ཟླ5པའི་ཚེས20ཉིན་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་གྱིས་པེ་ཅིང་དུ་སྐབས་བཅོ་ལྔ་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་ཐོབ་མཁན་ལ་མཇལ་འཕྲད་གནང་བ་དང་འབྲེལ་དྲན་རྟེན་མཉམ་པར་བསྐྱོན་པ་རེད།
ཡིའུ་ཆོན་གྱིས་བོད་བརྒྱུད་ནང་བསྟན་ལས་རིགས་སྡེས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཁྲིམས་སྲུང་སློབ་སྐྱོང་། སྒྲུབ་སྦྱོང་ལ་འབད་པ་ལྷུར་ལེན་བྱེད་པ། སྐད་ཆ་དང་སྤྱོད་ལམ་དྲང་པོར་ཡོང་པ། སེམས་ཅན་ཀུན་ལ་ཕན་ཐོགས་པ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་བདེ་བླག་ངང་རྒྱུན་འཛིན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “མཐོ་རམས་པ”ནི་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་མཐོ་ཤོས་དེ་ཡིན་ཞིང་། ད་རེས་དགེ་འདུན་པ40ལ་དཔྱད་ཞིབ་ནན་པོ་བྱས་པ་བརྒྱུད་མཐོ་རམས་པའི་ཡོན་གནས་ཐོབ་ཡོད་འདུག
ཅི་ཞིག་ལ་མཐོ་རམས་པ་ཟེར་ཞེ་ན།
བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་མ་ལག་གསར་པར་དམའ་རིམ་དང་འབྲིང་རིམ། མཐོ་རིམ་བཅས་རིམ་པ་གསུམ་ལས་གྲུབ་ཡོད་ཅིང་། དེའི་ནང་དམའ་རིམ་ཡོན་གནས་ལ་བོད་སྐད་དུ་མཚན་ཉིད་པ་ཞེས་འབོད་ལ་དེ་ནི་ཤེས་རམས་པའི་ཡོན་གནས་དང་མཚུངས། འབྲིང་རིམ་ཡོན་གནས་ལ་བོད་སྐད་དུ་འབྲིང་རམས་པ་ཞེས་ཟེར་ལ་དེ་ནི་རབ་འབྱམས་པའི་སློབ་གནས་དང་མཚུངས། དེ་ལྟར་ན་མཐོ་རམས་པ་ནི་འབུམ་རམས་སློབ་གནས་དང་མཚུངས་ལ་བོད་སྐད་དུ་མཐོ་རམས་པ་ཞེས་དང་། མིང་ཁ་ཚང་ལ་མཐོ་རམས་རབ་འབྱམས་པ་ཞེས་འབོད་ཀྱི་ཡོད་པ་རེད།
“མཐོ་རམས་པ”ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཡོན་གནས་སྤྲད་པ་ཞིག་ཡིན་ཞིང་། དེ་ཉིད་མ་གཏོགས་གཞན་གང་ནས་ཀྱང་སྤྲོད་ཆོག་གི་ཡོད་པ་མ་རེད། དེ་ཡང་ཡོན་གནས་འདི་ཉིད་ཐོབ་འདོད་ན།
ཐོག་མར། དགོན་པར་བློ་རྩེ་གཅིག་སྒྲིམ་གྱིས་སྒྲུབ་སྦྱོང་ལོ15ཡན་གནང་སྟེ་གྲུབ་འབྲས་ཅུང་ཙམ་ལོན་དགོས་པ་དང་། དེའི་ནང་སྡོམ་ཁྲིམས་ཡག་པོ་ཡོད་པ་དང་སློབ་གཉེར་གྱི་གྲུབ་འབྲས་ཧ་ཅང་ཕུལ་དུ་བྱུང་ཚེ་ད་གཟོད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་ཞུགས་ཡིག་རྒྱུགས་ནང་ཞུགས་ནས་གདམ་གསེས་དང་ལེན་བྱས་ཆོག་པ་རེད།
དེ་ནས་བསྡུ་ལེན་བྱས་རྗེས་མཐོ་རིམ་ནང་བསྟན་སློབ་གླིང་དུ་ལོ་ངོ་གཉིས་རིང་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སློབ་སྦྱོང་བྱ་དགོས་ཤིང་། དེར་ནང་བསྟན་གྱི་སྲོལ་རྒྱུན་གསུང་རབ་བསྟན་བཅོས་སློབ་སྦྱོང་བྱ་དགོས་པ་མ་ཟད། ཚན་རིག་རིག་གནས་དང་བཅའ་ཁྲིམས། དོ་དམ་སོགས་ཐད་ཀྱི་ཤེས་བྱར་ཡང་སློབ་སྦྱོང་བྱ་དགོས་པ་རེད།
གསུམ་ནི། སློབ་མཐར་ཕྱིན་སྐབས་ཁོ་ཚོས་སློབ་སྐར་ཚང་མ་ལོན་དགོས་ཤིང་།རིག་གནས་ཆབ་སྲིད་སློབ་ཚན་གྱི་རྒྱུགས་འཕྲོད་དགོས་པ་མ་ཟད་ད་དུང་རྟགས་གསལ་དང་ཆོས་ཁྲིད་རྒྱུགས་ལེན། དཔྱད་རྩོམ་བགྲོ་གླེང་བཅས་ལ་ཞུགས་དགོས། ཡིག་རྒྱུགས་ཡོད་ཚད་ལོན་ནས་ཐོབ་ཐང་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་ཐོག་གྲོས་འཆམ་བྱས་པ་བརྒྱུད་གཞི་ནས་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་མཐོ་ཤོས་མཐོ་རམས་པ་ཞེས་པ་དེ་ཐོབ་ཐུབ་པ་རེད།