༄༅། །སྒྲུང་བ་དཀོན་མཆོག་དཔལ་བཟང་།
མི་གསལ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས། གླིང་གེ་སར་རིག་ནས་དྲ་བ། སྤེལ་དུས། 10-11
གླིང་སྒྲུང་བ་དཀོན་མཆོག་དཔལ་བཟང་ལགས་ནི།བོད་ལྗོངས་ནག་ཆུ་རྫོང་གསེར་ཤོང་ཡུལ་ཚོའི་ན་རུའི་གྲོང་ནས་ཡིན་ཞིང་ད་ལོ་དགུང་ལོ་30ཡིན་འདུག། ཁོང་གིས་བོད་ཀྱི་དཔའ་བོའི་མི་སྣ་གླིང་རྗེ་གེ་སར་སྐྱེས་བུའི་རྣམ་སྒྲུང་ལ་དགའ་གུས་ཚད་མེད་བྱེད་པར་མ་ཟད།ཆུང་བའི་དུས་ནས་བཟུང་གླིང་སྒྲུང་ལ་བག་ཆགས་མི་ཉུང་བ་བཞག་ཡོད་པར་མ་ཟད། ད་ཆ་སྒྲུང་སྣ་ཁ་19ཙམ་ངག་ཐོག་ནས་གཤད་ཤེས་ཀྱི་ཡོད་ལ། བཤད་ཤེས་པ་དག་ནི། 1ལྷ་གླིང་བསམ་པའི་དོན་གྲུབ། 2འཁྲུངས་གླིང་མེ་ཏོག་ར་བ། 3ཚ་བའི་མདའ་རྫོང་། 4བྱ་རོང་འབྲུ་རྫོང་། 5སྒ་བདེ་ཁྱུང་རྫོང་། 6རྟ་རྒྱུག 7བདུད་གླིང་། 8 ཧོར་གླིང་། 9འཇང་གླིང་། 10མོན་གླིང་། 11སྟག་གླིང་། 12བྱེ་གླིང་། 13 ཁ་གླིང་། 14ཤང་ཤང་སྨན་རྫོང་། 1 ཐག་ནག་གྲི་རྫོང་། 16བྲག་གླིང་། 17གྲུ་གླིང་། 18ཁྱུང་གླིང་། 19སུམ་གླིང་། རྣམས་ཡིན་ལ། དེ་ལས་ཐག་ནག་གྲི་རྫོང་ནི་ཡིག་ཐོག་ཏུ་ཕབ་ནས་དཔེ་སྐྲུན་བྱེད་མུས་ཡིན་པ་དང་།ཁྱུང་གླིང་ནང་ཚན་ལི་ཁྲི་ཁྲག་མིག་གླིང་ལ་ཡོང་ས་དང་། མོན་གླིང་ནང་གསེས་གེ་སར་བྱ་དཀར་ལ་སྤྲུལ་ནས་ཁྲོ་ཐུང་ལ་ལུང་བསྟན་བབས་ས། སྟག་གླིང་ལས་ཁྲ་རྒོད་ཟླ་བ་གསོད་ས་སོགས་སྒྲ་ཕབ་ནས་ཟེར་སྡེར་བཟོ་མྱོང་ཡོད་འདུག
ཁོང་གི་སྒྲུང་གླུའི་ནང་ཚན་བཀའ་བློན་ཤན་པའི་དཔའ་ཁས་ལེན་གྱི་གླུ་ཞིག་ཆེད་དུ་བཀོད་ན།
ཤར་ཁྲ་བོ་གླིང་གི་ལས་དམག་དེ་ནུབ་ཁ་ཆེ་ཡུལ་ལ་བབས་ནས་རྟིང་མ་རང་ཐོབ་ངང་གནས་ཡོད་ཀྱང་།སྔགས་ནག་ཆོས་འབར་ཀ་རས་གུ་ལུང་ནག་པོའི་གཏོར་ཟོར་དེ་གླིང་སྒར་ལ་རྒྱག་གྲབ་བྱེད་སྐབས། གླིང་ཕུ་ནུ་རྣམས་ཀྱིས་ཅི་དྲག་གི་གཏམ་གྲང་མང་གླེང་ནས་བཞུགས་པའི་་གཡོན་གྲལ་གྲལ་གྱི་གྲལ་མགོ་ནས་ཤན་པ་རྒྱལ་པོ་ཡར་ལངས་ཏེ།དར་དཀར་པོ་ཞིག་དང་གསེར་གྱི་དོན་རྩེ་ལྔ་གླིང་རྗེ་གེ་སར་གྱི་མདུན་དུ་བཞག་ཅིང་།ཕྱག་མང་དུ་མཚལ་ནས་གླུ་འདི་འབྲས་ཐུང་ཆུ་བོ་དར་བབས་ལ་དྲངས་ནས་གསུངས་སོང་། །གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུག་ལུགས་རེད། །སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཧོར་ཨ་ཡན་རྒྱལ་པོའི་དགྲ་ལྷ་ཁྱེན། །མ་ཡན་རྒྱལ་མོའི་ཟོ་དོར་མཁྱེན། །ཤན་པའི་ལྕོགས་ལྷ་མཚར་རྩེ་ཁྱེན། །ངང་ཡག་ཐེའུ་མོ་སྤུན་གསུམ་འཁྱེན། །ལྷ་དེ་འདྲ་ཡན་ལ་དེ་མཁྱེན་མེད། །དེ་རིང་ཤན་པའི་ཁ་འཛིན་འཛོད། །ས་འདིའི་ས་ངོ་མ་ཤེས་ན། །ཁ་ཆེའི་ཡུལ་གྱི་རྒྱལ་ས་རེད། །ཚ་ཆུ་སྔོན་མོའི་རབ་ཁ་ཟེར། །ང་དང་ང་ངོ་མ་ཤེས་ན། །ཕ་ལ་སྡིག་པ་ར་ཙ་ཟེར། །མ་ལ་སྲིན་མོ་ཁྲག་མཐུང་ཟེར། །ཨ་ཆེན་དམག་གི་རྗེ་བོ་དང་། །གེ་སར་བླ་མའི་དཀའ་བློན་ལ། །སྡིག་བཅོད་ཤན་པ་མེ་རུ་ཟེར། །མེ་རུ་རྩེ་ལ་རྩེ་ལྔ་ཡོད། །ཞུ་བཟང་ན་བཟང་དྲུག་སྨན་གྱི་རྩེ། ། མ་བཟང་ཧ་ལོ་དུག་གི་རྩེ། །སྡང་དགྲ་བོ་སྟེང་ལ་ཐོག་རྒོད་རྩེ།།གཉེན་ཉེ་བའི་སྐུ་མདུན་དར་གྱི་རྩེ། །སྨན་བུ་མོར་ཐུག་དུས་མཛེས་ཀྱི་རྩེ། །དེ་མེ་རུ་རྩེ་ཡི་རྩེ་ལྔ་རེད། །འཛམ་བུ་གླིང་གི་རྒྱལ་ས་ལ། །མེ་རུ་ཐོགས་པ་ཉུང་ཉུང་རེད། །ཉུང་མི་ཉུང་མི་ཕོ་གསུམ་ཙམ་ཡོད། །རེ་རེ་བཞིན་དུ་གླེང་དགོས་ན།།གྲུ་གུའི་གེ་སར་རྒྱལ་པོ་ལ། །འགྱོགས་པའི་རླུང་ནག་མེ་རུ་ཡོད། །ཁ་ཆེའི་ཁྲི་བརྟན་རྒྱལ་པོ་ལ། །གཡུ་རྒོད་ཚངས་པ་མེ་རུ་ཡོད། ། གླིང་རྗེ་མི་ཡི་ཉི་མ་ལ། །ང་དཀའ་བློན་ཤན་པ་མེ་རུ་ཡོད། །ང་རང་ཤན་པ་རྒྱལ་པོ་ནི། ། སྟེང་ཕྱོགས་ལྷ་ལ་བཞུགས་པའི་དུས། །ལྷ་ཕྲུག་༼གསེར་ལྡན་སེར་པོ་༽ཟེར། །ཐོ་པ་དགའ་བའི་ཕོ་བོ་ཡིན། །བར་མ་མི་ཡུལ་སྡོད་དུས་མོ། །སྡིག་བཅོད་ཤན་པ་རྒྱལ་པོ་ཟེར། །གེ་སར་རྒྱལ་པོའི་དཀའ་བློན་ཡིན། །དེ་ཚོ་ཡིན་ལུགས་འདྲ་མ་ཡིན། །ད་ནི་རྒྱལ་པོ་རིན་པོ་ཆེ། །ཤན་པ་མི་བསྡོད་དགྲ་ལ་འགྲོ། །ཁ་ཆེའི་འབྲོག་སྡེ་ཕྱུག་མོ་ལ། །བཟས་དང་འབྲུ་རིགས་ལེན་ལ་འགྲོ། །ཤན་རྒོད་དར་དབུམ་གཙོ་བྱས་པའི།།དཔའ་རོགས་དམག་མི་ཁ་ཤས་འཁྲིད། །མི་སྡོད་མྱུར་དུ་འགྲོ་ངེས་ཡིན། །འགྲིག་ས་ཨེ་གདའ་ལྷ་རྒྱུད་སྡེ། །གོ་ན་རྣ་བའི་དཀྱིལ་ལ་ཞོག ། མ་གོ་གླུ་ལ་ལེན་རྒྱུ་མེད། །རྒྱལ་བློན་ཐུགས་ལ་དེ་ལྟར་ཞོག །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1