༄༅།། ཅི་ཞིག་ལ་ཁྲིམས་ཁང་གི་རང་ཚུགས་འདྲི་གཅོད་བྱེད་དབང་ཟེར་རམ།

རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། སྤེལ་དུས། 05-21



ཁྲིམས་ཁང་གིས་ཁྲིམས་ལྟར་རང་ཚུགས་འདྲི་གཅོད་བྱེད་དབང་སྤྱོད་པ།
          2014ལོར་ཏང་ཀྲུང་དབྱང་གིས་ཁྲིམས་འཛིན་བཅོས་སྒྱུར་ཚོད་ལྟ་ཁུལ་ཁག་དང་པོ་ཧྲང་ཧའེ་སོགས་ཞིང་ཆེན་བདུན་ནས་འཛུགས་འགོ་བརྩམས་ཡོད། 2015ལོའི་ཟླ3པའི་ཚེས21ཉིན་ནས་ཚེས22ཉིན་བར་ཧྲང་ཧའེ་ཡིས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་ཁག་དང་པོ་འདེམས་བསྐོ་བྱེད་པའི་གྲོས་ཚོགས་འཚོགས། ཚོགས་ཐོག་ཏུ་འདེམས་ཤོག་འཕངས་ནས་འདྲི་གཅོད་པ405དང་། ཞིབ་དཔྱོད་པ271བདམས་ནས་གཏན་ཁེལ་མི་གྲངས་དོ་དམ་བྱེད་པའི་གྲོས་འཆར་མིང་ཐོ་ཐག་གཅོད་རྒྱུ་གཏན་ཁེལ་བྱས། གཞན་ཡང་། འདྲི་གཅོད་ལས་རོགས152དང་ཞིབ་དཔྱོད་ལས་རོགས44ཡིས་གསལ་ཞུ་རྩོད་ལན་སློག་པ་དང་། ཚོགས་ཐོག་ཏུ་འདེམས་ཤོག་འཕངས་ནས1.2:1གི་ཆད་གྲངས་བསྡུར་ཚད་ལྟར། ཁྲིམས་དཔོན128དང་། ཞིབ་དཔྱོད་དཔོན37གཏན་ཁེལ་མི་གྲངས་དོ་དམ་བྱེད་པའི་གྲོས་འཆར་མིང་ཐོ་རུ་འགོད་རྒྱུར་ཐག་བཅད། མིང་ཐོར་ཚུད་མཁན་དག་འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་བསྐོ་འཇོག་བྱ་རྒྱུ་རེད། བསྒྱུར་བཅོས་མ་བྱས་གོང་ཧྲང་ཧའེ་ཡི་ཁྲིམས་ཁང་ཁོངས་ཀྱི་འདྲི་གཅོད་པ་དང་འདྲི་གཅོད་ལས་རོགས་ཀྱིས་ཁྲིམས་ཁང་གི་མི་གྲངས་ཀྱི་བསྡོམས་འབོར་གྱི49%ཟིན་པ་དང་། ཞིབ་དཔྱོད་དུ་ཞིབ་དཔྱོད་པ་དང་ཞིབ་དཔྱོད་ལས་རོགས་ཀྱིས་ཞིབ་དཔྱོད་ཁང་གི་མི་གྲངས་ཀྱི71%ཟིན་ཡོད། བསྒྱུར་བཅོས་བྱས་རྗེས། ཁྲིམས་དཔོན(ཞིབ་དཔྱོད་དཔོན)དང་ཁྲིམས་འཛིན་ལས་རོགས་མི་སྣ་སོ་སོས་མི་གྲངས་ཡོངས་ཀྱི33%དང52%ལས་ཟིན་གྱི་མེད། འདི་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ལག་བསྟར་བྱས་པའི་ཁྲིམས་འཛིན་གྱི་བཅོས་སྒྱུར་གལ་ཆེན་ཞིག་ཡིན། ནམ་རྒྱུན་འདི་ལ“ཁྲིམས་དཔོན་དང་ཞིབ་དཔྱོད་ཁང་གི་མི་གྲངས་གཏན་ཁེལ་ལམ་ལུགས་བཅོས་སྒྱུར”ཞེས་ཟེར་ལ། བཅོས་བསྒྱུར་གྱི་དོན་སྙིང་གཙོ་བོ་ནི་འདྲི་གཅོད་དང་ཞིབ་དཔྱོད་ལས་དོན་ཆེད་ལས་ཅན་དུ་བསྒྱུར་རྒྱུ་དེ་ཡིན།
          གོང་གསལ་བཅོས་བསྒྱུར་གྱི་གོ་རིམ་འདི་ནི་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་ཁྱབ་གདལ་གཏོང་བཞིན་པའི་ཁྲིམས་འཛིན་བཅོས་སྒྱུར་གྲས་ཀྱི་ཁག་ཅིག་ཡིན། འོ་ན། འདི་ལྟ་བུའི་བཅོས་སྒྱུར་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། འདི་ཁྲིམས་ཁང་གིས་ཁྲིམས་ལྟར་རང་ཚུགས་ངང་འདྲི་གཅོད་བྱེད་པར་དོན་སྙིང་ཅི་ཞིག་ཡོད་དམ་ཞེ་ན།  
          ཁྲིམས་ཁང་ནི་རང་རྒྱལ་གྱི་འདྲི་གཅོད་ལས་ཁུངས་ཡིན་པས་ངེས་པར་དུ་རང་ཚུགས་རང་བཞིན་ཡོད་དགོས་ཏེ། རང་ཚུགས་རང་བཞིན་ཡོད་ཚེ་ད་གཟོད་ཁྲིམས་འཛིན་དྲང་གཞག་ཡོང་བའི་འགན་ལེན་བྱེད་ཐུབ། རང་ཚུགས་སྒོ་ནས་ཁྲིམས་འཛིན་པ་ཞེས་པ་ནི། འདྲི་གཅོད་བྱེད་དབང་སྤྱོད་པའི་ཁྲིམས་ཁང་དང་ཁྲིམས་དཔོན་གྱིས་གཞན་གྱི་ཐེ་གཏོགས་ཅི་ཡང་མེད་པའི་གནས་ཚུལ་འོག་ཁྲིམས་ལྟར་རང་ཚུགས་སྒོ་ནས་གྱོད་དོན་འདྲི་གཅོད་བྱེད་པ་ལ་ཟེར། རང་རྒྱལ་རྩ་ཁྲིམས་གྱི་དོན་ཚན126པར། “མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་ཚུགས་ཀྱིས་འདྲི་གཅོད་བྱེད་དབང་སྤྱོད་རྒྱུ་ལས། སྲིད་འཛིན་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་ཀྱི་ཐེ་གཏོགས་འཁུར་མི་དགོས”ཞེས་གཏན་འབེབས་བྱས་ཡོད། དེ་ནི་རྩ་ཁྲིམས་ཀྱི་མཐོ་ཚད་ནས་མི་དམངས་ཁྲིམས་ཁང་གི་གོ་གནས་དང་ཁྲིམས་ཁང་གིས་རང་ཚུགས་སྒོ་ནས་འདྲི་གཅོད་བྱེད་པའི་རྩ་དོན་གཏན་འབེབས་བྱས་ཡོད་པར་མ་ཟད། རང་ཚུགས་སྒོ་ནས་འདྲི་གཅོད་བྱེད་པ་ནི་ཁྲིམས་དཔོན་གྱི་དབང་ཆ་དང་འོས་འགན་ཡིན་པའང་ཁ་གསལ་བཏང་ཡོད། འོན་ཀྱང་། སྔོན་ཆད་ཀྱི་ལག་ལེན་དངོས་ནང་རང་རྒྱལ་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་གྱོད་དོན་ཐག་གཅོད་བྱེད་རིམ་དུ་ཕྱི་ནས་ས་གནས་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱི་བར་ཆད་བྱུང་བ་དང་ནང་ཁུལ་དུ་སྲིད་འཛིན་ཅན་གྱི་རིམ་དབྱེ་ལམ་ལུགས་ལག་བསྟར་བྱས་པས། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱིས་ངེས་པ་དོན་གྱི་རང་ཚུགས་སྒོ་ནས་གྱོད་དོན་ཐག་གཅོད་དཀའ་བར་བཟོས་པ་དེའི་རྐྱེན་གྱིས་ཁྲིམས་འཛིན་དྲང་བཞག་མིན་པའི་གནས་ཚུལ་ཡང་ཡང་འབྱུང་བར་མི་དམངས་ཀྱི་འདོད་བློ་དང་ལྡོག་པ་རེད།
          ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི《ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་ཕྱོགས་ཀྱི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན》ལས་བསྟན་དོན། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱེད་པ་སྐུལ་འདེད་གཏོང་དགོས་པ་དང་། ཁྲིམས་འཛིན་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། དྲང་གཞག་ཡིན་ལ་ལས་ཆོད་ཆེ་བ་དང་དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་པར་ཤུགས་བརྒྱབ་སྟེ་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ནས། ཁྲིམས་འཛིན་གྱི་གྱོད་དོན་ཁྲོད་མི་དམངས་མང་ཚོགས་ལ་དྲང་གཞག་ཉམས་སུ་མྱོང་ཐུབ་པར་བྱ་དགོས། ཁྲིམས་ལྟར་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་རང་ཚུགས་དང་དྲང་གཞག་སྒོ་ནས་སྤྱོད་ཐུབ་པའི་འགན་ལེན་བྱ་དགོས། ཁྲིམས་འཛིན་དོ་དམ་ལམ་ལུགས་བཅོས་སྒྱུར་བྱས་ནས་ཞིང་ཆེན་རིམ་པ་མན་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་མི་དང་རྒྱུ་དངོས་གཅིག་གྱུར་སྒོ་ནས་དོ་དམ་བྱེད་པར་སྐུལ་འདེད་བྱེད་པ་དང་། སྲིད་འཛིན་ས་ཁོངས་དང་འོས་འཚམ་གྱི་འབྲེལ་མེད་ཡིན་པའི་ཁྲིམས་འཛིན་བདག་ཁོངས་ལམ་ལུགས་འཚོལ་ཞིབ་ཀྱིས་འཛུགས་ཐབས་བྱས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཅིག་གྱུར་དང་ལག་བསྟར་ཡང་དག་བྱེད་པར་འགན་ལེན་ཡོང་བར་བྱ་དགོས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི《རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན》དུའང་འདྲི་གཅོད་དབང་ཆ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་རང་ཚུགས་དང་དྲང་གཞག་སྒོ་ནས་སྤྱོད་ཐུབ་པའི་འགན་ལེན་ཡོང་བར་བྱ་དགོས་ཚུལ་སོགས་བསྟན་ཡོད། ཆོད་དོན་ནང་དུ་ཏང་སྲིད་ལས་ཁུངས་རིམ་པ་ཁག་དང་འགོ་ཁྲིད་ལས་བྱེད་པས་ཁྲིམས་ཁང་ལ་ཁྲིམས་ལྟར་འགན་དབང་རང་ཚུགས་དང་དྲང་བཞག་སྒོ་ནས་སྤྱོད་པར་རྒྱབ་སྐྱོར་བྱ་དགོས་པ་དང་། འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་གྱི་ལས་དོན་ལ་ཐེ་ཇུས་དང་བྱེ་བྲག་གི་གྱོད་གཞི་ཐག་གཅོད་བྱེད་པའི་བྱ་བར་ཐེ་གཏོགས་བྱེད་རིགས་ཐོ་འགོད་པ་དང་བརྡ་ཁྱབ་གཏོང་བ།  འགན་འཁྲི་བདའ་འདེད་བྱེད་པའི་ལམ་ལུགས་འཛུགས་དགོས་པ། ཏང་སྲིད་ལས་ཁངས་སམ་མི་སྒེར་སུ་ཞིག་གིས་ཀྱང་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་བཀོད་འགན་འཁྲི་དང་འགལ་བ་དང་ཁྲིམས་འཛིན་དྲང་གཞག་གི་སྒོ་ནས་མ་སྐྱོང་བར་བྱ་བ་སྒྲུབ་ཏུ་བཅུག་མི་ཆོག་ལ། ཁྲིམས་འཛིན་ལས་ཁུངས་གང་གིས་ཀྱང་ཏང་སྲིད་ལས་ཁུངས་སམ་འགོ་ཁྲིད་ལས་བྱེད་པར་ཁྲིམས་དང་འགལ་ནས་ཁྲིམས་འཛིན་གྱི་བྱ་བར་ཐེ་གཏོགས་དང་ལེན་བྱེད་དུ་འཇུག་མི་ཆོག ཁྲིམས་འཛིན་ལས་ཁུངས་ཀྱིས་གྱོད་དོན་ཐག་གཅོད་བྱེད་པར་ཐེ་ཇུས་བྱེད་རིགས་ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་གཅོད་པ་དང་།  མ་ཉེས་ཁ་གཡོགས་ཐེབས་པའི་གྱོད་གཞི་དང་། ཐག་གཅོད་ནོར་འཛོལ་བྱུང་བའི་གྱོད་གཞི་བཟོས་པའམ་མཇུག་འབྲས་ཚབས་ཆེན་བྱུང་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་དགོས།   
          ཁྲིམས་ཁང་གིས་ཁྲིམས་ལྟར་རང་ཚུགས་སྒོ་ནས་འདྲི་གཅོད་བྱེད་དབང་ལག་བསྟར་བྱེད་པར་འགན་སྲུང་བྱ་ཆེད། རང་རྒྱལ་གྱི་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ཚ་ཚ་འུར་འུར་ངང་ནས་བྱེད་བཞིན་ཡོད། མིག་སྔར་ཁག་དང་པོའི་ཚོད་ལྟ་ཁུལ་ཞིང་ཆེན་དང་གྲོང་ཁྱེར་བདུན་ཡོད་པའི་གྲས་ཀྱི་གཅིག་ཡིན་པའི་ཧྲང་ཧའེ་གྲོང་ཁྱེར་གྱིས་བཅོས་སྒྱུར་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། བཅོས་བསྒྱུར་བྱས་རྗེས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ལས་གནས་ཁྲོད་སོར་འཇོག་བྱས་ཤིང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་སྒྲིག་ཁོངས་ཀྱི33%ཟིན་པའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་ནི་ཁྲིམས་འཛིན་ལས་དོན་གྱི་གཙོ་ཤུགས་མི་སྣ་ཡིན་ལ། ཁྲིམས་འཛིན་དང་སྲིད་འཛིན་གྱི་ལས་རོགས་མི་སྣ་གཞན་དག་ནི་ཁོ་ཚོའི་རམ་འདེགས་པ་ཡིན། བཅོས་བསྒྱུར་འདི་ལྟ་བུ་ཞིག་བྱས་པ་ནི་ཁྲིམས་ཁང་གིས་རང་ཚུགས་སྒོ་ནས་འདྲི་གཅོད་བྱེད་དབང་སྤྱོད་པའི་འགན་ལེན་བྱེད་པར་གལ་ཤིན་ཏུ་གལ་ཆེ། བཅོས་བསྒྱུར་མ་བྱས་གོང་ཁྲིམས་ཁང་གིས་འདྲི་གཅོད་བྱེད་པར“རིམ་པ་མང་པོའི་མཛུབ་སྟོན”བྱེད་པ་དང་། ཁྲིམས་དཔོན་གྱིས་མིང་རྟགས་བཀོད་པའི་དཔྱད་མཚམས་ཡི་གེར་ཁྲིམས་སའི་འགོ་འཛིན་དང་། ཁྲིམས་ཁང་གི་འགོ་གཙོ། འདྲི་གཅོད་ཨུ་ཡོན་ལྷན་ཁང་བཅས་ཀྱི་མཛུབ་སྟོན་འཐོབ་དགོས་ཀྱི་ཡོད་པས། ཁྲིམས་དཔོན་ལ་འགན་འཁྲི་ཡོད་ཀྱང་དབང་ཆ་མེད་པར་བྱས་ཡོད་པར་མ་ཟད། ཁྲིམས་དཔོན་ལ་རང་ཚུགས་སྒོ་ནས་འདྲི་གཅོད་བྱེད་དབང་མེད་པ་དང་ཁྲིམས་ཁང་གིས་ཀྱང་རང་ཚུགས་སྒོ་ནས་འདྲི་གཅོད་དབང་ཆ་སྤྱོད་མི་ཐུབ་པར་བྱས་ཡོད། བཅོས་བསྒྱུར་བྱས་རྗེས་ཁྲིམས་དཔོན་གྱི་ཆེད་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་བ་དང་དུས་མཚུངས་སུ་ཁྲིམས་དཔོན་གྱི་གོ་གནས་ཀྱང་ཇེ་མཐོར་བཏང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1