བར་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་མཚོན་པའི་གླུ་དང་བྲོ་གར་སོགས་ཀྱང་གདོད་མའི་དུས་ནས་བྱུང་བར་མི་ཡི་འགྲོ་བའི་ཆགས་རིམ་གྱི་སྤྱི་བབས་སུ་སྣང་ལ། དེ་ཡང་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཡོད་ཚད་ངལ་རྩོལ་དང་འབྲེལ་ནས་ཡོད་སྟབས། མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་བྱུང་འཕེལ་གྱི་གོ་རིམ་ཡང་ངལ་རྩོལ་དང་འབྲལ་ཐབས་མེད་པ་ཞིག་ཡིན་ལ། ངལ་རྩོལ་གྱི་སྐབས་རྣམས་སུ་ལུང་དུ་སྟོན་མི་སྟོན་གྱི་སྒྲ་སྣ་ཚོགས་འབྱིན་ནས་འགུལ་བསྐྱོད་དོ་མཉམ་པར་བྱེད་པ་དང་ངལ་བ་ཇེ་ཆུང་དུ་གཏོང་བའི་དགོས་མཁོ་སྐོང་བ་ནས་རིམ་གྱིས་རྩོམ་རིག་གི་རྣམ་པར་གྱུར་བ་ཞིག་ཡིན་ཏེ། དེ་ཡང་དཔེར་མཚོན་ན་དབུས་གཙང་ས་ཁུལ་གྱི་ཞིང་པའི་ཨར་པོ་རྒྱག་སྐབས་རྡོག་པའི་འགྲོས་དང་མཉམ་བྱེད་ཀྱི་ཨར་གཞས་དང་། ཁམས་ཕྱོགས་ཀྱི་གྱང་རྡུང་སྐབས་ཀྱི་ཤོ་ལེ་ཡག་མོ། མདོ་སྨད་ཕྱོགས་སུ་སྟན་དང་ཕྱིང་བ་འཇོག་པའི་ཚེ་ཀི་ལི་རུ། པང་ལི་རུ་ཞེས་པ་དང་། ཡང་ན་གཅིག་བརྒྱ་ལོ། ཉིས་བརྒྱ་ཐེ་སོགས་དང་། གཞན་ཡང་འབྲི་མོ་འཇོ་སྐབས་ཀྱི་ཨ་ཐུས་ཐུས་ལོ་དང་དགོ་དགོའི་བཞོ་དབྱངས། བྱིས་པ་གཉིད་འབེབས་ཀྱི་ཨ་མའི་ལོ་ལོ་སོགས་ངལ་རྩོལ་གྱི་རིགས་རེ་རེར་དབྱངས་ཀྱི་འགྱུར་ཁུགས་གསལ་བའི་སྙན་པའི་གླུ་རེ་རེ་ཡོད་པ་དང་། གླུ་དེ་རིགས་ཀྱི་ཚིག་འགྲོས་དང་ལས་ཀའི་འགུལ་བསྐྱོད་ཀྱི་ཚིག་འགྲོས་གཉིས་ཧ་ཅང་མཐུན་པོ་ཡིན་པ་འདི་ཁོ་ནས་ཀྱང་རོལ་མོ་དང་སྙན་ངག་ནི་གདོད་མའི་ངལ་རྩོལ་ཐོན་སྐྱེད་ཀྱི་ཁྲོད་ནས་བྱུང་བའི་གནས་ལུགས་གསལ་པོར་ཤེས་ཐུབ། དེ་བས་བོད་ཀྱི་ཁ་དཔེར། སྐད་ཆ་བཤད་ཤེས་པ་དང་གླུ་ལེན། གོམ་པ་སྤོ་ཤེས་པ་དང་བྲོ་འཁྲབ་ཞེས་གྲགས་པ་དེས་དམངས་ཁྲོད་དུ་གླུ་དང་བྲོ་གར་དར་ཆེ་བའི་གནས་ཚུལ་ངོ་མ་ཞིག་མཚོན་ཐུབ་བོ། །
        བོད་ཀྱི་དམངས་གླུའི་ཕྱོགས་ནས་བཤད་ནའང་། གླུ་ཤགས་དང་། མགུར་མོ། ལ་གཞས་དང་། རོགས་འཐེན། ཆོས་གླུ་དང་རྫི་གླུ། བསྟོད་གླུ། ཇག་གླུ་སོགས་དང་། གཞན་ཡང་སྲིད་པའི་ཆགས་གླུ། ཨ་མཚར་མཚར་དགུ། ཨ་ཆགས་ཆགས་དགུ་སོགས་གྲངས་དང་རྣམ་པ་མང་བ་དང་།སྒྱུ་རྩལ་གྱི་ཆུ་ཚད་མཐོ་བ། མི་རིགས་ཀྱི་གཤིས་ཀ་མཚོན་པ། དམངས་ཁྲོད་དུ་དར་ཁྱབ་ཆེ་བས་འཚོ་བ་དངོས་དང་ཤ་འདྲེས་ལྤགས་འདྲེས་སུ་གྱུར་པའི་དམངས་གླུ་མང་པོ་ཞིག་ཡི་གེ་མེད་པའི་གོང་རོལ་ནས་མི་རབས་ནས་མི་རབས་ལ་ཁ་ནས་ཁར་བརྒྱུད་དེ་འོང་བ་ཤ་སྟག་ཡིན་པ་དང་། ཟད་མཐའ་མེད་པའི་དམངས་གླུ་དེ་དག་གནའ་ནས་ད་ལྟའི་བར་བོད་མི་དམངས་ཀྱི་སེམས་ཀྱི་དགའ་སྐྱོ་མཚོན་པའི་སྙན་ངག་དང་། དུས་སྐབས་སོ་སོའི་སྤྱིའི་གནས་བབ་དང་ཆབ་སྲིད་ཀྱི་རྣམ་པ་གསལ་བའི་ལོ་རྒྱུས་ཀྱི་མེ་ལོང་ཡིན་པར་མ་ཟད། ཕྱིས་སུ་དར་བའི་རྩོམ་རིག་སྙན་ངག་གི་འབྱུང་ཁུངས་ཀྱང་ཡིན་པར་གྲགས་ཤིང་གྲུབ་བོ། །
        དེས་ན་སྙན་ངག་ནི་ཐོག་མ་སྤྱི་ཚོགས་ཀྱི་ནང་ནས་འབྱུང་བ་དང་། ཁྱད་པར་ངལ་རྩོལ་གྱི་འཚོ་བའི་ཁྲོད་ནས་བྱུང་བས། སྔ་དུས་བོད་དུ་སྙན་ངག་ཇི་ལྟར་རྩོམ་ཚུལ་གྱི་རིག་པའི་གཞུང་ལུགས་ཆ་ཚང་ཞིག་དང་། བན་བོན་གྱི་ཆོས་ལུགས་གྲུབ་མཐའ་གང་ཡང་མེད་ནའང་བོད་དུ་བོད་རིགས་རང་ཉིད་ཀྱི་ཁྱད་ཆོས་མཚོན་པའི་སྙན་ངག་ཡོད་པ་གསལ་བཤད་བྱེད་ཐུབ། ཕྱིས་སུ་ཡང་དུས་རབས་སོ་སོའི་སྙན་ངག་གི་རྩོམ་རྩལ་དང་འཕེལ་རྒྱས་མི་འདྲ་བས། བོན་གྱི་དུས་རབས་དང་། ཆོས་ཀྱི་དུས་རབས་གཉིས་ཀྱི་གོ་རིམ་ལྟར་ན། བོན་གྱི་དུས་རབས་ནི་དུས་རབས་བདུན་པ་ཡན་ཆད་དེ། དུས་ཡུན་རིང་པོ་ཞིག་ལ་བོན་གྱི་རིག་གནས་དར་ཞིང། སྐབས་དེར་བོན་པོ་ནི་སྤྱི་ཚོགས་སྟེང་གི་ཤེས་ཡོན་ཅན་དང་རིག་གནས་པ་ཡིན་པས། ལྷ་པ་དང་མོ་པ། གླུ་པ་དང་སྒྲུང་པ། སྨན་པ། རྩིས་པ། ལྷ་གསོལ་འདྲེ་མཆོད། ཚེ་སྒྲུབ་གཡང་འགུགས་སོགས་གསོན་པོའི་སྐུ་རིམ་ཤི་བོའི་ལམ་སྟོན་ཚང་མ་བོན་པོར་བརྟེན་པ་ཡིན་པས།སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའི་བཤད་སྒྲོས་དེ་བྱུང་བ་རེད། དུས་དེར་གླུ་གར་ལྡེའུ་དང་སྒྲུང་སོགས་དར་བར་སྣང་ལ། མ་སངས་སྒྲུང་དང་མཆིལ་པའི་སྒྲུང་སོགས་ཡོད་པར་གྲགས་པ་དེ་དག་བོན་པོའི་དུས་སྐབས་ཀྱི་རྩོམ་རིག་གི་མཚན་གཞི་ཙམ་དང་། དེ་བཞིན་ཏུན་ཧོང་ནས་ཐོན་པའི་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ནང་གསལ་བའི་བློན་པོ་ཁྱུང་པོ་སྤུང་སད་ཟུ་རྩེས་དང་བློན་མང་པོ་རྗེ་ཞང་སྣང་གཉིས་ཕན་ཚུན་ཤགས་འདེབས་པའི་གླུ་དང་། དབའ་དབྱི་ཚབ་ཀྱིས་བླངས་པའི་མགུར་སོགས་ཀྱང་དེར་འདུའོ། །
        ཡང་བོན་པོ་རྣམས་ཀྱི་བཤད་ཚུལ་ལ་དབྱངས་ཅན་ལྷ་མོའི་ཞལ་གྱི་དྲོད་རླངས་མ་ཡལ་བའི་ལུང་ཟབ་མོ་ཕྱི་ནང་གསང་བའི་མེ་ལོང་རྣམ་པ་གསུམ་བྱུང་བ་ཡིན་ཏེ། དེ་ཡང་ཕྱི་ལྟར་མུ་སྟེགས་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་དུ་དབྱངས་ཅན་མས་ལྷ་ཚངས་པའི་བུ་མོར་སྤྲུལ་ནས་སྤེལ་བ་སྙན་ངག་ནམ་མཁའ་མེ་ལོང་ཞེས་བྱ་བ་རྒྱས་པ་རྒྱ་གར་དུ་གྲགས་པ་དང་། ནང་ལྟར་མཉམ་མེད་རྒྱལ་བའི་བསྟན་པ་མཛེས་པའི་ཕྱིར་དུ་དབྱངས་ཅན་མས་ཐུགས་རྗེ་སྤྱན་རས་འགྲོ་ལ་གཟིགས་པའི་གཤེན་ལྷ་དཀར་པོའི་ཞལ་གྱི་མཆེ་བ་ལས་འཁྲུངས་ཚུལ་བསྟན་ནས་གསུངས་པའི་སྙན་ངག་རིན་ཆེན་མེ་ལོང་ཞེས་བྱ་བ་འབྲིང་བོ་སྟག་གཟིག་ཏུ་གྲགས་པ་དང་། གསང་བ་ལྟར་ན་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་རྒྱས་པའི་ཆེད་དུ་དབྱངས་ཅན་མས་ས་ཏྲིག་ཨེར་སངས་ཀྱི་ལྗགས་མཆིལ་ལས་བྱུང་ཚུལ་བསྟན་ཏེ་བཤད་པའི་སྙན་ངག་ཤེལ་གྱི་མེ་ལོང་ཞེས་བྱ་བ་བསྡུས་པ་བོད་ཡུལ་དུ་གྲགས་པ་དང་གསུམ་བྱུང་བར་བཤད་དོ། །
        ཕྱིས་སུ་དུས་རབས་བདུན་པའི་མགོར་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དེང་སྐབས་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་གསར་བཏོད་མཛད་པ་པོ་སློབ་དཔོན་ཐོན་མིས་བོད་ཡིག་གི་ཁྱད་ཆོས་དང་མཐུན་པའི་རྒྱལ་པོར་ཡིག་ཕུད་དུ་ཕུལ་བའི་བསྟོད་བསྔགས་ཀྱི་ཚིགས་བཅད་བྱ་དཀའ་བའི་རྒྱན་ཁག་གཉིས་དང་། བློན་པོའི་ང་རྒྱལ་བཅག་པའི་མགུར། སྲོང་བཙན་སྒམ་པོས་མགར་སྟོང་བཙན་ལ་བླངས་པའི་མགུར། སྲོང་བཙན་གྱི་སྲིང་མོ་སད་མ་ཀར་གྱི་མགུར་སོགས་དང་དེ་ལས་བཙན་པོ་རིམ་བྱོན་སྐབས་ཀྱི་མགུར་གླུ་ཐར་ཐོར་མང་པོ་དང་། རྗེ་འབངས་ཀྱི་མགུར་སོགས་བརྡ་དང་ཚིག་གི་སྦྱོར་སྟངས་ཀྱི་སྟེང་ནས་གདོད་མའི་རྣམ་པ་མ་འགྱུར་བར་ཡོད་པ་དང་། ཁྱད་པར་དེང་སང་འཛམ་གླིང་ན་གྲགས་ཆེ་བའི་ལོ་རྒྱུས་སྙན་ངག་རིང་མོ་གླིང་གེ་སར་གྱི་སྒྲུང་ངམ་དཔའ་བོ་གླིང་གི་རྟོགས་བརྗོད་ཀྱང་སྙན་འཇེབས་ལྡན་པའི་གླུ་ཚིག་གི་རྣམ་པར་གྲུབ་པས་མཚོན་ཁ་བ་གངས་ཅན་པའི་གླུ་དང་སྒྲུང་སོགས་རྩོམ་རིག་སྙན་ཚིག་གང་ཡང་མི་རིགས་གཞན་ཞིག་ལ་ཁུངས་བཅོལ་མི་དགོས་པར་བོད་རང་གི་ཁྱད་ཆོས་ལྡན་པའི་རྩོམ་རྩལ་ཕུན་སུམ་ཚོགས་པ་ཡོད་པ་ཤེས་དགོས་སོ། །
        སྙན་ངག་མེ་ལོང་མའི་གཞུང་འདི་བོད་གངས་ཅན་གྱི་ལྗོངས་སུ་ཐོག་མར་སྒྱུར་མཁན་ནི་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ཡིན་ཏེ། དེ་ཡང་ཐོག་མར་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་ལས་སྐྱེས་རབས་སོ་བཞི་པ་དང་། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་ལ་སོགས་པའི་སྐྱེས་རབས་ཀྱི་རིགས་དུ་མ་གསན་ཅིང་། པཎྜི་ཏ་སངྒ་ཤྲཱི་ལས་སྙན་ངག་གི་བསྟན་བཅོས་ཆེན་པོ་གསུམ་དང་ཆུང་ངུ་གསུམ། རྒྱན་གྱི་བསྟན་བཅོས་དབྱངས་ཅན་གྱི་མགུལ་རྒྱན་སྟོང་ཕྲག་བརྒྱད་པ་དཔག་བསམ་འཁྲི་ཤིང་ལ་སོགས་པ་མཚན་ཉིད་དང་མཚན་གཞི་སྟོན་པའི་བསྟན་བཅོས་མང་དུ་གསན་ཞིང་། ལྷག་པར་དཎྜིའི་ཚིག་རྒྱན་ལ་མཁས་པར་བསླབས་ཏེ། དེ་དག་གི་བརྗོད་དོན་མ་ལུས་པ་མདོར་བསྡུས་པའི་ཚུལ་གྱིས། མཁས་པ་འཇུག་པའི་སྒོར་གཏན་ལ་ཕབ་པས་རིག་གནས་འདི་ཉིད་ཀྱི་སྲོལ་བླ་ན་མེད་པ་ཕྱེས་པ་རེད། བསྒྲུབས་པའི་སྙན་ངག་དངོས་ལ་ཡང་སྐྱེས་རབས་ལ་རྒྱུད་སྦྱར་བ་དང་། ཟློས་གར་ལ་གཞི་སྦྱར་བ་གཉིས་ལས། དང་པོ་བསྟན་བཅོས་མཁས་པ་རྣམས་ལ་ལེགས་པར་གྲགས་པ། ཐོས་པ་ཙམ་གྱིས་དབྱངས་ཅན་གྱི་ངག་འཇུག་པ། སྣང་བའི་ཉི་མ་ལ་སོགས་པ་ཆེན་པོ་གསུམ་དང་། གཞོན་ནུ་འབྱུང་བ་ལ་སོགས་པ་ཆུང་ངུ་གསུམ་ལེགས་པར་ཐོས་ལ། སྐྱེས་པའི་རབས་ཀྱི་ཕྲེང་བ། སྙན་ངག་གི་གཙུག་ལག་ལྟར་བཤད་ཤེས་པ་དང་། འདི་དག་འཆད་པའི་བསྟན་བཅོས་ཀྱང་། ཁོ་བོས་བྱས་པའི་མཁས་པའི་ཁ་རྒྱན་ཞེས་བྱ་བའི་བསྟན་བཅོས་དེར་བལྟ་བར་བྱའོ། །ཞེས་དང་། མཁས་འཇུག་ལས། རྟག་ཏུ་སངས་རྒྱས་སངས་རྒྱས་སྲས། །རྣམ་པ་ཀུན་ཏུ་མཆོད་བྱེད་ཅིང་། །སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི། །སྙན་ངག་མཁན་དུ་འགྱུར་བར་ཤོག །ཅེས་པའི་ཐུགས་སྨོན་གནང་ནས། སྙན་ངག་གི་ཚིག་སྦྱོར་སྤེལ་ཚུལ་རིགས་གྲོལ་བ་སོགས་ཀྱི་མཚན་གཞི་དང་། སྒེག་པ་ལ་སོགས་པའི་ཉམས་ཀྱི་མཚན་ཉིད་དང་དཔེར་བརྗོད། ཕན་ཚུན་འགལ་མི་འགལ་གྱི་དམིགས་བསལ་སོགས་ཧ་ཅང་ཞིབ་མོ་རྩ་བ་རང་ལས་བསྟན་ཡོད།
        དེ་ཡང་ཐོག་མར་ཆོས་རྗེ་ས་སྐྱ་པས་སྲོལ་ལེགས་པར་བཏོད་པ་དེ་ཉིད་རྒྱ་གར་གྱི་གཞུང་ཕལ་མོ་ཆེ་བསྒྱུར་བ་དང་། བཤད་པའི་རྒྱུན་ཆེས་ཆེར་དར་བར་མཛད་པ་པོ་ནི་ཤོང་དཔང་ཡབ་སྲས་རྣམས་ཡིན་པས་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་མཆོག་འཕགས་པ་རིན་པོ་ཆེའི་བཀའ་ལྟར་བལ་ཡུལ་དུ་བྱོན་ཏེ། པཎྜི་ཏ་ས་དབང་བཟང་པོའི་དྲུང་དུ་སྒྲ་སྙན་ངག་སྡེབ་སྦྱོར་ཟློས་གར་མངོན་བརྗོད་ལ་བྱང་བར་མཛད་ནས་ས་སྐྱར་འཕགས་པ་རིན་པོ་ཆེའི་དྲུང་དུ་བྱོན་པས་ཤིན་ཏུ་དགྱེས་ཏེ། ངེད་ཀྱི་ཆོས་རྗེ་པ་བྱང་ཕྱོགས་སྤྲུལ་པའི་སྡེར་སྐུའི་བཀོད་པ་བསྡུ་བའི་ཚེ། ཐ་མའི་གསུང་དུ་བཀའ་སྩལ་པ་ལ། ད་ནི་སངས་རྒྱས་ཀྱི་བསྟན་པ་ཡང་མཆོག་ཏུ་དར་བར་བྱས། བརྒལ་བརྟག་གི་སྒོ་ནས་གཏན་ལ་འབེབས་པའི་སྲོལ་བཟང་པོ་བཏོད། ཐ་སྙད་རིག་གནས་ཀྱི་ཚུལ་འདི་ལ་ཡང་ལག་རྗེས་ཆེན་པོ་བྱུང་བས་སེམས་ལ་འཁྲེང་བ་ཆེར་མེད། འོན་ཀྱང་འཕགས་པ་བསྙེན་པར་མ་རྫོགས་པ་དང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་མ་འགྱུར་བ་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྲེང་འཛིན་གྱི་ཚིགས་བཅད་བཞིན་མ་འགྱུར་བ་གསུམ་ཙམ་མོ། །ཞེས་གསུངས་པ་ཞིག་ཡོད་པས་འགྱུར་གཉིས་སྔར་མ་བྱུང་བས་ད་ཁྱེད་ཀྱིས་གྱིས་ཤིག དེའི་གྲོགས་དཔོན་ཆེན་ཤཱཀྱ་བཟང་པོས་ཀྱང་བྱེད་པ་ཡོད་དོ། །ཞེས་དགྱེས་བཞིན་བཀའ་སྩལ་བས། ས་སྐྱར་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་ཡོངས་སུ་གྲགས་པའི་མཁས་པ་ཐམས་ཅད་འགྱུར་ལེགས་པ་རང་དུ་མཛད་པ་འདི་མཛད། སླར་རྡོ་རྗེ་གདན་དུ་བྱོན་ནས་མ་ཧཱ་བོ་དྷི་ལ་མཆོད་པ་དང་བསྐོར་བ་མཛད། པཎྜི་ཏ་ལཀྵྨི་ཀ་ར་སྤྱན་དྲངས་ནས། དཔག་བསམ་འཁྲི་ཤིང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར། སྙན་ངག་མེ་ལོང་སོགས་སྔོན་མ་འགྱུར་བ་བསྒྱུར་ནས། སྒྲ་སྙན་ངག་གི་བཤད་རྒྱུན་སྤེལ་བ་དང་། དེ་ཉིད་ཀྱི་དབོན་པོ་འཕགས་པ་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་སེ་ཆེན་རྒྱལ་པོས་ཀྱང་བླ་མར་བཀུར་བའི་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པས་གསན་ཅིང་། དེ་ནས་རིམ་པ་བཞིན་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་དང་། སྙེ་ཐང་བློ་བརྟན་བཞི་པ། ཞྭ་ལུ་ལོ་ཆེན། སི་ཏུ་རྷརྨཱ་ཀ་ར་བཅས་ཀྱིས་འགྱུར་བཅོས་ལེགས་པར་མཛད་དེ་འཆད་ཉན་གྱི་ལམ་ནས་དར་སྤེལ་རྒྱ་ཆེར་མཛད་དོ། །

3.མེ་ལོང་མའི་ཤུགས་རྐྱེན་གྱིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་སུ་ཕྱིན་པའི་སྐོར།
        དེ་ལྟ་བུའི་སྙན་ངག་གི་གཞུང་འདི་འགྲོ་མགོན་འཕགས་པའི་སྐུ་རིང་ལ་བོད་དུ་འགྱུར་བ་ནས་བཟུང་ད་ལྟའི་བར་དུ། ལོ་ངོ་བདུན་བརྒྱ་ཙམ་གྱི་རིང་ལ་ཁྱབ་གདལ་དང་འཕེལ་རྒྱས་ཧ་ཅང་ཆེ་བར་བྱུང་སྟེ། འཆད་ཉན་དང་ཞིབ་འཇུག ལག་ལེན་དང་བརྡར་ཤ་བཅད་པའི་གོ་རིམ་ནང་། མཁས་པ་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་བརྡའི་གནས་བབ་དང་། ཁྱད་པར་དུ་སྙན་ངག་གི་སྤྱི་མཐུན་ལུགས་སུ་ཐུན་མོང་དུ་བཀོད་ཆོག་པའི་རྒྱན་རྣམས་བོད་པའི་སྙན་ངག་ཁྲོད་དུ་བེད་སྤྱོད་གང་ལེགས་བྱས་ཤིང་། ལེའུ་དང་པོ་ཐུན་མོང་མ་ཡིན་པའི་རྒྱན་དང་། ཚིག་སྡུད་ཀྱི་རྣམ་གཞག སྡེབ་སྦྱོར་ལྕི་ཡང་གི་པྲསྟཱ་ར། ངལ་གསོའི་སྡོད་མཚམས། སྦྱར་རྒྱན་ཕལ་ཆེར་དང་སྒྲ་རྒྱན་གྱི་བྱ་དཀའ་ལ་སོགས་པ་བོད་དུ་ཁྱབ་གདལ་དུ་གཏོང་དཀའ་བ་རྣམས་ངོ་སྤྲོད་ཀྱི་ཚུལ་དུ་འཆད་ཉན་བྱེད་པ་དང་། ཐུན་མོང་གི་རྒྱན་ལས་ཀྱང་རང་རེའི་བོད་ཀྱི་སྐད་བརྡ་དང་ཡི་གེའི་གཤིས་དང་ནུས་པ་ལ་བསྟུན་ནས། མཁས་པ་རང་རང་གི་རྩོམ་གཤིས་དང་མོས་པ་བཞིན། བྱ་དཀའ་བ་དང་བྱ་སླ་བ། ཁ་དམ་པ་དང་ཁ་ལྷོད་པ། སྙན་པ་དང་མཛེས་པ། སྲོལ་རྒྱུན་གླུ་རྟ་དང་མགུར་རྟ་སོགས་ལ་སྦྱར་བའི་རྩོམ་གཤིས་སྣ་ཚོགས་ཀྱི་ཁྱད་ཆོས་ཐོན་ཡོད།
        སྙན་ངག་མེ་ལོང་མ་བོད་དུ་བསྒྱུར་པ་ནས་བོད་ཀྱི་རིག་གཞུང་གི་ངོ་བོར་གྱུར་པ་དང་། བོད་ཀྱི་རྩོམ་རིག་གོང་འཕེལ་ཐད་བསམ་ཡུལ་ལས་འདས་པའི་རམ་འདེགས་བྱས་ཡོད་པས། མཁས་པ་སོ་སོས་མཛད་པའི་གསུང་རབ་གླེགས་བམ་རི་བོའི་གཏོས་དང་མཉམ་པ་དག་གི་ནང་དུ་མེ་ལོང་མ་ལས་འཕོས་པའི་ཚིག་རྒྱན་རིག་པའི་གཞུང་ལུགས་ཀྱིས་ཡོངས་སུ་ཁྱབ་པ་ལྟ་བུའི་ཚུལ་གྱིས་གནས་ཡོད་སྟབས་མེ་ལོང་མ་ནི་བོད་ཀྱི་རིག་གནས་ཕལ་མོ་ཆེའི་རྨང་རྡོ་ལྟ་བུར་གྱུར་ཡོད་ན་ཡང་། ད་ལྟའི་བློ་ཆུང་ཨ་གསར་ཅན་འགའ་རེའི་ཁྲོད་དུ་སྙན་ངག་མེ་ལོང་མ་དེ་རྒྱ་གར་གྱི་གཞུང་ལུགས་ཡིན་པས་བོད་རང་ལ་སྙན་ངག་གི་གཞུང་ལུགས་ཤིག་མེད་པར་འདོད་པ་དང་། དེ་བོད་ཀྱི་རྩོམ་རིག་གཞུང་ལུགས་སུ་བརྩི་མི་རུང་བར་འདོད་པ་དང་། སྙན་གཞུང་འདི་ལོ་ངོ་ཆིག་སྟོང་ལྷག་གི་ཡར་སྔོན་གྱི་གཞུང་ལུགས་རྙིང་པ་ཞིག་ཡིན་པའི་དབང་གིས་ད་ལྟའི་སྙན་ངག་གསར་རྩོམ་ལ་ནུས་པ་འདོན་མི་ནུས་པར་འདོད་པ་སོགས་ཡབ་མེས་ཤུལ་བཞག་ལ་མཆིལ་ཞགས་འཕེན་པའི་དེང་དུས་ཀྱི་ཀླད་ཆུང་རྣམས་ཀྱི་བསམ་སྤྱོད་དང་། དེང་རབས་སྙན་ངག་དང་། རང་མོས་སྙན་ངག །བཅད་གསར་སོགས་རང་སྣང་གང་ཤར་ཙམ་མ་གཏོགས་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་དང་ཁུངས་བཅོལ་ས་གང་ཡང་མེད་པ་ལྟ་བུ་མ་ཡིན་པར། ལུས་རྒྱན་སྐྱོན་སེལ་དང་། ཐུན་མོང་ཐུན་མིན་གྱི་རྣམ་གཞག་ཀུན་འཐུས་ཚང་བ་དང་། ལུང་རིགས་ཀྱི་རྒྱབ་ལྗོངས་ཡོད་པ། འཕེལ་རྒྱས་དང་རྒྱུན་སྐྱོང་ཐུབ་པ། བོད་མི་རིགས་ཀྱི་ནང་བསམ་བློའི་སློབ་གསོ་དང་། རྩོམ་རིག་རྒྱ་བསྐྱེད་དུ་གཏོང་བ་ལ་སློབ་དཔོན་ལྟ་བུར་གྱུར་པ་སོགས་དགེ་མཚན་དང་ཕན་ཡོན་བླ་ན་མཐོ།
        དེས་ན་དེ་ལྟ་བུའི་རིག་པ་ལ་སྦྱངས་པ་བྱས་ན་སྨྲ་བ་ངག་ལ་དབང་འབྱོར་ནས་རང་ཉིད་ཀྱིས་སྐྱེ་བོ་མང་པོའི་ཁྲོད་དུ་རིག་གནས་ལས་བརྩམས་ཏེ་འཆད་པ་དང་། རྩོམ་པ་དང་ཕས་ཀྱི་རྒོལ་བ་ལ་རྩོད་པ་དང་ཤགས་འགྱེད་པ་དང་། གཞན་ལ་མཛུབ་ཁྲིད་བྱེད་པ་དང་། གཞན་ཡང་གྲོགས་ཕན་ཚུན་འབེལ་གཏམ་གྱི་གླེང་མོལ་བྱེད་པ་ཚུན་ཆད་ཀྱི་སྐབས་སུའང་། རང་ཚིག་སྔ་ཕྱི་མི་འགལ་བ་དང་། ཚིག་དོན་གྱི་ཆ་ལ་སྐྱོན་མེད་ཅིང་འབྲེལ་ཆགས་པར་མ་ཟད། ཐ་ན་ཀུ་རེའམ་བཞད་གད་ཀྱི་གཏམ་དང་འབྲེལ་ཚེ། ཐོས་པ་ཙམ་གྱིས་དགོད་འཆོར་བ་དང་། སྐྱེ་བོ་གཞན་ལ་སྡིག་པའི་ཚིག་གམ་མཚང་འབྲུ་བ་ལ་སོགས་པའི་གཏམ་དང་འབྲེལ་ཚེ། གླེང་པ་ཙམ་གྱིས་གཞན་ཡིད་སྤ་བཀོང་བར་བྱེད་པ། མྱ་ངན་གྱི་གཏམ་དང་འབྲེལ་ཚེ་ཐོས་པ་ཙམ་གྱིས་ཡིད་རང་དབང་མེད་པར་སྐྱོ་བར་བྱེད་པ། གཞན་ཡིད་དགའ་བའི་གཏམ་དང་འབྲེལ་ཚེ། ཐོས་པ་ཙམ་གྱིས་འཛུམ་དམུལ་བར་བྱེད་པ་སོགས་ནི་སྙན་ངག་གི་དོན་རྟོགས་ཤིང་། ཚིག་སྦྱོར་ལ་མཁས་པར་གོམས་པ་འདི་ཁོ་ནར་རག་ལས་སོ། །
        མདོར་ན་རིག་པའི་གཞུང་ལུགས་འདི་ལ་སྦྱངས་པ་གནད་སྨིན་བགྱིས་ཏེ། རང་གི་མེས་པོ་ཚོས་དཀའ་བ་བརྒྱ་ཕྲག་དང་དུ་བླངས། ངལ་བ་སྟོང་ཕྲག་ཐོད་དུ་བསུས་ཏེ། ཚེ་སྲོག་དང་རྔུལ་ཆུས་བསྐྲུན་པའི་ཤུལ་བཞག་རིག་གནས་བདག་སྐྱོང་དང་དར་སྤེལ། རྒྱུན་འཛིན་བཅས་བྱ་རྒྱུ་ནི་གནད་ཀྱི་དོན་པོའོ། །

དཔྱད་གཞིའི་ཡིག་རིགས།
《རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1992.6
《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1999.9
《དཔྱད་རྩོམ་འདེམས་བསྒྲིགས》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1995.5
《མེ་ལོང་མའི་རྩ་འགྲེལ་ཕྱོགས་བསྒྲིགས》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016.12
《སྙན་ངག་གི་རྣམ་དཔྱད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1990.8


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1