སྐུ་བླ་རི་བོའི་འདབས་ཀྱི་གཞོན་ནུས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-21
ཐུན་མིན་ཁྱད་ཆོས་ལྡན་པའི་རྒྱལ་རོང་བོད་རིགས་ཀྱི་རྒྱན་གོས་སྤྲས་ཤིང་། བཅོས་མིན་འཛུམ་གྱིས་ཕྱུག་པའི་བཞིན་རས་ལ་སོགས“80ནང་སྐྱེས”པའི་ཨ་ཅོན་ཉེ་ཆར་དྲ་ཐོག་དུ“སྐད་གྲགས”ཆོད་པ་རེད། འཇོན་ཐང་ཆེ་བའི“སྐུ་བླ་རི་བོའི་འདབས་ཀྱི་བུ་མོ་ཡག་པོ”དེས་སེམས་ཤུགས་ཆེན་པོ་དང་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་གྱི“བསམ་ཕྱོགས་གསར་པར”བརྟེན་ནས་བཟའ་ཟླ་དང་མཉམ་དུ་ཡུལ་མི་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་ཏེ། སྐུ་བླ་རི་བོའི་ཉེ་འཁོར་དུ་ངོ་མཚར་མང་པོ་བཏོད་པ་རེད།
2016ལོར་དུས་ཡུན་རིང་པོ་ཡུལ་གཞན་དུ་སྣེ་ཤན་པའི་ལས་ཀ་བྱས་པའི་ཨ་ཅོན་བཟའ་ཚོ་གཉིས་པོས་ཕ་ཡུལ་དུ་ལོག་ནས་དེ་གའི་མཛེས་ལྗོངས་པར་བླངས་པའི་བརྙན་ཐུང་ཞིག་དྲ་ཐོག་ཏུ་བརྒྱུད་བསྐུར་བྱས་པར་དགའ་པོ་བྱེད་མཁན་མང་པོ་བྱུང་བ་མ་ཟད། ད་དུང་ས་ཆ་དེ་གའི་གནས་ཚུལ་འདྲི་མཁན་ཡང་མང་པོ་བྱུང་། དེས་ན་བཟའ་ཚོ་གཉིས་ཀྱིས་ཡུལ་གཞན་གྱི་ལས་ཀ་བསྐྱུར་ཏེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་རྒྱུའི་ཐག་བཅད།
ད་ཆ་ཨ་ཅོན་བཟའ་ཚོ་གཉིས་ཀྱིས་སྐུ་བླ་རི་བོའི་དབྱར་རྩྭ་དགུན་འབུ་དང་། བེ་ཤ། ཚགས་ཤ། ཀུ་ཤུ། སྔོ་ཚོད་སྐམ་པོ་བཅས་ཚང་མ་གཏམ་རྒྱུད་དང་སྦྱར་ནས་བརྙན་ལམ་ཐོག་བསྟན་པས་དྲ་ཐོག་དུ་དགའ་པོ་བྱེད་མཁན་གྲངས་ལས་འདས་པ་བྱུང་ཞིང་། 2018ལོར། ཨ་ཅོན་བཟའ་ཚོ་གཉིས་པོས་ཞིང་ཞོར་ཐོན་ཟོག་དང་ཡུལ་ཟོག་ཕྱིར་ཚོང་བྱས་པར་ཁྱོན་དངུལ་སྒོར་ཁྲི་300ལྷག་ཙམ་ཟིན་པ་དང་། ཁོང་གཉིས་ཀྱི་སྣེ་ཁྲིད་འོག་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་མི་ཉུང་བ་ཞིག་དབུལ་སྒྲོལ་ཐུབ་པ་རེད།
“དྲ་ཐོག་ཚོང་དོན་གྱི་དུས་རབས་སུ་ཚང་མར་གོ་སྐབས་རག་སྲིད”ཅེས་ཨ་ཅོན་གྱི་བཟའ་ཟླ་ལིའུ་མིང་ཡུང་གིས་མྱོང་ཚོར་ཟབ་མོའི་ངང་བཤད། དེ་སྔ་སྐུ་བླ་རི་བོའི་ཞིང་ཞོར་ཐོན་ཟོག་མ་གཞི་སྤུས་ཚད་ཡག་པོ་ཡོད་ཀྱང་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་པ་རེད། ད་ཆ་ཨ་ཅོན་སོགས་ན་གཞོན་ཚོའི་སྣེ་ཁྲིད་འོག་ཡུལ་དེ་གའི་ཡུལ་མི་མང་པོས་དྲ་ཐོག་ཚོང་ཁང་གཉེར་ཤེས་པས། དུད་ཚང་དབུལ་པོའི་འཚོང་མ་ཐུབ་པར་ལུས་པའི་བསྙལ་ཤ་རྒྱ་མ་300ཡིན་ན་འདྲ། ཡང་ན་ཡུལ་དེའི་ཀུ་ཤུ་དང་གཡེར་མ་སོགས་ཡུལ་ཟོག་གང་ཞིག་ཡིན་རུང་ཚང་མ་བདེ་བླག་ངང་རྒྱལ་ཡོངས་ཀྱི་ས་ཆ་གང་སར་འཚོང་ཐུབ་ཀྱི་ཡོད། “ཡུལ་མིར་རོགས་རམ་བྱེད་ཐུབ་པ་ནི་དགའ་འོས་པའི་བྱ་བ་ཞིག་རེད”ཅེས་ཨ་ཅོན་གྱིས་བཤད།
ད་ཆ་སྐུ་བླ་རི་བོའི་འདབས་སུ་ཕ་ཡུལ་དུ་ཕྱིར་ལོག་ནས་ལས་གཏོད་བྱེད་མཁན་གྱི་གཞོན་ནུ་ཇེ་མང་དུ་འགྲོ་བཞིན་ཡོད། ངོ་གདོང་ཅུང་ནག་ཅིང་གཟུགས་སྟོབས་ཆེ་བའི་བོད་རིགས་ན་གཞོན་བཀྲ་ཤིས་སྐལ་བཟང་སློབ་གྲྭ་ཆེ་མོ་ཐོན་རྗེས། མ་གཞི་ཁྲེང་ཏུའུ་ནས་ལས་ཀ་ཡག་པོ་ཞིག་རག་པ་དང་། ཡུལ་མི་ཚོའི་ཡིད་སྨོན་བྱེད་ས་ཞིག་ཀྱང་རེད།
“དེ་སྔ་ན་གཞོན་གྲོང་ཁྱེར་ཆེ་མོར་བསྐྱོད་ན་ཧ་ཅང་ཡག་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་ངས་ཚུར་ལོག་ནས་ཕ་ཡུལ་འཕེལ་རྒྱས་གཏོང་རོགས་བྱས་པ་ཡིན”ཞེས་བཀྲ་ཤིས་ཀྱིས་བཤད། ཉེ་བའི་ལོ་ཤས་རིང་། སྐུ་བླ་རི་བོའི་ཉེ་འཁོར་གྱི་འགྲིམ་འགྲུལ་མགྱོགས་མྱུར་འཕེལ་རྒྱས་སོང་བ་དང་སྦྲགས་བཀྲ་ཤིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི“གདེང་ཚོད”ཀྱང་ཆེ་རུ་ཕྱིན་ཞིང་། “ལམ་བཟོས་ཚར་ན་ཡུལ་སྐོར་དུ་ཡོང་མཁན་ཀྱང་དེ་བས་མང་དུ་འགྲོ་བ་མ་ཟད། ད་དུང་གོ་སྐབས་དེ་བས་མང་བ་རག་སྲིད”ཅེས་བཀྲ་ཤིས་ཀྱིས་བཤད།
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམིགས་བསལ་རང་བཞིན་ལས་སྐུ་བླ་རི་བོའི་མཛེས་ལྗོངས་ཁུལ་མང་པོར་རླངས་འཁོར་འགྲོ་མི་ཐུབ་པར། རྐང་ཐང་ངམ་ཡང་ན་རྟ་བཞོན་ནས་འགྲོ་དགོས་པས། སྐུ་བླ་རི་བོར་སྐྱོད་སྐབས་རྟ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་དང་ཡུལ་སྐོར་བའི་རྟ་འཁྲིད་མཁན་བྱེད་པའང་ཡུལ་དེའི་སྲོལ་རྒྱུན་གྱི་ལས་རིགས་ཤིག་རེད། དེ་སྔ་གཅིག་གྱུར་གྱི་སྒྲིག་འཛུགས་དང་དོ་དམ་བྱེད་མཁན་མེད་པའི་དབང་གིས་དུད་ཚང་སོ་སོས་ལས་འདི་བྱེད་ཀྱི་ཡོད་ལ། ཡུལ་སྐོར་བ་མང་པོས་བདེ་འཇགས་ལ་སེམས་ཁྲལ་བྱས་ནས་རྟ་བཞོན་མི་ཕོད་པས་ཡུལ་མི་ཚོའི་ཡོང་འབབ་ལའང་ཚོད་འཛིན་ཕོག་ཡོད།
བཀྲ་ཤིས་ཀྱིས་ཕ་ཡུལ་དུ་ལོག་རྗེས་གྲོང་མི་རྣམས་ལ་གསོ་སྦྱོང་བྱས་པ་དང་། ཁ་གསལ་གྱི་རིན་བསྡུའི་ཚད་གཞི་བཟོས་པས། མགྱོགས་མྱུར་ཚད་ལྡན་དང་ཆེད་ལས་ཀྱི་རྟ་འཁྲིད་མཁན་རུ་ཁག་ཅིག་ཏུ་གྱུར། ད་ཆ་རྟ་བཞོན་ནས་ཁྲང་ཕིང་རོང་དང་ཧའེ་ཙེ་རོང་དུ་སྐྱོད་མཁན་ཡུལ་སྐོར་བ་མང་ནས་མང་དུ་འགྲོ་བཞིན་ཡོད་པ་དང་བཀྲ་ཤིས་ཀྱི་ཚོགས་པའང་མི་35བར་མང་དུ་ཕྱིན་ཡོད། རྟ་འཁྲིད་མཁན་ཕུད་ཁོང་གིས་ད་དུང་རི་མཐོའི་ལམ་སྣེ་འཁྲིད་མཁན་དང་བྲག་འཛེག་གི་སྣེ་ཁྲིད་མཁན་སོགས་ཀྱི་ལས་སྒོ་རྒྱ་སྐྱེད་བཏང་བས། ཚོགས་པའི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ཡན་ཟིན་གྱི་ཡོད། “ཡོང་འབབ་མང་དུ་ཕྱིན་པ་དང་། འཚོ་བ་ལེགས་སུ་ཕྱིན་པས། བློ་སྒོའང་ཕྱེ་སོང་། འདི་གའི་ཡུལ་ལྗོངས་མཛེས་པོ་ཡོད་པས། ད་ནས་བཟུང་ས་ཆ་གཞན་ལ་གླ་པར་འགྲོ་འདོད་མི་འདུག”ཅེས་བཀྲ་ཤིས་ཀྱིས་གཡའ་དག་པའི་དགུང་སྔོན་འོག་གི་གངས་རིར་ལྟ་བཞིན་འཛུམ་དམུལ་དམུལ་ངང་བཤད།
“བསམ་བློ་གསར་པ་ཁྱབ་གདལ་བྱུང་བས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ན་གཞོན་མང་དུ་ཕྱིན་ཏེ་ཕྱིར་གླ་པར་འགྲོ་མཁན་དེ་ཙམ་མི་འདུག”ཅེས་སྐུ་བླ་རི་བོའི་ཁྲང་ཕིང་གྲོང་ཚོའི་གྲོང་སྡོད་ལས་བྱེད་པ་ཧོ་ཞའོ་ཅོན་གྱིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད། གངས་རིར་ཡུལ་སྐོར་མྱོང་རོལ་དང་། དྲ་ཐོག་གི་ཁྱད་ལྡན་ཐོན་ཟོག བོད་ཁྱིམ་ཞག་སྡོད་སོགས་ཁྱབ་གདལ་བཏང་བ་དང་། ཡུལ་མི་རྣམས་ཀྱི་བསམ་བློར་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་དུས་རབས་གསར་པའི“སྐུ་བླ་རི་བོའི་འདབས་ཀྱི་མི”རྣམས་ཀྱང་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་བཞིན་མཆིས།