དེ་ཡང་ཤོ་བ་དགོན་གྱི་དངོས་མིང་ལ་ཤོ་བ་མཁས་གྲུབ་གླིང་ཞེས་འབོད་པ་དང་། དོན་དུ་ཤོ་བ་མཁས་གྲུབ་མཚན་ཉིད་གླིང་ཞེས་པ་དེ་ཡིན། དགོན་པ་འདི་ཉིད་ཕྱག་འདེབས་མཛད་ཡུལ་གྱི་གནས་ནི་ཤོ་བ་ཧོར་རིགས་ཞང་གི་ནང་ཆེན་སྡེ་བའི་ཉེ་འདབས་སུ་ཆགས་སོ། །
ཁོང་ཤོ་བ་རིན་པོ་ཆེ་བློ་བཟང་རྣམ་རྒྱལ་མཆོག་གིས་སྤྱི་ལོ1685ལོ་སྟེ་ཆིན་གོང་མ་བདེ་སྐྱིད་རྒྱལ་པོ་རང་ལོ་ཉེར་བཞི་བའི་ལོ་དེར་དགོན་འདི་ཉིད་ཕྱག་འདེབས་མཛད། སྤྱི་ལོ1689ལོ་ཅོ་ནེ་དཔོན་ཚེ་དབང་དོན་གྲུབ་གྱིས་བདག་དམ་གནང་བ་དང་ལྷན་དུ་ཅོ་ནེ་དགོན་ཆེན་གྱི་ཁོངས་སུ་གཏོགས་པར་བྱས། འོན་ཀྱང་ཅོ་ནེ་དགོན་ཆེན་ནས་ཐད་ཀར་ཁྲི་བ་སོགས་མངགས་གཏོང་གནང་བ་མེད་ལ། དགོན་འདིའི་འཆད་ཉན་སོགས་ཆོས་ལྡན་གྱི་བྱ་བ་གཙོ་བོ་བྲག་དགོན་པས་བདག་དམ་གནང་ཞིང་ཁྲི་བ་ཡང་ཁོང་ཉིད་སྐུ་དངོས་ཀྱིས་མཛད་པ་ལགས། དེ་སྔོན་དགོན་འདིར་རྟེན་བྱིན་ཅན་དང་རིག་དངོས་འཇོན་ཐང་ཅན་ཧ་ཅང་མང་ལ། འོན་ཀྱང་རིག་གསར་སྐབས་གཏོར་བཤིག་ཚབས་ཆེན་ཐེབས་པས་ཕལ་ཆེར་མིང་གི་ལྷག་མེད་དུ་གྱུར་མོད། ཡིན་ནའང་ས་འདི་གའི་ཡུལ་མི་ལྷག་བསམ་ལྡན་པ་འགས་སྲུང་སྐྱོབ་འོག་ད་ལྟ་རིག་དངོས་འགའ་ཤུལ་བཞག་བྱས་ཡོད། ཕྱིས་སུ་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དངོས་འབེབས་བྱས་པ་དང་བསྟུན་ནས་སྤྱི་ལོ1981ལོར་དངོས་སུ་ཆོས་སྒོ་ཕྱེས། རྗེས་སུ་ལོ་དུ་མའི་རིང་ལ་ས་འདི་གའི་སྐྱ་སེར་མང་ཚོགས་ཐུན་མོང་གི་དད་གུས་ཟོལ་མེད་ཀྱི་རྒྱུ་བཅས་ཏང་དང་སྲིད་གཞུང་གི་བླ་མེད་ཐུགས་ཁུར་འོག་སྤྱི་ལོ1988ལོར་དགོན་འདི་གའི་ཚོགས་ཆེན་འདུ་ཁང་དང་རྟ་མགྲིན་ལྷ་ཁང་གཉིས་བསྐྱར་བཞེངས་བྱས་པས་ལེགས་གྲུབ་ཆེན་པོ་བྱུང་ངོ་། །
ཤོ་བ་རིན་པོ་ཆེ་བློ་བཟང་རྣམ་རྒྱལ་མཆོག་ནི་ཏ་མིང་རྒྱལ་བོ་ཙའོ་ཀྲིན་རང་ལོ་བཞི་བ་སྟེ་སྤྱི་ལོ1631ལོར་ཤོ་བའི་ར་པ་སྡེ་བའི་ཡབ་རྒྱ་གར་སྐྱབས་དང་ཡུམ་མཁའ་འགྲོ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཡུལ་འདིའི་ཁོར་ཡུག་གི་རྩྭ་ཆུ་ཕུན་སུམ་ཚོགས་ཤིང་། ལུག་ཁྱུའི་འཚོ་སྐྱོང་ལ་ཆེས་འཚམས་པས་དང་ཐོག་ལུག་ནག་མང་དུ་འཕེལ། ཡུལ་མི་ཚོས་དེའི་བལ་ནག་གིས་ཕྱིང་གར་བཟོས་ཏེ་གནས་ཁྱིམ་གཞིས་ཆགས་པས་ཉེ་འཁོར་གྱི་ཡུལ་མི་ཚོས་ཁོ་ཚོར་ར་པ་སྡེ་བར་འབོད་ཅིང་ཕྱིས་སུ་དེ་ལྟར་མིང་དུ་ཆགས། ཤོ་བ་རིན་པོ་ཆེ་ཁོང་ནི་ཆུང་དུས་ནས་དགེ་བའི་བག་ཆགས་སད་པ་ཞིག་སྟེ། ཤེས་རབ་ཆེ་བ་སོགས་གྱི་ཡོན་ཏན་དུ་མས་བརྒྱན། ལྷག་པར་ཁོང་དགུང་ལོ་ལྔ་དྲུག་བཞེས་པའི་སྐབས་ཤིག་ནས་དབེན་པར་གནས་བཞུགས་མཛད་དེ་རང་ཁྱིམ་དུ་ཕྱིར་མ་ལོག དུས་དེ་ནས་བཟུང་ཕ་མ་གཉིས་དང་སྡེ་བའི་མི་ཚོས་ཁོང་གར་བཞུགས་བཙལ་མ་ཆོད། རྗེས་སུ་ཁོང་གི་ཡབ་རྒྱ་གར་སྐྱབས་དང་སྡེ་བའི་མི་ཁ་ཤས་གསང་སྟབས་ཀྱིས་ཁོང་ཉིད་གར་བཞུགས་ལ་བཙལ་གཅོད་སོང་བས་གྲོང་ཚོ་འདིའི་ཤར་ཕྱོགས་སུ་ལུང་རི་ཁྲོད་ཅེས་མིང་དུ་གྲགས་པ། ཁོར་ཡུག་ཏུ་ནགས་ཚལ་ཚང་ཚིང་གིས་བརྒྱན་ཞིང་དུས་བཞིར་བྱ་རིགས་སྣ་ཚོགས་པས་སྐད་སྙན་གྲགས་པ། དབེན་པའི་རི་ཁུག་ཉམས་དགའ་བ་དེར་བྲག་སྐྱིབས་ཤིག་ཡོད་པར་ཁོང་ཉིད་བསམ་གཏན་ལ་བཞུགས་པ་བཙལ་ཆོད་བྱུང་། བྲག་སྐྱིབས་དེའི་ཕུག་ཏུ་དྭངས་ཤིང་རོ་མངར་ལྡན་པའི་ཆུ་མིག་ཅིག་འཁྱིལ་ཡོད། དེའི་མདུན་ཕྱོགས་སུ་འབབ་ཆུ་ཆུང་ཆུང་ཞིག་ཀྱང་བགས་ཀྱིས་གཞོལ་བས་དོན་དངོས་དག་ཞིང་མི་ཡུལ་དུ་འཕོས་པ་བཞིན་ཡོད། ཁོང་ཉིད་གནས་དེར་ལ་ཤས་དུ་མའི་རིང་ལ་དགེ་སེམས་ཀྱིས་རྒྱུད་བསྐུལ་བས་དད་བརྩོན་བླ་མེད་ཐུགས་ལ་འཁྲུངས་པས་ཉམས་ལེན་ལ་བརྩོན་པར་བྱས། ཁོང་དགུང་ལོ་བཅུ་བདུན་སྟེང་དབུས་སུ་འགྲོ་གྲབས་མཛད། གོ་ཐོས་སུ་ཁོང་ཉིད་ཁམས་ཕྱོགས་བརྒྱུད་སྐབས་ས་དེ་ཡི་ཡུལ་མི་ཚོར་དངུལ་སྲང་བསྡུ་གྲབས་བྱས་པས་དེའི་ཡོན་གྱིས་འཕགས་པ་བརྒྱད་སྟོང་བ་སོགས་དངུལ་བྲིས་བྱ་རྒྱུའི་ལས་གྲབས་སྒྲིག་པ་འཕྲད། ཁོང་ལ་དངུལ་སྲང་མེད་པས་འཕྲལ་དུ་གཡོག་བྱེད་པའི་ལས་བརྩམས་ཤིང་། དེའི་ལས་ཚེགས་ཀྱི་དགེ་བ་གླེགས་བམ་འབྲི་བའི་སྲང་ཡོན་ལ་བསྔོས་ཏེ། རྗེས་སུ་གླེགས་བམ་དུ་མ་བྲིས་རྗེས་དེར་འབྱོར་ཚོང་བའི་དཔུང་དང་བཅས་ཡར་དབུས་སུ་ཕེབས། ཡང་གོ་ཐོས་སུ་ཁོང་ཉིད་ལམ་འགྲོ་སྐབས་སུ་རྒྱལ་མོ་དངུལ་ཆུར་བརྒལ་དགོས་པ་སྐབས་དེར་ཆུ་ལོག་གིས་ཆུ་ཧ་ཅང་ཆེ་བས་ཚོང་གྲོགས་སོགས་སུ་ཡང་ཆུར་བརྒལ་ཐབས་བྲལ། ཁོང་གིས་འཕྲལ་དུ་ཕྱིང་གདན་ཕྱུང་བས་ཆུ་ལ་བཏིངས་པས་ཆུའི་ཕ་རོལ་ཏུ་ཁོང་དང་ལྷན་དུ་བདེ་བླག་ཏུ་ཕྱིན། དེ་འདྲའི་ངོ་མཚར་བའི་རྣམ་ཐར་མང་བ་དང་ད་དུང་ཡང་དམངས་ཁྲོད་དུ་གླེང་རྒྱུ་མང་ངོ་། །དབུས་སུ་ཕྱིན་ཏེ་ཡང་དུས་རྟག་ཏུ་གཞན་ལ་ཆུ་ཁུར་ཤིང་འཐུའི་ལས་ལ་བརྩོན་ཞིང་ཞོར་དུ་གྲྭ་ཤག་གཡར་ཏེ་དགོང་སྤྱད་པ་སོགས་ཀྱི་ཉམས་ལེན་ལ་འབད་པ་དང་། དེའི་ཕྱིར་གྲྭ་མང་གིས་ཁོང་གི་དཀའ་སྤྱད་སྙིང་རུས་དང་མཁྱེན་ནུས་སོགས་ལ་དད་གུས་ཤོར་ཞིང་། ཁོང་དུས་རྒྱུན་དགོན་པ་ལ་མཆོད་མཇལ་ཕེབས་སྐབས་ཐོག་མར་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཆོས་གསུངས་པ་སོགས་མཛད་པས་དགོན་དེ་གའི་དགེ་བཤེས་ཚང་མས་ཁོང་ལ་ཡིད་སྨོན་དང་སྐལ་ལྡན་གྱི་སྣོད་རུང་དུ་བརྩི་བཞིན་ཡོད། ཁོང་དང་མཉམ་པའི་བླ་སྤྲུལ་འགས་གདན་འདྲེན་སྐབས་ཀྱང་ཆོས་ཆོག་གཟབ་རྒྱས་བཤམས་ཏེ་བསུ་ཕེབས་མཛད་དོ། །〖བྲག་སྒོམ་པས་སི་ཁྲོན་དང་མཚོ་སྔོན་སོགས་སུ་དགོན་པ་དུ་མར་བདགག་སྐྱོང་གནང་གི་ཡོད་པ་དག་ཀྱང་ཁོང་ཤོ་བ་རིན་པོ་ཆེ་བློ་བཟང་རྣམ་རྒྱལ་མཆོག་གིས་ལུང་བསྟན་ཏེ། ཁོ་ལ་རྗེས་སུ་སྤྲུལ་སྐུ་མེད་དེ། བྲག་སྒོམ་པས་དགོན་འདི་ཉིད་བདག་སྐྱོང་གནང་ངེས་ཡིན་ཞེས་གསུང་ཆེམས་ཡོད་པ་དང་། དེའི་རྐྱེན་གྱིས་དད་ལྡན་མང་ཚོགས་ཀྱིས་བྲག་སྒོམ་པ་ནི་ཁོང་ཉིད་ཀྱི་སྤྲུལ་སྐུ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་དོ། །〗ཁོང་ལྷ་སར་སླེབས་རྗེས་རྒྱལ་དབང་ལྔ་བ་མཆོག་ལ་མཇལ་སྔོན་ནག་པ་བ་བསླེབ་བམ་ཞེས་རྒྱལ་དབང་གིས་གསུང་བུད་སྐབས་ཤོ་བ་རིན་པོ་ཆེ་བྲེལ་འཚབ་ངང་སླེབས་ཡོད་ཅེས་འཕྲལ་དུ་ལན་བཏབ། དུས་དེ་ནས་བཟུང་ཁོང་ནི་གྲུབ་ཐོབ་ནག་པོ་སྤྱོད་པ་བའི་རྣམ་སྤྲུལ་དུ་ངོས་འཛིན་བྱེན་ཀྱིན་ཡོད། དེ་ནས་ཁོང་རྒྱལ་དབང་ལྔ་བ་མཆོག་གི་མདུན་ནས་བསྙེན་པར་རྫོགས་ཤིང་། མཚན་ཡང་བློ་བཟང་རྣམ་རྒྱལ་ཞེས་གསོལ་བ་དང་། ཚོགས་ཞུགས་གནང་ས་ནི་སེར་རའི་བྱེ་གྲྭ་ཚང་ཡིན་ཞིང་དེ་ནས་ལོ་ཉི་ཤུའི་ཡུན་ལ་བརྩོན་པ་དྲག་ཏུ་བསྟེན་པས་གཞུང་བཀའ་པོད་ལྔ་ལ་དཔྱིས་ཕྱིན་པར་སྦྱངས་ཏེ་མཁས་པའི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ། དེའི་ཞོར་དུ་གསང་སྔགས་དང་སྐར་རྩིས་སོགས་ཐ་སྙད་རིག་གནས་ཀུན་ལ་བྱང་ཆུབ་པར་སྦྱངས་པས་རྒྱལ་དབང་ལྔ་བ་མཆོག་དང་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་སོགས་སྐྱེས་ཆེན་དམ་པ་དུ་མས་ཐུགས་བཞེས་གནང་སའི་ཡུལ་དུ་གྱུར། སྤྱི་ལོ1669ལོར་རྒྱལ་དབང་མཆོག་དང་པཎ་ཆེན་རྣམ་གཉིས་ཀྱིས་བཀའ་སློབ་གནང་སྟེ། ཁྱོད་ཀྱི་སློབ་གཉེར་ད་ལྟ་ཡོངས་སུ་རྫོགས་ཟིན། དེས་ན་ཕྱིར་རང་ཡུལ་དུ་ཕེབས་དགོས་ཏེ། ཨ་མདོའི་ས་ཁུལ་གྱི་སྐྱ་སེར་མང་ཚོགས་ཀུན་ལ་དམིགས་ཏེ་ས་དེ་ནས་སེར་འབྲས་དགའ་གསུམ་དང་དོད་ཚང་བའི་དགོན་པ་གསུམ་འདེབས་དགོས་པའི་བཀའ་ལུང་བསྩལ་བ་དང་བསྟུན་ཐུགས་སྨོན་ཡང་ཡང་མཛད། སྐབས་དེར་ཨ་མདོའི་ས་ཁུལ་ནས་ལྷ་སར་མཇལ་སྐོར་ལ་སོང་ན་ལམ་ཐག་ཆེས་རིང་བས་ལམ་བར་ནས་བཀྲེས་སྐོམ་དང་ནད་ཚ་སོགས་རྐྱེན་སྣ་ཚོགས་ཀྱིས་འཆི་བ་ཡང་མང་། ཁོང་ཕྱིར་ཕ་ཡུལ་ལ་ལོག་སྟེ་དང་ཐོག་ས་དེ་ཡི་འགོ་བ་དང་སྐྱ་སེར་ཀུན་གྱི་རེ་བ་ལྟར་ལོ་བའི་དགོན་པར་དགེ་ཚུལ་སློང་གི་སྡོམ་གཞི་འཛིན་སྤེལ་བྱེད་ཆེད་གསོ་སྦྱོང་སོགས་ལྷ་སའི་སྨད་ལྟར་གསར་དུ་བཙུགས། ལུང་རིའི་མཚམས་ཁང་སོགས་ཀྱང་བསྐྲུན། དེར་ཁོང་ཉིད་མཚམས་དང་ཉམས་ལེན་གྱི་སྒྲུབ་པ་ལ་ཡང་བརྩོན་ནོ། །
སྤྱི་ལོ1676ལོར་དཔོན་སངས་རྒྱས་ཡེ་ཤེས་ཅོ་ནེ་དཔོན་དང་གྲོས་འཆམ་གྱིས་ཡི་གེར་ཕབ་སྟེ། དཔོན་པད་མོས་དགོན་ས་ཕུལ་བ་བཅས་སྔར་གྱི་མཚམས་ཁང་ས་དེ་གཞི་བསྐྱེད་དེ་སླར་གསོ་ཡིས་ཁང་ཐོག་དགོན་དུ་བསྒྱུར། དངོས་མིང་ལ་ཁང་ཐོག་དར་རྒྱས་གླིང་ཞེས་གསོལ། སྤྱི་ལོ1682ལོར་ཡང་ཐང་དགའ་ལྡན་དགོན་ཡང་བསྐྱར་སླར་གསོས་ཏེ་སྟོད་མ་དགའ་ལྡན་གླིང་དུ་བསྒྱུར། སྤྱི་ལོ1684ལོར་སེར་ར་དགོན་ཚབ་ཏུ་ཤོ་བ་དགོན་ཕྱག་འདེབས་མཛད། ས་དེ་གའི་དད་ལྡན་ཡོངས་ཀྱིས་ཁང་ཐོག་དགོན་དང་སྟོད་མ་དགོན། ཤོ་བ་དགོན་གསུམ་ནི་ལྷ་སའི་སེ་འབྲས་དགའ་གསུམ་དངོས་ལྟར་དད་མོས་ཀྱི་ཕྱག་མཆོད་བྱེད་སའི་ཡུལ་དུ་གྱུར་ཡོད།
སྤྱི་ལོ1689ལོར་ཤོ་བ་རིན་པོ་ཆེ་བློ་བཟང་རྣམ་རྒྱལ་མཆོག་གིས་རྗེས་སུ་དགོན་འདི་གསུམ་ག་ཡུན་རིང་བརྟན་པར་དམིགས་ནས་ཅོ་ནེ་དཔོན་པོར་རེ་འདུན་གྱིས་དགོན་འདི་གསུམ་གྱི་མཆོད་གནས་སྦྱིན་བདག་བྱེད་དགོས་པ་དཔོན་པོས་དང་དུ་བླངས། བཀའ་སློབ་གནང་སྟེ་ཁྲི་བ་དང་འཆད་ཉན་གྱི་བསྐོ་གཞག་ཀྱང་གནང་བར་ཐུགས་འགན་ཁུར། དེ་ལྟར་ཤོ་བ་རིན་པོ་ཆེ་བློ་བཟང་རྣམ་རྒྱལ་མཆོག་གི་ཐུགས་སྨོན་ཡོངས་སུ་གྲུབ་སྟེ་དགོང་ལོ་བདུན་ཅུ་དོན་བཞི་བ་སྤྱི་ལོ1704ལོའི་ལུགས་རྙིང་ཟླ2ཚེས9ཉིན་ཏེ་ལུང་རི་རི་ཁྲོད་ནས་ཡ་མཚར་བའི་ལྟས་དང་བཅས་དགོངས་པ་ཆོས་དབྱིངས་སུ་གཏད། དེ་ནས་གདུང་བཞུས་ཏེ་སྐུ་གདུང་མཆོད་རྟེན་དུ་བཞུགས་པ་དང་། ཕྱིས་སུ་དགོན་གསུམ་སྐུ་གདུང་མཆོད་རྟེན་གར་བཞུགས་ལ་ཡང་མ་མཐུན་པར་ས་གནས་དཔོན་པོ་བློ་བཟང་ཆོས་འཕེལ་གྱིས་ཁོང་ཉིད་སྐུ་བལྟམས་སའི་ར་པ་དགོན་པར་སྐུ་གདུང་ལོ་མང་བཞུགས་སོ། ། རྗེས་སུ་བསེ་སྐུ་ཕྲེང་གཉིས་པ་འཇམ་དབྱངས་བཀྲ་ཤིས་ཤོ་བའི་ཨ་མ་འབྲུག་མཚོར་གནས་སྐོར་ལ་ཕེབས་ལམ་དུ་ར་པ་དགོན་པར་གདན་དྲངས། ཤོ་བ་དགོན་རིག་དངོས་བཤམས་སྟོན་ཁང་དུ་ད་ལྟ་བློ་བཟང་རྣམ་རྒྱལ་མཆོག་སྐུ་བཞུགས་དུས་ཀྱི་ཟངས་མའི་ལྷུང་བཟེད་དང་རྔ། སྐུ་གཟན། ཕྱག་ཕྲེང་ཞབས་ལྷམ་སོགས་ཡོད་པ་གདུང་རྟེན་ནང་བཞུགས་ཏེ་ཚོགས་ཆེན་འདུ་ཁང་དུ་སྐུ་གདུངས་བཞུགས་སོ། །གཞན་གནའ་བོའི་དངོས་རྫས་རིགས་དང་། རྟ་མགྲིན་སྲུང་འཁོར་སོགས་ཧ་ཅང་དཀོན་པའི་སྲུང་རྟེན་སྐོར་ཞིག་ཀྱང་ད་ལྟ་ཉར་ཚགས་བྱས་ཡོད་དོ། །ཤོ་བ་དགོན་གྱི་ལོ་རྒྱུས་རིང་བས་ད་ལྟ་ཨ་མདོའི་ས་ཁུལ་དུ་སྙན་གྲགས་ཤིན་ཏུ་ཆེ། ལྷག་པར་བསེ་རྡོ་རྗེ་འཆང་དང་བྲག་སྒོམ་པ་རྣམ་གཉིས་ཀྱི་ཐུགས་རྗེ་བླ་མེད་འོག་འགྲིམ་འགྲུལ་སྟབས་བདེ་ཞིང་། ཡུལ་སྐོར་གྱི་ལས་རིགས་གོང་དུ་འཕེལ་བས་ལོ་རེ་བཞིན་ཞིང་ཆེན་ཕྱི་ནང་གི་དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་ཁྲི་ལྷག་འབྱོར་ཐུབ་པ་ཡོད། དེའི་ཕྱིར་དགོན་འདི་ནི་ད་ལྟ་ཅོ་ནེ་རྫོང་གི་ཆེས་ཆེ་བའི་ཡུལ་སྐོར་གྱི་ཐོན་ཁུངས་གཅིག་ཏུ་གྱུར་ཡོད་དོ། །
ཅོ་ནེ་ཤོ་བ་མཁས་གྲུབ་གླིང་ངོ་སྤྲོད་ལས་བཤུས། རྩོམ་ཡིག་འདི་གཏག་སྟེ་གནང་མཁན་བན་ཤུལ་འབྲུག་རྩེ་རྒྱལ།