༄༅།། གསར་དུ་བསྣན་པའི་ཡི་གེ་“ཧྥ་”ཞེས་པ་ལས་འཕྲོས་པའི་དེང་དུས་ཀྱི་སྒྲ་སྒྱུར་གྱི་བསམ་གཞིག

ཟླ་བསྟན། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 05-23


 ཟླ་བསྟན།
          [ནང་དོན་གནད་བསྡུས།] རྩོམ་འདིར་ཡི་གེ་“ཧྥ་”ལྟ་བུ་ནི་བོད་རང་གི་སྐད་གཤིས་ལ་ཡོད་པ་མ་ཡིན་ཞིང་། ཕྱིས་བྱུང་སྒྲ་སྒྱུར་བས་རྒྱ་ཡིག་དང་དབྱིན་ཡིག་སོགས་མི་རིགས་གཞན་གྱི་སྐད་བོད་ཡིག་དུ་སྒྱུར་བའི་སྐབས། ཡིག་སྒྱུར་གྱི་དགོས་དབང་གིས་གསར་དུ་བསྣན་པ་ཞིག་ཡིན་ཚུལ་དང་། དེང་དུས་རིག་གནས་ཁྱབ་འཕེལ་འགྲོ་བའི་བརྒྱུད་རིམ་ནང་། སྒྲ་སྒྱུར་གྱི་དགོས་དབང་གིས་བོད་ཀྱི་ཡི་གེའི་སྦྱོར་བ་དང་མཐུན་མིན་ལ་མ་ལྟོས་པར་“ཧྥ་”ལྟ་བུའི་ཡི་གེ་སྔར་མེད་གསར་སྣོན་བྱེད་པའི་སྲོལ་དེ་རྒྱ་ཡན་དུ་ཕྱིན་ནས་དེ་ལྟ་བུའི་ཡི་གེ་ཇེ་མང་དུ་སོང་ན།  འབྱུང་འགྱུར་བོད་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཡི་གེའི་སྒྲ་སྦྱོར་ངེས་སྲོལ་བོར་བརླག་ཏུ་ཤོར་དོགས་ཀྱིས་དེའི་སྐོར་ལ་བསམ་ཚུལ་འགའ་ཞིག་གྲོས་ཀྱི་ཚུལ་དུ་བརྗོད་ཡོད།
          [བརྡ་ཆད་གཙོ་བོ།]གསར་བསྣན་ཡི་གེ ཡི་གེའི་སྦྱོར་བ། ཧྥ།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214
          [ཡིག་ཚང་མཚོན་བྱང་།]A
          [རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2011)03 -038 -06
          དང་པོ། སྒྲ་སྒྱུར་དང་འབྲེལ་ཡོད་ཀྱི་གནད་དོན་འགའ་ཞིག་གླེང་བ།
          སྤྱིར་འཛམ་གླིང་འདིར་ཡིག་རིགས་མི་འདྲ་བ་མང་པོ་བྱུང་ཡང་། དེ་དག་ངོ་བོའི་སྒོ་ནས་བསྡུས་ན་འདྲ་གཟུགས་ཡི་གེ་དང་སྒྲ་སྦྱོར་ཡི་གེ་གཉིས་ལས་མ་འདས། བོད་ཡིག་འདི་ནི་ཕྱི་མ་དེའི་ཁོངས་སུ་གཏོགས་པ་ཡིན། མིག་སྔར་ང་ཚོས་བེད་སྤྱོད་བྱ་དང་བྱེད་མུས་སུ་ཡོད་པའི་དབྱངས་གསལ་སོ་བཞིར་བྱས་པའི་ཡི་གེ་འདི་ཉིད་ནི། དུས་རབས་བདུན་པ་སྟེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་“ཐོན་མི་སམ་བྷོ་ཊས་རྒྱ་གར་འཕགས་པའི་ཡུལ་གྱི་ཡི་གེར་དཔེ་བླངས་ནས་བོད་ཡིག་འཐུས་སྒོ་ཚང་དུ་བཏང་”①བ་ཞིག་ཡིན། ལོ་ཙཱ་བ་ཐོན་མིས་སྐབས་དེའི་བོད་མིའི་སྐད་ཀྱི་གདངས་ལ་བསྟུན་ཅིང་བོད་སྐད་ཀྱི་ཁྱད་ཆོས་གཞིར་བྱས་ཏེ་བཟོས་པ་ཞིག་ཡིན་པ་ལས། བོད་ཀྱི་སྐད་དང་མི་མཐུན་པའི་བརྡ་དང་ཐ་སྙད་གསར་བཟོ་མཛད་པ་ནི་གཏན་ནས་མ་ཡིན། འདིར་གླེང་བར་བྱ་འོས་པ་ཞིག་ལ། བོད་ལ་ཆ་མཚོན་ན། མི་རིགས་གཞན་གྱི་ཤེས་རིག་ནང་འདྲེན་བྱེད་པའི་ལོ་རྒྱུས་ཀྱི་དུས་ཡུན་ནི་ཧ་ཅང་རིང་པོ་ཞིག་རེད།  མི་རིགས་གཞན་དང་ཕན་ཚུན་རིག་གནས་སྤེལ་བའི་བརྒྱུད་རིམ་ནང་། བརྡ་དང་ཐ་སྙད་མང་པོ་ཞིག་བོད་བསྒྱུར་བྱ་དགོས་ཀྱི་ཡོད་པས། སྔོན་བྱོན་བོད་ཀྱི་ལོ་ཙཱ་བས་མི་རིགས་གཞན་གྱི་སྐད་གདངས་སྒྲ་སྦྱོར་བྱེད་སྐབས། བོད་རང་གི་ཡི་གེའི་མིང་ཚིག་གི་འཇུག་པ་ལ་ཡོད་མེད་མཐའ་གཅིག་ཏུ་མ་ངེས་པའི་སྲོལ་ཞིག་གནའ་སྔ་མོ་ནས་དར་འདུག་སྟེ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་ནས་རྒྱ་གར་གྱི་ཤེས་རིག་བོད་དུ་དར་སྤེལ་ཆེན་པོ་བྱུང་ཞིང་། ལོ་ཙཱའི་སྒྲ་སྒྱུར་བྱ་གཞག་ཁྲོད་དུའང་བོད་རང་གི་ཡི་གེའི་སྦྱོར་བ་མ་ཡིན་ཞིང་རྒྱ་གར་ཡི་གེའི་སྒྲ་གདངས་དང་གཟུགས་རང་སོར་གནས་པ་མང་དག་ཅིག་སྔོན་གྱི་འགྱུར་གཞུང་ཁག་ནང་ཐོན་ནས་ཡོད། དེའི་སྐོར་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “སྔོན་གྱི་དཔེ་རྙིང་རྣམས་ལ་རྒྱ་སྐད་རང་སོར་བཞག་པ་ཡང་མང་སྟེ། དཔེར་ན་བུདྔྷ་ལ་སྐྱབས་སུ་འགྲོ་བ་སོགས་དང་། གཅེན་ཨ་སཾགས་ཡགཙརྱའི་ལྟ་བ་སྲོལ་ཕྱེས་ཏེ་བྱ་བ་དང་། སྒྲ་སྦྱོར་བམ་གཉིས་སུ་དྷརྨ་ཞུ་ཆེན་གྱི་སོགས་.....མང་དུ་བྲིས་”②ཞེས་གསུངས་པ་ལས། བོད་ཀྱི་སྔོན་བྱོན་ལོ་ཙཱ་བས་རྒྱལ་བའི་གསུང་རབ་བོད་སྐད་དུ་བསྒྱུར་བའི་ལས་འགོ་ཐོག་མར་བཙུགས་པ་ནས་བཟུང་། བྷ། དྷ། ཀྵ། ཊ། ཋ་སོགས་བོད་རང་གི་སྐད་གཤིས་ལ་མེད་ཀྱང་ལེགས་སྦྱར་ཡི་གེའི་སྒྲ་གཟུགས་གཉིས་ཀ་རང་སོར་བཞག་ནས་སྒྲ་སྒྱུར་བྱེད་པའི་སྲོལ་ཞིག་བྱུང་ཡོད་པ་ཤེས། མ་གཞི་བོད་ཡིག་འདི་ཉིད་ནི་ལེགས་སྦྱར་ཡི་གེའི་གཟུགས་ལ་དཔེ་བླངས་ནས་བཅོས་པ་ནི་སྨོས་མི་དགོས། འོན་ཏེ་ནོར་བྲང་ཨོ་རྒྱན་གྱིས། “བོད་ཡིག་གི་ཐུན་མོང་མིན་པའི་སྒྲ་སྦྱོར་སྔོན་རྗེས་མགོ་འདོགས་ཀྱི་ཚུལ་དེ་འདྲ་སྒྲའི་སྐབས་རྩ་བ་ནས་མེད་”③ཅེས་པ་ལས། བོད་རང་གི་སྐད་དང་འཚམ་པའི་སྒྲ་སྦྱོར་བྱེད་ལུགས་དེ་ཁོ་ན་ལས་གཞན་ལུགས་ཤིག་ཡོད་པ་མ་ཡིན་པ་རྟོགས་ཐུབ། “དྷརྨ་”དང་“བུདྔྷ་”ལྟ་བུ་ལེགས་སྦྱར་ཡི་གེའི་སྒྲ་གཟུགས་རང་སོར་བསྒྱུར་བ་འདི་རིགས་ལེགས་སྦྱར་སྐད་ཡིག་སྦྱོང་མྱོང་བ་ཞིག་གིས་བལྟས་ན་རང་རྒྱུད་ལ་འཇགས་པའི་གོམས་པའི་དབང་གིས་འབྲི་ཀློག་གང་ལའང་མི་བདེ་བ་ཡོང་མི་སྲིད། འོན་ཀྱང་བོད་སྐད་ཡིག་རང་ངོས་ཀྱི་སྦྱོར་བ་ཤེས་པའི་སྐྱེ་བོ་ཞིག་གི་ངོས་ནས་བརྗོད་ན་བྲི་རྒྱུ་ལྟ་ཞོག  ཐ་ན་ཀློག་རྒྱུ་དེ་ཡང་དཀའ་ཁག་ཆེ་བ་ཞིག་ཏུ་འགྱུར་ངེས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་《བོད་ཡིག་གི་སྒྲ་སྦྱོར་སྐོར་》ཞེས་པའི་ནང་། “འུ་ཅག་རང་ལ་སྐད་དང་ཡི་གེ་ཡོད་བཞིན་དུ་རྒྱ་སྐད་ཙམ་དུ་རྩོམ་བྱེད་དགོས་པའི་དོ་གལ་ཅི་ཞིག་མགོ་ལ་འབབ་”④ཅེས་ཀྱང་གསུངས་འདུག་པ་དང་། དེ་ལྟར་དུ་མཁས་དབང་དམུ་དགེ་བསམ་གཏན་གྱིས་“དེང་དུས་སློབ་དེབ་འགའ་ཞིག་གི་ནང་དུ་འཐུག་པོ་ལྔའི་སྟེང་དུ་ཡིག་གསར་རེ་སྣོན་ཁུལ་གྱིས་བྲིས་ཏེ་འཐུག་པོ་དྲུག་ཟེར་བ་དང་། ལོག་ཡིག་ལྔ་སོགས་བོད་ཀྱི་སྐད་ཡིག་ཡིན་ཁུལ་གྱིས་བྲིས་ཏེ་དཔེ་བརྗོད་སོགས་འཇོག་པ་ནི་བོད་རང་སྐད་ཀྱི་གདངས་ལ་མ་བརྟགས་ཤིང་། སློབ་དཔོན་ཐོན་མིས་འདོར་ལེན་ཇི་ལྟར་བྱས་ཚུལ་སོགས་ལ་བརྟག་དཔྱད་མ་ཞུགས་པར་སྣང་ངོ་། སམ་བྷོ་ཊ་དང་། པཎྜི་ཏ་སོགས་བྲིས་པ་ཡོད་དོ་ཞེ་ན་དེ་དག་ནི་ལེགས་སྦྱར་སྐད་ཡིན་ལ། དེ་ལྟར་འཕགས་ཡུལ་གྱི་སྐད་གདངས་བོད་ཡིག་ཏུ་བྲིས་ཚད་འཇོག་དགོས་ན། དབྱངས་བཅུ་དྲུག་དང་། གསལ་བྱེད་སོ་བཞི་ཐམས་ཅད་བོད་སྐད་ཀྱི་སྐད་དུ་བྱེད་དགོས་པ་མ་ཟད། རྒྱ་ནག་སོག་པོ། ཕྱི་གླིང་བ་སོགས་ཀྱི་སྐད་གདངས་བོད་ཡིག་ཏུ་བྲི་དགོས་པ་དུ་མ་ཞིག་བོད་ཡིག་གི་དབྱངས་གསལ་གང་རུང་ཞིག་ཏུ་བསྣན་ནས། དབྱངས་བཞི་ལས་ལྷག་པ་དང་། གསལ་བྱེད་བརྒྱ་ཕྲག་དུ་མ་ཡོད་པར་འགྱུར་རོ་”⑤ཞེས་གསུངས་པ་སོགས་ལས་ངེས་ཤེས་ཐུབ་པས། ཅོལ་ཆུང་ཤེས་དམན་བདག་ལྟ་བུར་སྔོན་བྱོན་ལོ་ཙཱའི་སྒྲ་སྒྱུར་གནད་དོན་ལ་དཔྱད་པ་བྱ་བའི་སྤོབས་པ་ནི་ཅི་ལ་ཡོད།
          སྒྲ་སྒྱུར་ཞེས་པ་དེ་ནི་མི་རིགས་གཞན་པའི་མིང་དག་བོད་སྐད་དུ་སྒྱུར་བའི་སྐབས་སུ་ནང་དོན་ལ་གཞིགས་མི་དགོས་པར་སྒྲ་ཇི་ལྟར་བྱུང་བ་དེ་ལྟར་བསྒྱུར་བའི་ཐབས་ཤིག་ལ་ཟེར་བ་ཡིན། སྐད་ཡིག་གི་འཕེལ་རིམ་ལ་གཞིགས་ན་འཛམ་གླིང་རིག་གནས་སྤེལ་རེས་ཀྱི་རྒྱུན་དེ་སྔར་ལས་རྒྱ་ཆེ་བར་སོང་ཡོད་པས་རིག་གནས་སྤེལ་བའི་བརྒྱུད་རིམ་ནང་གཞན་སྐད་དུ་ཡོད་ཅིང་རང་སྐད་དུ་མེད་པའི་སྒྲ་གདངས་མང་པོ་ཞིག་ཐོན་སྲིད་པ་ཡིན།《སྒྲ་སྦྱོར་བམ་གཉིས་》ལས་“ལོ་ཙཱའི་འཛེམ་བྱ་གཙོ་བོ་ནི་བརྡ་སྤྲོད་གཞུང་ལུགས་དང་འགལ་མི་རུང་”ཞེས་གསུངས་པ་ལས་སྒྲ་སྒྱུར་སྐབས་ཐོག་མར་རང་སྐད་ཀྱི་བརྡ་སྤྲོད་རྣམ་གཞག་དང་གཏུགས་གང་ཐུབ་བྱ་དགོས་པ་ཡིན། འོན་ཀྱང་དེང་དུས་བོད་ཀྱི་ཡིག་སྒྱུར་བ་འགའ་རེས་རྒྱ་ཡིག་དང་དབྱིན་ཡིག་སོགས་བོད་སྒྱུར་བྱེད་སྐབས། བོད་ཡིག་གི་རྩ་བའི་སྦྱོར་བ་དང་མཐུན་མིན་གྱི་བློ་འབྱེད་ཚངས་ཐིག་རྒྱང་དུ་བསྒྱུར་ཏེ། ཡི་གེ་“ཧྥ” ལྟ་བུ་གསར་དུ་ཁ་སྣོན་བྱས་ཏེ། མི་ཚང་མས་ཡིན་མིན་གྱི་གནས་ལུགས་ཅི་ཡང་མ་རྟོགས་པར་ངམ་ངམ་ཤུགས་ཤུགས་སུ་བེད་སྤྱོད་པའི་སྲོལ་ཞིག་དར་ཡོད། ད་བར་ཡི་གེ་དེའི་བྱུང་བརྗོད་སྐོར་ལ་དཔྱད་པ་བྱེད་མཁན་ཧ་ཅང་ཉུང་བ་མ་ཟད། དེང་དུས་བོད་ཀྱི་བརྡ་སྤྲོད་རིག་གཞུང་ཁག་ནང་དུ་ཡང་ཡི་གེ་དེའི་སྐོར་ལ“གསར་དུ་བསྣན་པའི་ཡི་གེ་གཅིག་” ཅེས་ཚིག་བསྡུས་ཀྱི་འགྲེལ་པ་ཙམ་ལས་བོད་ཀྱི་ཡི་གེའི་སྒྲ་སྦྱོར་ལུགས་དང་མཐུན་མིན་སོགས་བཏང་སྙོམས་སུ་བཞག་ཡོད། འོན་ཀྱང་དེང་དུས་ཀྱི་ཡིག་སྒྱུར་མཁན་ཁག་གཅིག་གིས་རང་གི་ལོ་ཙཱའི་ཆེ་འདོད་དང་མཁས་ཉམས་མངོན་ཕྱིར། བོད་ཀྱི་བརྡ་སྤྲོད་རིག་པའི་ཆོས་ཉིད་དང་སྤྱི་འགྲོས་ཕྱོགས་ཙམ་ཡང་མི་ཤེས་པར་“ཧྥ་”དང་འདྲ་བའི་བོད་ཡིག་ཕུང་གསུམ་པ་མང་པོ་ཞིག་ཁ་སྣོན་བྱེད་པའི་ཚུལ་ཞིག་ཞིང་ནང་དུ་རྩྭ་ངན་སྐྱེས་པ་བཞིན་གང་སར་ཁྱབ་བཞིན་ཡོད་པས། དེས་བོད་ཀྱི་ཡི་གེའི་སྦྱོར་བ་ཉམས་རྒུད་འགྲོ་བའི་སྣ་འདྲེན་བྱེད་ཀྱི་འདུག་ན་མུ་མཐུད་བཏང་སྙོམས་སུ་བཞག་ན་མི་འཚམ།
          གཉིས་པ། “ཧྥ་” ཞེས་པའི་ཡི་གེའི་སྒྲ་གདངས་དང་གཟུགས་ཀྱི་སྐོར།
          (༡) སྒྲ་གདངས་ཀྱི་སྐོར།
          མི་རིགས་གང་ཞིག་ཡིན་རུང་དང་ཐོག་མར་མི་རིགས་དེའི་སྐད་བྱུང་བ་དང་། དེ་རྗེས་རིམ་བཞིན་ཡི་གེ་བྱུང་བ་ཡིན་པས་རང་ཅག་བོད་ཡིག་གི་བྱུང་རིམ་ཡང་དེ་ལས་མ་འདས། མི་རིགས་སོ་སོའི་ཡི་གེར་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པ་ལས་མཆོག་དམན་གྱི་དབྱེ་བ་ནི་གཏན་ནས་མེད། འོན་ཀྱང་ཡི་གེ་དེ་མི་རིགས་དེའི་སྐད་དང་མཐུན་ཤས་ཆེ་མིན། སློབ་པར་འཇུག་བདེ་མིན། མིང་ཚིག་ཐ་སྙད་འདང་ཚད་མང་ཉུང་གི་ཁྱད་པར། ཚིག་སྦྱོར་གྱིས་མཚོན་བྱའི་དོན་རྣམས་གནད་ལ་འཁེལ་བར་སྟོན་ཐུབ་མིན་སོགས་ལ་ཁྱད་པར་ངེས་ཅན་ཞིག་ཡོད་དེ། བོད་ཡིག་ལ་མཚོན་ན། “དུས་སྐབས་དང་མཐུན་པའི་མིང་དང་ཚིག་གསར་པ་ཁ་སྣོན་ཇི་འདྲ་བྱེད་དགོས་ཀྱང་ཡི་གེ་གསར་པ་བཟོ་མི་དགོས་པར་འཇུག་པ་བདེ་བ། མི་རིགས་གཞན་གྱི་སྐད་བརྡ་སྒྲ་སྦྱོར་བྱེད་སྐབས་བོད་ཡིག་རང་ཐོག་ནས་བྱེད་ཐུབ་པ་” ⑥སོགས་ཀྱི་ཁྱད་ཆོས་མི་ཉུང་བ་ཞིག་ལྡན་ཡོད། བོད་ལ་མཚོན་ན་གནའ་དུས་ནས་མཐའ་བཞིའི་རྒྱལ་ཁམས་གཞན་དང་འབྲེལ་བ་བྱེད་པའི་ཚེ། བརྡ་དང་ཐ་སྙད་གསར་པ་ནང་འདྲེན་བྱེད་པ་ལ། ཡི་གེའི་སྒྲ་གདངས་ཀྱི་ཆ་ནས་གཞན་སྐད་ཀྱི་གདངས་མ་འགྱུར་བར་རང་སོར་བཞག་པ་མང་དུ་ཡོད་ཀྱང་། ཡི་གེའི་སྦྱོར་བ་ནི་བོད་རང་གི་སྒྲ་སྦྱོར་ཁྱད་ཆོས་ལྟར་སྦྱར་བའི་སྲོལ་ཡོད་དེ། དཔེ་ཙམ་དུ་བརྗོད་ན། ཀོང་ཇོ། པེ་ཅིན་སོགས་རྒྱ་ནག་སྐད་ཡིན་པ་དང་། འཛམ་བུ། མར་གད། ཙན་དན་སོགས་རྒྱ་གར་སྐད་ལས་དྲངས་པ་ཡིན་ནའང་། བོད་སྐད་རང་ངོས་ཀྱི་ཡི་གེའི་སྦྱོར་བ་ནས་བཀོད་པས་འབྲི་ཀློག་གང་ལའང་མི་བདེ་བ་ཅི་ཡང་མེད། དེར་བརྟེན་མི་རིགས་གཞན་གྱི་སྐད་གདངས་བོད་ཡིག་ཐོག་སྒྲ་སྦྱོར་བྱེད་སྐབས་ཐོན་མིས་གསར་དུ་བཏོད་པའི་གཏན་འཇགས་ཀྱི་དབྱངས་གསལ་ཡི་གེ་རྣམས་གང་བདེར་སྤྱོད་པ་ལས། རྗེས་སུ་ཡི་གེ་“གསར་པ”་ཁ་སྣོན་བྱ་མི་དགོས་པ་ཡིན། དེས་ན་ཕྱིས་ཀྱི་སྒྲ་སྒྱུར་ཁྲོད་གསར་དུ་ཁ་སྣོན་བྱས་པའི་ཡི་གེ་“ཧྥ”ཞེས་པ་ལྟ་བུ་བྱུང་བ་ལ་ཕྱི་ཚུལ་ནས་བལྟས་ན་རྩོད་པ་མེད་པ་ལྟར་སྣང་ཡང་། དོན་ངོ་མར་མི་རིགས་གཞན་གྱི་ཤེས་རིག་དག་བོད་སྐད་ཡིག་གི་སྦྱོར་བའི་ཐོག་ནས་སྤེལ་སྐབས་སྒྲ་སྒྱུར་ལོ་ཙཱ་བ་ཚང་མས་དོ་འཁུར་དང་ཉམས་འཇོག་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། གལ་ཏེ་གཞན་སྐད་ཀྱི་སྒྲ་གདངས་ཇི་བཞིན་མ་ཉམས་པར་མཚོན་པའི་དགོས་དབང་གིས་ཡི་གེ་གསར་དུ་བསྣན་པ་ཡིན་ཞེས་བརྗོད་ན་རྒྱུ་མཚན་དུ་མི་འགྲོ་སྟེ། བོད་དུ་རྒྱ་ནག་གི་སྐད་སྒྲ་སྒྱུར་བྱེད་ལོ་རྒྱུས་ནི་ཉེ་དུས་གསར་བསྣན་ཡི་གེ་“ཧྥ་”བྱུང་བ་དང་དུས་མཉམ་ཙམ་མིན་པར་དུས་ཡུན་ཧ་ཅང་རིང་བའི་ལོ་རྒྱུས་ལྡན་ཡོད་དེ། བོད་བཙན་པོའི་སྐབས་ནས་སྒྲ་སྒྱུར་ལོ་ཙཱ་བས་རྒྱ་ནག་གི་སྐད་གདངས་མང་པོ་ཞིག་བོད་བསྒྱུར་བྱས་ཡོད་པ་དཔེར་ན། 《ཁྲང་ཆིང་མཐུན་འབྲེལ་རྡོ་རིང》ཤར་ངོས་ཀྱི་ཡིག་ཕྲེང་༦༩ལས། “དོ་ཙེའི་དང་། ཐབས་ཙན་ཤན་དེ་བཱུ་ཡོད་པ་” ⑦ཞེས་པ་ལས་རྒྱ་སྐད་( 赞善大夫)ཞེས་པ་དེ་བོད་སྐད་དུ་“ཙན་ཤན་དེ་བཱུ་”ཞེས་སྒྲ་སྒྱུར་བྱས་ཡོད་པ་རེད། རྒྱ་ནག་གི་སྐད་གདངས་ནང་དུ་(夫)ནི་གསལ་བྱེད་ཀྱི་སྒྲ་གནས་[f]”ཞུགས་དགོས་པའི་སྒྲ་ཁྱིམ་ཞིག་ཡིན། སྐབས་དེར་རྒྱ་ནག་སྐད་ནང་གི་གསལ་བྱེད་ཀྱི་སྒྲ་གནས་[f] ” དེ་བོད་ཡིག་ཏུ་སྒྱུར་སྐབས་དེའི་ཚབ་ཏུ་བོད་ཡིག་གི་གསལ་བྱེད་“ཝ” ཡི་སྒྲ་གནས་སྦྱར་ནས་སྒྲ་སྒྱུར་བྱས་ཡོད། སྐབས་དེར་བོད་ཡིག་གི་གསལ་བྱེད་“ ཝ་” ཀློག་སྐབས་རྒྱ་སྐད་ཀྱི་སྒྲ་གདངས་བཞིན་ཡས་སོ་དང་མས་མཆུ་གཉིས་སྦྱར་ཏེ་དེའི་བར་ནས་སྒྲ་ཐོན་གྱི་ཡོད་པར་སྣང་། དེ་ལ་མཁས་དབང་མཁྱེན་རབ་འོད་གསལ་མཆོག་གིས། “མདོ་ཁམས་ཁུལ་དུ་པ་དང་ཕ་མ་གསུམ་དབུས་ཁུལ་དང་གཅིག་མཚུངས་ཡིན་ཡང་ཝ་ཀློག་སྐབས་མཆུ་དངོས་སུ་མི་བཙུམ་པར་ཡས་སོ་དང་མས་མཆུ་གཉིས་སྦྱར་ཏེ་དེའི་བར་ནས་སྒྲ་ཐོན་དགོས་པ་ཞིག་ཡིན། དེའི་དབང་གིས་མདོ་ཁམས་ཁུལ་གྱི་མིས་རྒྱ་ཡིག་དང་ཕྱི་རྒྱལ་སྐད་ཡིག་སྦྱོངས་སྐབས། ཧྥ་དང་ཧྥུ་སོགས་དཀའ་ཚེགས་མེད་པར་ཐོན་ཐུབ་”⑧ཅེས་གསུངས་པ་དང་། གཞན་ཡང་ད་དུང་ང་རང་དང་འབྲེལ་འདྲིས་ཆེ་བའི་མདོ་སྨད་ཁུལ་གྱི་སློབ་གྲོགས་འགའ་རེས་ཀྱང་ཝ་ཡིག་ཀློག་སྐབས། མཆུ་དངོས་སུ་མི་བཙུམ་པར་ཡས་སོ་དང་མས་མཆུ་གཉིས་སྦྱར་ཏེ་ཀློག་གིན་འདུག དེས་ན་མདོ་ཁམས་ཁུལ་གྱི་ས་ཆ་ལ་ལའི་སྐད་གཤིས་སུ་ཡས་སོ་དང་མས་མཆུ་གཉིས་སྦྱར་ཏེ་དེའི་བར་ནས་ཐོན་སྒྲ་གནས་ཤིག་ཡོད་པར་སེམས། གཞན་ཡང་《གསེར་ཏོག་སུམ་རྟགས་》 ལས། “ཝ་ཡིག་ནི། བ་ཕྱེད་ཝ་རུ་འབོད་པ་ཡིན། ཞེས་པ་ལྟར། མིང་གཞི་ལ་འཇུག་པའི་སྐབས་སུ་རང་གཟུགས་དང་། མིང་མཐའ་འདྲེན་སྐབས་སྡེ་པའི་གསུམ་པ་བ་ཡིག་གི་གཟུགས་སུ་ཡོད་པ་དེ་ལཉྩའི་ཡི་གེར་བ་དང་ཝ་ཡིག་གཟུགས་གཅིག་དུ་ཡོད་པ་དེ་ལ་ཐུག”⑨ཅེས་གསུངས་པ་ལས་ “ཙན་ཤན་དེ་བཱུ་” ཞེས་པའི་ནང་གི་བ་ནི་ཝ་རུ་ཀློག་དགོས་པ་ཤེས་ནུས། དེ་དག་ལས་བོད་ཀྱི་སྔ་མོའི་སྐད་གཤིས་སུ་ཡས་སོ་དང་མས་མཆུ་གཉིས་སྦྱར་ཏེ་དེའི་བར་ནས་སྒྲ་ཐོན་པའི་སྒྲ་གནས་ཤིག་ཡོད་པ་རྟོགས་ཐུབ། ཡིན་ནའང་ད་ལྟ་དབུས་གཙང་སོགས་ཡུལ་ལུང་མང་པོར་སྒྲ་གདངས་དེ་ཉམས་ནའང་མདོ་སྨད་ཁུལ་གྱི་ས་ཆ་ལ་ལར་སྔར་གྱི་ཀློག་གདངས་ཉམས་མེད་རང་སོར་གནས་ཡོད། དོན་དངོས་ཐོག་བོད་ཀྱི་སྐད་གདངས་ནང་ཡས་སོ་དང་མས་མཆུ་གཉིས་སྦྱར་ཏེ་དེའི་བར་ནས་ཐོན་པའི་སྒྲ་གནས་ “[f] ”ཞེས་པ་ཞིག་ཡོད་མེད་ནི། ཡི་གེ་ “ཧྥ་” གསར་སྣོན་བྱེད་པའི་དོན་ཀྱི་རྩ་བ་མ་ཡིན་ཏེ། ཡི་གེ་ “ཧྥ་”ཞེས་པས་ཡུལ་མིང་དང་ས་མིང་སོགས་ཀྱི་སྒྲ་གདངས་རྣམ་པ་ཙམ་ལས་ནང་དོན་གང་ཡང་མཚོན་མི་ནུས་པས་བོད་ཀྱི་སྐད་གདངས་ནང་དུ་ “[f]”ཞེས་པའི་སྒྲ་གནས་ཤིག་ཡོད་མེད་གང་ཡིན་རུང་། སྒྲ་སྒྱུར་ཁྲོད་དུ་མ་ཡིག་གི་སྒྲ་གནས་དང་གང་ཉེ་བ་ཞིག་བོད་ཡིག་གི་སྒྲ་སྦྱོར་དང་མཐུན་པའི་སྒོ་ནས་མཚོན་དགོས་པ་ལས། བོད་ཡིག་གི་སྒྲ་སྦྱོར་ལུགས་དང་མི་མཐུན་ན་ཡང་གཞན་སྐད་ཀྱི་གདངས་དང་ཆ་ཡོངས་སུ་མཚུངས་པ་ཞིག་ཡོང་ཆེད། ཨུ་ཚུགས་ཀྱིས་ཡི་གེ་གསར་བཟོ་བྱེད་པའི་སྣང་ཚུལ་ལ་བསམ་གཞིག་མི་བྱེད་པ་ནི་དགོད་བྲོ་བ་ཞིག་རང་དུ་མཐོང་། སྐད་ཡིག་ནི་མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ནས་བྱུང་བ་ཡིན་པས། མིའི་ལུས་ཁམས་གཅིག་པ་ཡིན་ཡང་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་དབང་གིས་སྐད་ཆའི་གྲུབ་ཆ་མི་འདྲ་བའི་ཁྱད་པར་བྱུང་བ་རེད། དེར་བརྟེན་མི་རིགས་ཚང་མའི་སྐད་གདངས་ཀྱི་ཁྱད་ཆོས་ཇི་བཞིན་དུ་མཚོན་པར་ནུས་པའི་ཡི་གེ་ཞིག་ཡོད་པ་མ་ཡིན། དཔེར་ན། ཕྱི་རྒྱལ་སྐད་གདངས་ནང་གི་(sofa)ཞེས་པ་དེ་རྒྱ་ཡིག་དུ་སྒྲ་སྒྱུར་བྱེད་སྐབས། རྒྱ་ཡིག་རང་སྐད་དུ་ཡོད་པའི་སྒྲ་གདངས་ཉེ་བ་ཞིག་སྤྱད་ནས་(沙发)ཞེས་བསྒྱུར་བ་ལས། མ་ཡིག་གི་སྒྲ་གནས་དང་ཆ་ཡོངས་སུ་མཚུངས་པ་ཞིག་ཡོང་བའི་ཆེད་དུ་ཡི་གེ་གསར་པ་བཟོས་ནས་བཙན་སྦྱོར་བྱས་མེད་པ་གསལ་པོར་ཤེས། ལྷག་དོན་དུ་བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་ཡིན་པས་སྒྲ་སྦྱོར་ཡི་གེའི་ཁྱད་ཆོས་ལ་གཞིགས་ན་དེ་བས་ཡི་གེ་གསར་པ་ཁ་སྣོན་བྱེད་མི་དགོས་པ་ངེས་ཤེས་ཐུབ། དེང་གི་རྒྱ་ཡིག་ཏུ་མིང་ཞིག་སྒྱུར་དུས་རང་སྐད་ཀྱི་གདངས་དང་སྒྲ་ཉེ་བའི་སྒོ་ནས་སྒྱུར་གྱིན་འདུག “ཡུལ་མིང་དང་ས་མིང་། ཐོན་དངོས་གསར་པའི་མིང་སོགས་བོད་སྐད་དུ་ཐད་བསྒྱུར་མི་བདེ་བ་རྣམས་སྒྲ་བསྒྱུར་བྱེད་དགོས་པ་ལོ་ཙཱ་བ་སྤྱིའི་ལུགས་ཡིན་རུང་། རྩ་བའི་ཆ་ནས་གཅིག་གྱུར་དང་བོད་པའི་ངག་ནས་བརྗོད་བདེ་བ་ཞིག་ངེས་པར་ཡོད་དགོས། འོན་ཀྱང་དེང་དུས་སྒྲ་བསྒྱུར་ཕལ་ཆེར་རྒྱ་སྐད་ཀྱི་སྒྲ་ལ་བསྟུན་དྲགས་ནས་འི་འུ་འེ་འོ་” མང་དུ་སྦྱར་ནས་འའི་ཕྲེང་བ་ཞིག་ཆགས་ཡོད། དེས་ན་སྒྲ་བསྒྱུར་བྱེད་སྐབས་སྒྲ་ཟུར་ཆགས་པ་ཙམ་གྱིས་ཆོག་པ་ལས་རྒྱ་སྐད་བཤའ་མ་ཞིག་ཡོང་ཐབས་བྱེད་མི་རུང་”⑩”ཞེས་གསུངས་པ་ལས་སྒྲ་སྒྱུར་སྐབས་སུ་གཞན་སྐད་དུ་ཡོད་ཀྱང་རང་སྐད་ལ་མེད་པའི་སྒྲ་གདངས་ཞིག་སྒྱུར་དུས་སྒྲ་ཉེ་བའི་སྒོ་ནས་བསྒྱུར་དགོས་པ་གལ་ཆེར་སྣང་། “ [f]”ཞེས་པའི་སྒྲ་གནས་དེ་བོད་ཀྱི་ད་ལྟའི་སྐད་གདངས་ནང་དུ་མེད་ཀྱང་། གཟུགས་ “ཧྥ་”ལྟ་བུ་སྔར་མེད་ཡི་གེ་གསར་སྣོན་བྱེད་པ་ལས། བོད་ཡིག་རང་གི་སྦྱོར་བའི་ཐོག་ནས་“[f] ”དང་སྒྲ་གདངས་ཉེ་བའི་སྒྲ་ཟུར་ཆགས་ཙམ་གྱིས་མཚོན་པར་བྱས་ན། དེ་ནི་མི་རྣམས་ཀྱིས་གོ་མི་ཐུབ་པ་ཡོང་མི་སྲིད་ལ་བོད་ཡིག་གི་སྒྲ་སྦྱོར་ཆོས་ཉིད་དང་ཡང་འཚམ་པ་ཡོང་ངེས་ཡིན།
          (༢)གཟུགས་ཀྱི་སྐོར།
          ལེགས་སྦྱར་ན་གསལ་བྱེད་ཡི་གེ་གང་ཡིན་པ་ཕན་ཚུན་མགོ་འདོགས་ཀྱི་ཚུལ་བྱས་ཏེ་སྦྱར་དུ་རུང་བ་ཡིན་ནའང་། ཧ་དང་ཕ་གཉིས་བརྩེགས་པ་ལས་བྱུང་བའི“ཧྥ་”ཞེས་པའི་གསར་སྣོན་ཡི་གེ་འདི་ལྟ་བུ་ནི། ལེགས་སྦྱར་ཡི་གེའི་འདྲ་གཟུགས་བོད་ཡིག་དུ་གཡར་བ་ཡིན་ཟེར་ན་ནི་རྒྱུ་མཚན་དུ་མི་འགྲོ་སྟེ། གཅིག་ནས་“ ཧྥ་”ཞེས་པའི་ཡི་གེའི་གཟུགས་ཀྱི་ཆགས་སྟངས་ལ་བལྟས་ན་ལེགས་སྦྱར་ཡི་གེའི་གསལ་བྱེད་བརྩེགས་པའི་རྣམ་པ་ཞིག་ཡིན་པར་འཁྲུལ་སྣང་འཆར་སྲིད་ཀྱང་། ལེགས་སྦྱར་ཡི་གེའི་ནང་དུ་“ཧྥ་”ཞེས་པའི་ཡི་གེའི་སྦྱོར་བ་གཏན་ནས་མེད་པ་ཞིག་རེད། གཉིས་ནས་བོད་ཡིག་རང་གི་སྦྱོར་བ་དང་མཐུན་པ་ཡང་མ་ཡིན་ཏེ། 《བརྡ་སྤྲོད་བློ་གསལ་དགའ་སྟོན་》ལས། “ལེགས་སྦྱར་ན་གསལ་བྱེད་ཡི་གེ་གང་ཡིན་པ་ཕན་ཚུན་བརྩེག་ཆོག་ཀྱང་། བོད་སྐད་ལ་མི་འཚམ་པས་”⑾ཐོན་མིས་བོད་སྐད་ལ་མགོ་འདོགས་ཀྱི་རྣམ་གཞག་མཛད་པ་ཡིན་ཞེས་པ་ལས་བོད་ཡིག་ལ་གསལ་བྱེད་ཡི་གེ་གང་ཡིན་པ་ཕན་ཚུན་བརྩེག་པའི་ལུགས་ཤིག་མེད་པ་ཤེས་ཐུབ། དེས་ན་ “ཧྥ་”ཞེས་པའི་ཡི་གེའི་གཟུགས་འདི་ནི་རྒྱ་སྐད་དང་དབྱིན་སྐད་སོགས་མི་རིགས་གཞན་གྱི་སྐད་གདངས་སྒྲ་སྒྱུར་བྱེད་སྐབས། ད་ལྟའི་བོད་ཀྱི་སྐད་གདངས་ནང་དུ་“[f]”ཞེས་པ་དང་ཆ་ཡོངས་སུ་མཚུངས་པའི་སྒྲ་གནས་ཤིག་མ་རྙེད་སྟབས། སྒྲ་སྒྱུར་ལོ་ཙཱ་བ་ག་གེ་མོས་གཟུགས་“ཧྥ་”ལ་འདོད་རྒྱལ་གྱིས་ “[f] ”བཏགས་པ་ཡིན་ཤས་ཆེ། མཁས་དབང་དམུ་དགེ་བསམ་གཏན་གྱིས། “རྒྱ་ནག་སྐད་དང་སོག་སྐད་སོགས་བརྗོད་པའི་ཆེད་དུ། ཧྥ། ཧྥུ། ལྱ། ཐྱ། སོགས་སྔོན་གྱི་དེབ་ཐེར་དང་སྨན་ཡིག་སོགས་སུ་ཡོད་”⑿ཅེས་གསུངས་གནང་ཞིང་། ད་བར་ཁོ་བོས་མཐོང་ཐོས་སུ་གྱུར་བའི་སྔོན་གྱི་དེབ་ཐེར་དང་སྨན་ཡིག་སོགས་སུ། ཐྱ། ལྱཱ་ལྟ་བུ་མང་དུ་མཐོང་རྒྱུ་འདུག དོན་དེར་ནོར་བྲང་ཨོ་རྒྱན་མཆོག་གིས། “ ཐུགས་ལ་ཐྱ། ལུགས་ལ་ལྱ། ལྟ་བུ་བཏགས་ཀྱིས་ཞབས་ཀྱུ་དང་། ག་ས་རྗེས་འཇུག་ཡང་འཇུག་དང་བཅས་པའི་མཚོན་དོན་དུ་བྱས་པའི་སྐུང་ཡིག་ཡིན་” ⒀ཞེས་འགྲེལ་པ་ཡང་མཛད་འདུག འོན་ཏེ་ཧྥ་དང་ཧྥུ་ལྟ་བུའི་ཡི་གེའི་གཟུགས་ནི་རྒྱལ་དབང་ལྔ་པའི་དུས་སུ་བཟོས་པ་ཡིན་ཞེས་གསུང་སྲོལ་འདུག་ཀྱང་ཡི་གེ་དེའི་ཐོག་མའི་བྱུང་བའི་སྐོར་ལ་ད་བར་ཁུངས་བཙན་གྱི་དཔང་རྟགས་ཤིག་བཙལ་འཚོལ་བྱ་མ་ཐུབ། “རང་གིས་མ་མཐོང་བ་ཕྱིར་ན་མེད་པ་མ་ཡིན་”ཞེས་པ་ལྟར། མཁྱེན་ལྡན་རྣམ་པས་ཡི་གེ་དེའི་བྱུང་དུས་སྐོར་ལ་ད་དུང་མུ་མཐུད་དཔྱད་པ་གནང་བར་ཞུའོ།
          གསུམ་པ། “་ཧྥ་” ཞེས་པའི་ཡི་གེ་ལས་འཕྲོས་པའི་སྒྲ་སྒྱུར་ལོ་ཙཱའི་བསམ་གཞིག
          ད་ལྟའི་དུས་སུ་ཡི་གེ་ཧྥ་”ནི་བོད་ཡིག་གི་སྦྱོར་བ་དང་མི་མཐུན་པའི་ཡི་གེ་ཕུང་གསུམ་པ་ཞིག་ཏུ་གྱུར་ཡོད་དེ། དང་ཐོག་ཕ་ལ་ཧ་བཏགས་ནས་གཟུགས་“ཕྷ” མ་བཀོད་པར། ཧ་ལ་ཕ་བཏགས་ནས་གཟུགས་ “ཧྥ ” བཀོད་པ་དེས་མཐུག་པོའི་ཡི་གེའི་གཟུགས་དང་རིགས་མི་འདྲ་བའི་རྣམ་པ་ཡ་མཚན་ཅན་ཞིག་ཐོན་པ་དང་། གཉིས་ནས། བོད་ཡིག་ནི་སྦྱོར་ཀློག་རང་བཞིན་གྱི་ཡི་གེ་ཡིན་པས། སློབ་ཆུང་གི་དགེ་སློབ་རྣམ་པས་ཀྱང་ཡི་གེ་ “ཧྥ་”དེ་སྦྱོར་ཀློག་བྱ་རྒྱུ་ཡོད་པ་ལྟར་དུ་སྣང་སྟེ། ཧ་ཕ་སྟ་ཧྥ་ཞེས་སྦྱོར་ཀློག་རང་བཞིན་གྱིས་ཀློག་གིན་འདུག དོན་དུ་གཟུགས་“ཧྥ་” ལ་“[f] ”ཞེས་པའི་སྒྲ་ཞིག་འདོད་རྒྱལ་གྱིས་བཏགས་པ་ཙམ་ཡིན་པས། གསལ་བྱེད་རྐྱང་པ་ལྟར་གཟུགས་“ཧྥ་”ལ་སྒྲ་“[f ]”ཞེས་ཐད་ཀར་ཀློག་པ་ལས་ཧ་ཕ་སྟ་ཧྥ་ཞེས་ཕྲལ་ཏེ་ཀློག་མི་ཉན། རྒྱུ་མཚན་བཀོད་ན། བོད་ཡིག་གི་སྦྱོར་བའི་ནང་ཕ་ལ་ཧ་བཏགས་པའི་ཡི་གེ་ཞིག་གཏན་ནས་མེད་པའི་ཕྱིར་རོ།
          དེ་ཡང་ “ཐོག་མར་བོད་ཡིག་བཟོ་སྐབས་བོད་སྐད་གཞིར་བཞག་ནས་བཟོས་པ་ཞིག་ཡིན་པས་བོད་ཡིག་གི་ཕྱི་མོ་བོད་སྐད་ཡིན་ཡང་། བོད་ཡིག་ལེགས་པར་བཟོས་ཤིང་དེས་བོད་སྐད་ཀྱི་ཚབ་བྱེད་ཐུབ་པའི་རྗེས་བོད་ཡིག་ནི་བོད་ཀྱི་སྤྱི་སྐད་དུ་གྱུར་ཅིང་བོད་སྐད་ཚད་མ་ཞིག་ཡིན་མིན་གྱི་ཁུངས་གཏུགས་སའང་བོད་ཡིག་ཡིན་”⒁ཞེས་པ་ལས་འབྱུང་འགྱུར་སྐད་ཡིག་འཕེལ་འགྱུར་གྱི་རྩ་བའི་རྩ་དོན་ཡང་གསལ་སྟོན་གནང་ཡོད། གལ་ཏེ་སྒྲ་བསྒྱུར་དགོས་པའི་དབང་གིས་བོད་ཡིག་གི་སྦྱོར་བ་དང་མི་མཐུན་པའི་གསར་བསྣན་ཡི་གེ་“ཧྥ་” གཅིག་པོ་ལས་མེད་ན། སྐྱོན་དེ་ཙམ་མེད་པ་ལྟར་དུ་སྣང་ཡང་། ད་ལྟ་འཛམ་གླིང་ཤེས་རིག་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ལ་གཞིགས་ན། རྒྱ་ཡིག་དང་དབྱིན་ཡིག་ཡིག་བསྒྱུར་ཙམ་གྱིས་འབྱུང་འགྱུར་བོད་མི་རིགས་ཀྱི་རིག་གནས་དགོས་མཁོ་སྐོང་ཐབས་བྲལ་བས། རྗེས་སུ་ཨུ་རུ་སུ་དང་འཇར་མན་གྱི་སྐད་སོགས་མི་རིགས་གཞན་གྱི་སྐད་གདངས་སྣ་ཚོགས་སྒྲ་སྒྱུར་བྱ་དགོས་པ་ནི་ལོས་ཡིན། སྐབས་དེར་བོད་སྐད་ཀྱི་སྐད་གདངས་དང་ཆ་ཡོངས་སུ་འདྲ་བ་ཞིག་མ་བྱུང་ཚེ། ཡང་བསྐྱར་སྒྲ་སྒྱུར་དགོས་དབང་གིས་“ཧྥ་”བཞིན་ཡི་གེ་གསར་པ་བཟོ་དགོས་བྱུང་ན། དེ་ནི་བོད་ཡིག་གི་སྒྲ་སྦྱོར་ཡི་གེའི་ཁྱད་ཆོས་ལས་འགལ་བ་ཞིག་མ་ཡིན་ནམ། དེང་དུས་སྒྲ་སྒྱུར་གྱི་ཁྲོད་དུ་བོད་ཡིག་གི་སྒྲ་སྦྱོར་ལུགས་དང་མི་མཐུན་པའི་སྣང་ཚུལ་མ་ཐོན་པ་མ་ཡིན་ཏེ། “镁” “铁” “钙”ཞེས་པ་དེ་དག་སྒྲ་སྒྱུར་བྱེད་སྐབས་སུ། “མཱེ་” “ཐཱེ་” “ཀཱེ་” ཞེས་བསྒྱུར་ནས་ཡིག་སྒྱུར་བ་རྣམས་ཀྱིས་བོད་ཡིག་ནས་“镁” “铁” “鈣” བཅས་ཀྱི་མ་ཡིག་གི་སྒྲ་གདངས་བཤའ་མ་ཞིག་མཚོན་འདོད་ཀྱི་འདུན་པ་བཟང་པོ་མངོན་ཡང་། རྒྱ་ཡིག་མི་ཤེས་པའི་མི་ཞིག་གིས་བལྟས་ཚེ་ལོ་ཙཱ་བ་རང་གི་འདུན་པ་བཞིན། “镁” “铁” “鈣” ཞེས་པའི་སྒྲ་ཐོན་རྒྱུ་ཕར་ཞོག་ཐ་ན་ཀློག་ཐུབ་མིན་ཡང་བཤད་ཚོད་དཀའ་བར་གྱུར། སྒྲ་སྒྱུར་སྐབས་བོད་ཀྱི་ཡི་གེའི་སྦྱོར་བ་དང་མཚུངས་མིན་ལ་དགོངས་བཞེས་མ་གནང་བ་ནི་བློ་ཕམ་སྐྱེ་དགོས་པ་ཞིག་རེད། “མཱེ་” “ཐཱེ་” “ཀཱེ་”ཞེས་བྲི་བའི་ཚེ། དང་ཐོག་བོད་ཡིག་གི་དབྱངས་ནང་དུ་“ཨཱ” ཞེས་པའི་དབྱངས་རིང་པོ་ཞིག་ཡོད་པ་ཁས་ལེན་བྱ་དགོས། དེ་མིན་ན་ལེགས་སྦྱར་ཡི་གེའི་སྒྲ་གཟུགས་རང་སོར་བཞག་པ་ཡིན་ཤས་ཆེ།འོན་ཀྱང་ལེགས་སྦྱར་དབྱངས་སུ་“ཨེ་”ཡོད་པ་ལས། “ཨཱེ་”ཞེས་པའི་གཟུགས་གཏན་ནས་མེད་དོ། འབྲི་ཚུལ་དེ་འདྲ་ནི་བོད་ཡིག་དང་ལེགས་སྦྱར་ཡི་གེའི་སྦྱོར་ལུགས་དང་མི་མཐུན་པས་རང་འདོད་ཀྱིས་ཡི་གེ་གསར་དུ་བསྣན་ཏེ་སྒྲ་ག་གེ་མོ་ཞིག་ལ་གཟུགས་གསར་གཏོད་བྱས་ཏེ་རང་བློས་བཏགས་པ་ཙམ་ལས་རྒྱུ་མཚན་གཞན་གང་ཡང་ཡོད་པ་མ་ཡིན། ས་པཎ་གྱི་《 མཁས་འཇུག་》ལས། “བརྡ་སྤྲོད་པའི་མཁས་པ་དག་གིས་བརྡ་གསར་པ་མ་སྦྱར་ན་དོན་མི་སྒྲུབ་པ་མཐོང་ན་གསར་པ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་པ་མི་སྦྱོར་ཏེ། མ་རྟོགས་པ་དང་ལོག་པར་རྟོགས་པ་དང་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ་”ཞེས་གསུངས་པ་འདི་ནི་ཅི་འདྲའི་གནད་ལ་འཕིགས་ཤིང་བླང་དོར་གྱི་གནད་བསྟན་པའི་ཆོད་སྡོམ་ཞིག་མ་ཡིན་ནམ། གལ་ཏེ་བོད་ཡིག་གི་བརྡ་སྤྲོད་གཞུང་ལས་འགལ་བའི་ཡི་གེ་ཕུང་གསུམ་པ་དེ་རིགས་རིམ་བཞིན་ཇེ་མང་དུ་སོང་ན། མཐར་བོད་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཡི་གེའི་སྦྱོར་བ་བརླག་པར་འགྱུར་ངེས་ཡིན་པས་བག་ཟོན་དགོས་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ། རང་མགོ་སྐོར་བའི་གོས་ཀྱིས་མི་གཡོགས་པ། འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་འཚལ་”ཞེས་གསུངས་པའི་དོན་དམ་གྱི་བསླབ་བྱར་ཡང་ནས་ཡང་ནས་ཡང་དུ་བརྟག་པར་འཚལ།
          མདོར་ན། གངས་ཅན་ཡི་གེའི་བྱེད་པོ་ཐོན་མིས། “བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།། མིང་ཚིག་བརྗོད་པ་ཀུན་གྱི་གཞི།། ཡི་གེའི་སྦྱོར་བ་བཤད་པར་བྱ།། ”ཞེས་ཐམས་ཅད་ཡི་གེའི་སྦྱོར་བ་ལ་ཐུག་པ་གསལ་པོར་བསྟན་ཡོད་པས། ཕྱིས་འབྱུང་སྒྲ་སྒྱུར་བྱ་གཞག་ནང་རིགས་པའི་གཞུང་ལུགས་ལ་བལྟ་བའི་མིག་སྟེ། བོད་ཀྱི་ཡི་གེའི་སྦྱོར་བ་ལས་འགལ་བའི་རིགས་གང་བྱུང་དུ་མི་ཐོན་པ་གནང་རྒྱུ་དེ་ནི་ཚང་མས་སྣང་ཆུང་གཏན་ནས་བྱ་མི་རུང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན་པ་ཐུགས་ལ་བཏགས་པར་ཞུའོ།།
          ལུང་འདྲེན་དཔྱད་ཡིག
          ①ཤར་ཡུལ་ཕུན་ཚོགས་ཚེ་རིང་གི་《ཆོས་འབྱུང་མཁས་པའི་དགོངས་རྒྱན་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003/11 P 91 -92 
          ②④《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེང་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2008/12p276 p292
          ③⒀《ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006/5p27.16 
          ⑤དམུ་དགེ་བསམ་གཏན་གྱི་《བོད་ཀྱི་ཡི་གེའི་སྤྱི་དོན་བློ་གསལ་འཇུག་ངོགས་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003/1 p7 – 8
          ⑥《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་སྒྲིགས་》བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1997 p11 
          ⑦གོ་ཤུལ་གྲགས་པ་འབྱུང་གནས་ཀྱི་《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་》མི་རིགས་དཔེ་སྐྲུན་ཁང་། 2001 p11 
          ⑧⒁མཁྱེན་རབ་འོད་གསལ་གྱི་《བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བ་ཤད་པ་》ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995 p28 p19 
          ⑨གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟཇང་ཚུལ་ཁྲིམས་རྒྱ་མཚོའི་《གསེར་ཏོག་སུམ་རྟགས》མི་རིགས་དཔེ་སྐྲུན་ཁང་། 1957/10 p51
          ⑩ཆེད་ལས་བརྡ་ཆད་ཕབ་སྒྱུར་བྱེད་པའི་རྩ་དོན་དང་བྱེད་ཐབས་སྐོར་མདོ་ཙམ་གླེང་བ། 《བོད་ཀྱི་སློབ་གསོ》2006/8 p127 
          ⑾⑿དམུ་དགེ་བསམ་གཏན་གྱི་《བརྡ་སྤྲོད་བློ་གསལ་དགའ་སྟོན་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1980 p6  p25


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1