༄༅།། འཕྱོང་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་དང་འབྲེལ་བའི་དོགས་གཞི་འགར་དཔྱད་པ།

ཤ་བོ་མཁའ་བྱམས། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 05-27


 ཤ་བོ་མཁའ་བྱམས།

[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་སྤྱི་ལོ་2012དང་སྤྱི་ལོ་2013ལོའི་གནའ་དཔྱད་རྟོག་ཞིབ་ཀྱི་རྒྱུ་ཆ་གསར་པ་དང་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་གི་འབྲས་བུ་གཞིར་བཟུང་ནས་དཔྱད་ན། ད་ལྟ་ང་ཚོས་ཚད་མར་འཛིན་པའི་རྡོ་རིང་འདིའི་ཡི་གེ་ལ་ཕྱིས་སུ་འབྲུ་ཕབ་སྐབས་བཟོ་བཅོས་ཀྱི་ཆ་ཡོད་ལ། རྡོ་རིང་འདིའི་མཚན་དངོས་སུ་འཕྲུལ་རིའི་བང་སོའི་རྡོ་རིང་དུ་འབོད་ཅིང་། དུས་རབས་བཅུ་བདུན་པའི་ནང་རྡོ་རིང་དེ་ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་ནས་ད་ལྟའི་འཕྱོང་རྒྱས་ཞོལ་དུ་གནས་སྤོ་བྱས་པའི་རྒྱུ་མཚན་དང་གོ་རིམ་རྣམས་ལ་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] འཕྱོང་རྒྱས། རྡོ་རིང་། བང་སོ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-03-0100-07
དང་པོ། རྡོ་རིང་འདིའི་ད་ལྟའི་གནས་སྟངས་དང་འབྲེལ་ཡོད་ཞིབ་འཇུག
           རྡོ་རིང་འདི་ད་ལྟ་འཕྱོང་རྒྱས་རྫོང་སྲིད་གཞུང་ར་བའི་ནུབ་བྱང་གི་གྲུ་ཟུར་ཞིག་ཏུ་ཡོད་ལ། ལོ་རབས་བརྒྱད་ཅུ་བའི་ནང་གནས་འདི་རྫོང་སྨན་ཁང་གི་ཤུལ་རེད། དེ་སྔོན་རྡོ་རིང་འདི་འཕྱོང་རྒྱས་འཕྱིང་བ་སྟག་རྩེ་དང་བར་ཐག་ཉེ་ལ་འཕྱོང་རྒྱས་ཆུ་བོ་བཞུར་སའི་ཟམ་འགྲམ་དུ་གནས་པས་གོང་གི་མཚན་ཐོག་པར་བསམ་ལ། མཚན་འདིའི་ལོ་རྒྱུས་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་(1698—1755)སྐབས་སུ་འདེད་ཐུབ། རྡོ་རིང་གི་དབུ་ལ་མཐོ་ཚད་རྨིད་0.4ཅན་གྱི་ཆར་ཁེབས་བསྐོན་ཡོད་པ་དང་། ཆར་ཁེབས་ཀྱི་རིང་ཚད་ལ་རྨིད་1.2དང་ཞེང་ལ་རྨིད་0.8། ཆར་ཁེབས་ཀྱི་མཐའ་བཞི་དང་འོག་ལ་སྤྲིན་རིས(པར་དང་པོ)། དེའི་སྟེང་མཐོ་ཚད་རྨིད་4.9ཅན་གྱི་ནོར་བུ་ཉིས་བརྩེགས་མ་ཡོད་ཅིང་། ནོར་བུ་ཉིས་བརྩེགས་མ་འབབ་སའི་ཆར་ཁེབས་ཀྱི་མཐའ་འཁོར་དུ་པད་འདབ་འཁོད་ཡོད། རྡོ་རིང་ཞབས་ཆེ་ལ་སྟེང་ཅུང་ཆུང་། ཞབས་ཀྱི་ཞེང་ཚད་རྨིད་0.85དང་སྟེང་གི་ཞེང་ཚད་རྨིད་0.8། མཐུག་ཚད་ལ་རྨིད་0.4ཡོད། རྡོ་
 
པར་དང་པོ། ཆར་ཁེབས་ཀྱི་འོག་རིས།
           རིང་ནུབ་བྱང་ངོས་སུ་ཡི་གེ་འཁོད་པའི་ཤུལ་ཡོད་མོད། ད་ལྟ་ཐིག་ཕྲེང་གཅིག་གཉིས་ཙམ་གྱི་ཤུལ་མཐོང་བ་ལས་ཡི་གེ་གསལ་བོ་གཅིག་ཀྱང་མི་འདུག་ལ་ངོས་སྟོང་བ་ལྟ་བུར་གནས་ཤིང་། རྡོ་རིང་གི་ཟུར་གཉིས་སུ་གཡུ་འབྲུག་སྔ་ཕྱི་བསྟར་བ་གསུམ་གོང་ཏུ་འཕུར་གྱིན་པའི་རྣམ་པ་ཡོད་ལ། གཡུ་འབྲུག་རྗེས་མ་དེ་ཁོག་སྟོད་ལས་མེད། རྡོ་རིང་གི་ཤར་ལྷོའི་ངོས་འཕྲོ་བརླག་ཅུང་ཐེབས་ཡོད་ལ། སྟེང་དུ་སུག་བཞིའི་སྟེང་འགྱིང་བའི་སེང་གེ་ཞིག་དང་། དེའི་གཤམ་དུ་སྡེར་མོ་དང་གཤོག་པ་ཡོད་པའི་རི་དྭགས་ངོས་འཛིན་བྱེད་དཀའ་བ་ཕན་ཚུན་རྒྱབ་གཏད་པ་གཉིས་ཡོད། རྡོ་རིང་གི་ཞབས་ར་དེ་རྡོ་ཕ་བོང་ཕལ་བ་ཞིག་གིས་གྲུབ་ཡོད་ལ། རིང་ཚད་རྨིད་1.9དང་ཞེང་ལ་རྨིད་1.52། མཐུག་ཚད་ལ་རྨིད་0.04ཡོད་ཅིང་། རྡོ་རིང་འདིའི་སྤྱིའི་རིང་ཚད་ལ་རྨིད་5.13ཡོད(པར་གཉིས་པ)།
           ཉེ་བའི་དུས་རབས་ནང་རྡོ་རིང་འདིར་ཐོག་མར་དོ་སྣང་བྱེད་མཁན་ནི་དབྱི་ཏ་ལའི་བོད་རིག་པའི་མཁས་དབང་ཆེན་མོ་ཐུའུ་ཅི་(G.tucci)ཡིན་ལ། ཁོང་སྤྱི་ལོ་1948ལོར་འཕྱོང་རྒྱས་ས་ཆར་རྟོག་ཞིབ་དུ་ཕེབས་ཅིང་།①སྤྱི་ལོ་1950ལོར་པར་དུ་བཏབ་པའི་《བོད་ཀྱི་བཙན་པོའི་བང་སོ་》ཞེས་པའི་བརྩམས་ཆོས་ནང་རྡོ་རིང་འདིའི་གནས་ཚུལ་ཐོག་མར་བཀོད་ཡོད།སྤྱི་ལོ་1949ལོར་དབྱིན་ཇི་བ་རིས་ཆར་རྡི་སིང་(Richardson)ས་འདིར་རྟོག་ཞིབ་དུ་ཕེབས་པ་དང་། ཁོང་གིས་རྡོ་རིང་འདིའི་ཡི་གེ་གསལ་བ་རྣམས་ངོ་བཤུས་བྱས་པར་བཤད། སྤྱི་ལོ་1961ལོར་རྒྱལ་ནང་གི་གནའ་དཔྱད་མཁས་པ་ཝང་དབྱི་གནས་འདིར་སླེབས་ཡོད་ཅིང་ཁོང་གིས་ཀྱང་རྡོ་རིང་གི་གནས་ཚུལ་མདོར་ཙམ་བཀོད་ཡོད།②ཕྱིས་ཀྱི་ལོ་རབས་དྲུག་བཅུ་བའི་ནང་རིས་ཆར་རྡི་སིང་མཆོག་ལ་འབྲས་མོ་ལྗོངས་ནང་བློན་འབའ་ཉག་ཨ་ཐིང་གདན་ས་པ་བཀྲ་ཤིས་དགྲ་འདུལ་མཆོག་ནས་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་ཕྱག་དཔེའི་ཁྲོད་ཀྱི་རྡོ་རིང་གི་ཡིག་ཆ་③ཁག་ཐོབ་པ་ནས་དེ་སྔའི་ངོ་བཤུས་དང་འབྲེལ་སྤྱི་ལོ་1964ལོར་དབྱིན་ཇིའི་《ཨེ་ཤ་ཡའི་ཞིབ་འཇུག་ཚོགས་པའི་དུས་དེབ་》སྟེང་དུ་རྡོ་རིང་འདིའི་ཡི་གེ་ཐེངས་དང་པོར་སྤེལ་བ་དང་། སྤྱི་ལོ་1985ལོར་ཁོང་གི་《བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཡིག་ཆ་ཕྱོགས་བསྒྲིགས་》ཅེས་པའི་བརྩམས་ཆོས་ནང་དུ་བསྡུས་ཡོད།④ཁོང་གིས་བརྩམས་པའི་རྩོམ་སྔ་ཕྱི་གཉིས་ལ་ཡི་གེའི་གུ་གེ་ཕྱིར་ལོག་མའི་ཆ་ལ་ཁྱད་པར་ཅུང་ཟད་མཆིས་པ་ལས་ཡི་གེ་གཞན་རྣམས་འདྲ། སྤྱི་ལོ་1985ལོར་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཚན་ཁག་ནས་སའི་འོག་ཏུ་ཐིམས་པའི་རྡོ་རིང་དང་དེའི་ཞབས་ར་བསྔོགས་འདོན། གནའ་དཔྱད་རྟོག་ཞིབ་ཀྱི་ལས་ཀའི་འགྲོ་སྟངས་ལྟར་རྡོ་རིང་གི་གནས་སྟངས་དང་ཆེ་ཆུང་། དེའི་སྟེང་གི་རི་མོ་སོགས་ཀྱི་རྟོག་ཞིབ་སྙན་ཞུ་སྤེལ་ཡོད་ལ། དེའི་ཕྱིས་སུ་བོད་ཀྱི་རྡོ་རིང་ཡིག་ཆ་ལ་ཞིབ་འཇུག་དང་དག་སྒྲིག་བྱེད་མཁན་རྒྱལ་ཁབ་ཕྱི་ནང་དུ་མང་དུ་བྱུང་ཡོད་ལ་དེ་དག་གིས་ཡི་གེའི་ཐད་རིས་ཆར་རྡི་སིང་གི་ཡི་གེ་གཞིར་བཞག་ཡོད་པ་དང་⑤རྡོ་རིང་གི་གནས་སྟངས་སྐོར་ལ་བོད་ལྗོངས་རིག་དངོས་ཚན་པའི་རྟོག་ཞིབ་སྙན་ཞུ་རྩ་བར་བཞག་ཡོད། སྤྱི་ལོ་2012ལོ་དང་སྤྱི་ལོ་2013ལོའི་དབྱར་ཁར་ང་རང་སི་ཁྲོན་སློབ་ཆེན་བོད་བཙན་པོའི་བང་སོའི་གནའ་དཔྱད་རྟོག་ཞིབ་རུ་ཁག་གི་ལས་སྣེ་བའི་ངོས་ནས་རྡོ་རིང་འདིར་ཡང་བསྐྱར་བསྔོགས་ཞིབ་དང་ཚད་འཇལ། གབ་རིས་བླངས་པ་སོགས་རྩོམ་འདིར་བཀོལ་བའི་རྒྱུ་ཆ་གསར་བ་ཙམ་མ་ཟད་གནའ་དཔྱད་རྟོག་ཞིབ་ཀྱི་ལས་ཀ་ཞིབ་ཚགས་རྒྱས་པར་བཏང་ཡོད་པ་དང་། ཞོར་ནས་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་མཆོག་གིས་ཉར་བའི་ཕྱག་དཔེ་དང་རིས་ཆར་རྡི་སིང་གིས་སྤེལ་བའི་རྩོམ་སྔ་ཕྱི་གཉིས། འབྲས་སྤུངས་གནས་བཅུ་ལྷ་ཁང་ལས་བྱུང་བའི་རྡོ་རིང་གི་ཡིག་ཆ། བཙན་པོའི་བང་སོའི་འབྲེལ་ཡོད་ཀྱི་ཡིག་ཚང་དང་རྒྱལ་ཁབ་ཕྱི་ནང་གི་ཕྱོགས་འདིའི་ཞིབ་འཇུག་ཡིག་ཆ་ཁག་ལ་བལྟས་ཚེ། རིས་ཆར་རྡི་སིང་གིས་སྤེལ་བའི་ཡི་གེའི་ངོ་བཤུས་ལ་དོགས་སློང་ཞིག་དང་། རྡོ་རིང་གི་ཐོག་མའི་མཚན་བྱང་ལ་འགྱུར་བ་བྱུང་ཡོད་པ། དེ་བཞིན་རྡོ་རིང་གནས་སྤོ་བྱས་པའི་ལོ་རྒྱུུས་དང་གཞི་ཐོག་མ་སློང་བའི་དམིགས་ཡུལ་སོགས་ད་ལྟའི་རིག་གཞུང་ཞིབ་འཇུག་གི་ཁྲོད་ལྐོག་ཏུ་ཡལ་བའི་གསང་བ་མང་པོ་ཞིག་གི་མཐིལ་བརྟོལ་ཐུབ་པར་བསམ།
གཉིས་པ། མཁས་དབང་རའེ་ཆར་རྡི་སིང་གི་ངོ་བཤུས་ཡི་གེ་ལ་གནས་པའི་དོགས་གཞི།
           རའེ་ཆར་རྡི་སིང་ལྟར་ན་ཁོང་གིས་སྤེལ་བའི་རྡོ་རིང་གི་ཡི་གེའི་ཕྱི་མོ་ནི་སྤྱི་ལོ་1949ལོའི་སྐུ་ཉིད་ཀྱི་རྡོ་རིང་གི་ངོ་བཤུས་བྱས་པའི་ཟིན་བྲིས་དང་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་ཕྱག་དཔེའི་ཁྲོད་ཀྱི་རྡོ་རིང་ཡི་གེ་ཕན་ཚུན་རིག་བསྡུར་བྱས་པ་ལས་བྱུང་བས་ཚན་རིག་རང་བཞིན་ཆེ་བར་བཤད་ལ། ཡིན་ཡང་རང་ཉིད་ཀྱིས་གོང་གི་ཡི་གེ་གཉིས་རིག་བསྡུར་བྱེད་དུས་མི་འདྲ་བ་ཆེས་ཆེ་ས་ནི་ཡི་གེའི་གཅོད་མཚམས་དང་གུ་གེ་ཕྱིར་ལོག བརྡ་སྤྲོད། ཐིག་ཕྲེང་གི་མང་ཉུང་སྟེང་ཡོད་ལ། གཞན་ནང་དོན་ལ་འགྱུར་བ་ཅུང་ཟད་ཀྱང་མེད། ཀ་ཐོག་གི་ཕྱག་དཔེའི་ཁྲོད་ཀྱི་རྡོ་རིང་ཡི་གེ་དེ་དཔེ་ཆ་སྣ་རིང་མའི་སྟེང་དབུ་མེད་ཀྱིས་སུག་བྲིས་བྱས་ཡོད་ལ། ཡི་གེ་ཡོངས་སུ་ཐིག་ཕྲེང་བདུན་དང་། ཤད་དགུ་ཡོད་ལ། དེའི་ནང་དབུ་ཁྱུད་ཕྱེད་ཀ་མ་གསུམ་གྱིས་གྲུབ་ཡོད་ཅིང་།⑥རའེ་ཆར་རྡི་སིང་གིས་སྤེལ་ཞིང་ང་ཚོས་ཚད་མར་འཛིན་པའི་ཕབ་ཡིག་དེ་དབུ་ཁྱུད་ཕྱེད་ཀ་མ་གསུམ་གྱི་ཆ་ནས་གོང་དང་གཅིག་པ་ཕུད། ཐིག་ཕྲེང་སུམ་ཅུ་སོ་བཞི་དང་། ཤད་སུམ་ཅུ་སོ་བཞི། གུ་གེ་དང་ད་དྲག་སོགས་བརྡ་རྙིང་བའི་རྣམ་པ་གོང་དང་མི་འདྲ་བ་བཅུ་བདུན་བྱུང་ཡོད། བར་ཁྱད་ཧེ་བག་དེ་འདྲ་ཆེ་བ་ལ་རྒྱུ་མཚན་གཅིག་ཏན་ཏན་ཡོད་དགོས་པ་ནི་རའེ་ཆར་རྡི་སིང་དང་པོར་སླེབས་དུས་རྡོ་རིང་གི་ཡི་གེའི་གནས་སྟངས་དེ་ད་ལྟ་ལས་ལྡབ་མི་འདྲ་བ་མང་པོ་ལས་གསལ་བ་ཞིག་དང་། ཆེས་མ་མཐར་ཡང་རྡོ་རིང་གི་ཡི་གེའི་སྤྱི་ཁོག་གསལ་བ་ཞིག་ཡིན་དགོས་ལ། དེ་མིན་ན་ཀ་ཐོག་གི་ཕྱག་དཔེའི་ཁྲོད་བྱུང་བའི་ངོ་བཤུས་ལས་ཡི་གེ་ཁ་ཤས་ཤིག་དག་གསལ་བྱེད་ཐུབ་མོད། དེ་ལས་བརྒལ་བའི་ཐིག་ཕྲང་ལྷག་མ་ཉི་ཤུ་རྩ་དྲུག་གི་གཅོད་མཚམས་དང་། ཤད་ལྷག་མ་ཉི་ཤུ་རྩ་ལྔའི་ཤུལ། བརྡ་རྙིང་བ་མི་འདྲ་བཅུ་བདུན་གྱི་ཆ་ལ་དག་གསལ་བྱེད་མི་ཐུབ་པ་གཏན་འཁེལ་རེད། འོ་ན་སྐབས་དེ་དུས་རྡོ་རིང་གནས་སྟངས་ཡང་སྙིང་ག་འདྲ་ཡིན་ཚུལ་ལ་བལྟ་བར་བྱ་སྟེ།
           སྤྱིར་རྡོ་རིང་འདིར་ཉེ་རབས་ལོ་རྒྱུས་སྟེང་རྟོག་ཞིབ་བྱེད་མཁན་ཨང་དང་པོ་ཐུའུ་ཅི་ཆགས་ཡོད་ལ། ཁོ་ནི་རའེ་ཆར་རྡི་སིང་ལས་ཀྱང་ལོ་གཅིག་གི་སྔ་བར་ས་འདིར་རྟོག་ཞིབ་དུ་ཕེབས་པར་མ་ཟད། ཐུའུ་ཅིས་བརྩམས་པའི་《བོད་རྒྱལ་བཙན་པོའི་བང་སོ་》ནི་འཕྱོང་རྒྱས་གཞུང་དང་འབྲེལ་བའི་འཛམ་གླིང་གི་རིག་གཞུང་བརྩམས་ཆོས་དང་པོ་ཡིན་ལ། ཡིན་ཡང་བརྩམས་ཆོས་དེའི་ནང་དོན་ཕལ་ཆེ་བ་བང་སོ་ལས་བོད་ཀྱི་རྡོ་རིང་དང་དེ་ལས་འཕྲོས་རྒྱལ་རབས་གནད་དོན་སྐོར་ཡིན། བརྩམས་ཆོས་དེར་རྡོ་རིང་འདི་རླུང་ཆར་གྱིས་འཇིག་སྟེ་ངོས་སུ་ཡི་གེ་ཁ་ཤས་ཤིག་ལས་མི་གསལ་ ⑦ཞེས་ནང་དོན་སོགས་ལ་གླེང་སློང་གང་ཡང་བྱས་མེད། དེ་བཞིན་རའེ་ཆར་རྡི་སིང་ཁོང་གི་གསུང་རྩོམ་དུ་ཡང་ཚིག་སྔ་ཕྱི་འགལ་བ་ཅན་བྱུང་ཡོད་པ་ནི། དང་པོའི་གླེང་སློང་སྐབས་རྡོ་རིང་འདི་ཆར་རླུང་གིས་འཇིག་པས་ཡི་གེ་ཀློག་ཐུབ་པ་ཁ་ཤས་ཤིག་ལས་མི་འདུག་ཅེས་འཁོད་ཡོད་ལ།⑧ སྐབས་དེའི་གནས་སྟངས་དེ་འདྲ་ཡིན་ན་ཁོང་གིས་སྤེལ་བའི་ཡི་གེ་དེ་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་ཉར་བའི་མ་དཔེའི་སྟེང་དག་གསལ་དེ་འདྲ་མང་པོ་ཅིག་མི་འོང་ལ། སྣང་ཚུལ་འདི་ཀློག་པ་པོ་སུས་བལྟས་ཀྱང་ད་ལྟའི་ངོ་བཤུས་ཀྱི་ཚན་རིག་རང་བཞིན་ལ་ཐེ་ཚོམ་སྐྱེ་སྲིད་པ་ཞིག་རེད། སྤྱི་ལོ་1961ལོར་རྒྱལ་ནང་གི་གནའ་དཔྱད་པ་ཝང་དབྱིའང་གནས་འདིར་རྟོག་ཞིབ་དུ་ཕེབས་པར་རྡོ་རིང་གི་ཡི་གེ་དེ་རྡོ་རིང་ཡོད་སའི་ས་བབས་དང་ཞབས་སུ་ཆུ་རྒྱབ་པ། སྟེང་ལ་ལོ་ཟླའི་ཆར་ཆུས་འཇིག་པས་ཡི་གེ་ཕལ་ཆེ་བ་མི་གསལ་ཞིང་། ཞབས་སའི་ཡིག་ཕྲེང་བཞི་ཙམ་བཙན་གྱིས་ངོས་ཟིན་ཙམ་བྱས་ལ།སྐུ་ཞབས་ཝང་ཀྲུང་ལྟར་ན་འཕྱོང་རྒྱས་ཞེས་པའི་ཡི་གེ་ཞིག་ཀློག་ཐུབ་འདུག་ཅེས་བཀོད་ཡོད་མོད།⑨ ད་ལྟ་ང་ཚོས་རྡོ་རིང་གི་ཕབ་ཡིག་ལ་བལྟ་དུས་འདི་འདྲའི་ཡི་གེ་མཐོང་རྒྱུ་མེད་པ་ལས་དེ་དུས་ཀྱི་ངོས་འཛིན་ཡང་ནོར་ཡོད་པ་རྟོགས་ལ། ཤུགས་ནས་རྡོ་རིང་གིས་ཡི་གེ་ངོས་འཛིན་མ་ནུས་པ་གསལ་བོ་རེད། དེ་བཞིན་སྤྱི་ལོ་1985ལོར་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཚན་པས་རྟོག་ཞིབ་སྙན་ཞུར་ཆར་རླུང་གིས་འཇིག་པས་ཡི་གེ་ཕལ་ཆེར་མཐོང་ཐུབ་པ་མི་འདུག་ཅེས་བཀོད་ཡོད།⑩རའེ་ཆར་རྡི་སིང་གི་ཕབ་ཡིག་ལ་ད་དུང་གནད་དོན་ཆེན་པོ་ཞིག་ཡོད་པ་ཁོང་གིས་སྤྱི་ལོ་1964ལོར་སྤེལ་བའི་མ་ཡིག་དང་སྤྱི་ལོ་1985ལོར་སྤེལ་བའི་མ་ཡིག་བར་གུ་གེ་ཕྱིར་ལོག་དང་ཐིག་ཕྲང་གི་གཅོད་མཚམས་ཐད་མི་འདྲ་ས་ཐེངས་བཅུ་གཅིག་ཡོད་ལ།⑾མི་འདྲ་བ་རེ་གཉིས་ཙམ་པར་སྐྱོན་ཡིན་སྲིད་མོད། ལུང་ཁུངས་དང་རྟེན་གཞི་གང་ཡང་མེད་པའི་ཕྱི་མོའི་འགྱུར་བ་མང་པོ་དེ་རྩོམ་པ་པོའི་ཉམས་མྱོང་གཞིར་བཞག་གིས་བརྡ་རྙིང་སླར་གསོ་བྱས་པ་ཞིག་ལས་ཚན་རིག་རང་བཞིན་ལྡན་པ་ཞིག་མ་ཡིན། དེ་འདྲ་ཡིན་ཕྱིན་རྡོ་རིང་འདིའི་ཡི་གེ་ཁུངས་བཙན་ཤོས་གཞན་ཞིག་མ་བྱུང་གོང་དུ་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་ཕྱག་དཔེ་ཁྲོད་ཀྱི་མ་ཡིག་འདི་ཆེས་དག་ཆ་ལྡན་པ་ཞིག་ཡིན་པར་འདོད་ཅིང་། ད་དུང་དོག་གཞི་ཞིག་ལ་རའེ་ཆར་རྡི་སིང་ལ་མཚོན་ན་རྡོ་རིང་གི་ཡིག་ཆ་འདི་ཕབ་པའི་གོ་རིམ་སྔ་ཕྱི་ཚང་མ་ལ་གསལ་ཆ་ཆེ་བས་དབྱིན་ཇིའི་འགྱུར་ཡིག་ཁྲོད་དོན་བསྒྱུར་གཙོ་བྱས་ཤད་ཀྱིས་དོན་ལ་གནོད་པ་ཐེབས་མེད་ཅིང་ཀློག་པ་པོས་གོ་བདེ་ལ། ཡིན་ཡང་རྒྱ་འགྱུར་མར་⑿བསྒྱུར་བ་པོས་ཤད་དང་གཅོད་མཚམས་ལ་གཟབ་ནན་གྱིས་དོན་ལ་འགྱུར་སྐྱོན་མི་ཉུང་བ་ཞིག་བྱུང་ཡོད།
གསུམ་པ། རྡོ་རིང་འདིའི་དང་པོའི་གནས་ཡུལ་དང་མཚན་གྱི་དོགས་གཞི།
           གནའ་དཔྱད་ཞིབ་འཇུག་པའམ་ལྷག་པར་བཙན་པོའི་བང་སོའི་ཞིབ་འཇུག་གཙོ་བོར་བྱེད་པའི་རྩོམ་པ་པོ་ལ་མཚོན་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་མཛད་པ་གཙོར་སྟོན་པའི་རྡོ་རིང་འདི་གཅིག་ནས་འཕྱོང་རྒྱས་རྫོང་དང་ཁ་ཐག་རིང་ལ། གཉིས་ནས་བང་སོ་དང་ཡང་རྒྱང་རིང་བར་ས་སྟོང་ཞིག་ལ་ཁེར་རྐྱང་གིས་འགྲེང་ཤིང་། རྡོ་རིང་གི་ཁ་ཕྱོགས་འཁོར་སྟངས་ཐད་ནས་གོང་གི་བཙན་པོའི་དུས་ཀྱི་གནས་རྩ་ཆེན་པོ་གང་ལ་ཡང་མ་ཕྱོགས་པར་རི་བོ་བདེ་ཆེན་དགོན་པར་ཁ་ཕྱོགས་ཡོད་པས་རྡོ་རིང་འདི་དང་པོའི་གནས་ཡུལ་ཡིན་པར་དོགས་པ་སྐྱེ་སྲིད་ཅིང་། གཞན་བོད་ཀྱི་བང་སོའི་ལམ་ལུགས་ཐད་ལ་བལྟས་ཚེ་བང་སོར་རྡོ་རིང་བསློངས་པའི་སྲོལ་རྒྱ་ཁྱབ་དུ་ཡོད་པ། གུ་ཙིའི་རྡོ་རིང་ནས་བཟུང་སྟེ། ཞོལ་རྡོ་རིང་། ཁྲི་ལྡེ་སྲོང་བཙན་བང་སོའི་རྡོ་རིང་།⒀ཆ་གར་བང་སོའི་རྡོ་རིང་། སླེབས་རིའི་རྡོ་རིང་གི་ཞབས་ར་བཅས་ཀྱིས་ར་སྤྲོད་མཛད་ཅིང་། ལྷག་པར་བོད་བཙན་པོའི་དུས་ཀྱི་རྡོ་རིང་གི་གནས་མ་སྤོས་པ་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་ལ་བལྟས་ཚེ་ཕྱོགས་གཅིག་ནས་ཁོང་གཉིས་བར་ལ་རྡོ་རིང་གི་ནང་དོན་འགོད་སྟངས་ནས་ཆ་མཐུན་མང་པོ་ཞིག་དང་། གཉིས་ནས་གཅིག་ནི་ད་དུང་བང་སོའི་མདུན་དུ་ཡོད་པ་གཅིག་ཤོས་གནས་གང་ལ་མི་གཏོགས་ཤུལ་གཅིག་ན་ཡོད་པས་ང་ཚོ་ལ་ཡང་རྡོ་རིང་འདིར་དུས་ཀྱི་འགྱུར་བ་ཞིག་བྱུང་ཡོད་པར་འདོད་ཅིང་། ཐེ་ཚོམ་འདི་ཐོག་མ་འདོན་མཁན་ངའི་དགེ་རྒན་ཧོ་ཝེ་ཡིན།⒁ ཁོང་གིས་ལོ་དུ་མའི་རིང་བོད་ཀྱི་བང་སོའི་ལམ་ལུགས་ལ་ཞིབ་འཇུག་བྱས་པའི་ཉམས་མྱོང་གཞིར་བཞག་གིས་འབྲེལ་ཡོད་དཔྱད་རྩོམ་དུ་གཅིག་བྱས་ན་ཁོང་གི་བང་སོའི་ངོས་འཛིན་ལ་གོ་ནོར་ཐེབས་ཡོད་པ་དང་། གཅིག་བྱས་ན་དུས་ཕྱིས་སུ་རྡོ་རིང་འདི་གནས་སྤོ་བྱས་ཡོད་པ་ཞིག་⒂ཅེས་འཁོད་ཡོད་ལ། སྤྱི་ལོ་2012ལོར་རྡོ་རིང་འདི་ཡོངས་སུ་བསྔོགས་ཞིབ་བྱས་པ་ལས་རྡོ་རིང་གནས་སྤོ་བྱས་པའི་སྒྲུབ་བྱེད་གཞན་ཁག་ཅིག་ཡོད་པ་སྟེ། ཀློག་པ་པོས་རྟོགས་ཐུབ་པ་ནི་རྡོ་རིང་ཟུར་གཉིས་སུ་གནམ་ལ་འཕུར་བའི་གཡུ་འབྲུག་མཇུག་མ་དེ་ཁོག་སྟོད་ལས་མེད་ལ། དེ་ལས་རྡོ་རིང་དེ་ཆགས་གྲུམ་དུ་ཤོར་བ་ཞིག་ཡིན་པར་འདོད་པ་མ་ཟད། རྡོ་རིང་གི་ཞབས་ར་རྡོ་ཕ་བོང་ཕལ་བ་ཞིག་ལ་ཨི་ཁུང་བཏོད་ནས་རྡོ་རིང་བསླངས་བ་ཙམ་ལས་རྡོ་བཟོ་མཁས་པའི་བཟོ་བཀོད་ཀྱི་ཆ་མེད་ལ། འདི་བོད་བཙན་པོའི་རྡོ་རིང་གཏོར་སྐྱོན་མ་ཐེབས་པ་དག་ལ་ཞབས་ར་རུས་སྦལ་ལམ།⒃ པད་འདབ།⒄ གླང་བོ།⒅ རི་ཆུ་བཀོད་པ་⒆དག་གི་རྒྱན་རྐོས་རྣམ་པ་རྒྱ་ཆེན་པོ་ལྡན་པ་དག་དང་རིགས་བསྡུར་བྱས་ན་འབྱུང་མི་སྲིད་པ་ཞིག་དང་། རྡོ་རིང་ཁོ་རང་ངོས་ནས་ཀྱང་མགོ་མཇུག་བར་གསུམ་གྱི་རྒྱན་སྤྲོས་དོ་མི་མཉམ་པ་ཞིག་རེད་ལ། འདི་འདྲ་བྱུང་ཡོད་པའི་རྒྱུ་མཚན་ནི་རྡོ་རིང་དབོར་བའི་གོ་རིམ་ཁྲོད་ཞབས་ར་སྣུར་མ་ཐུབ་པའམ་ཡང་ན་འཕྲོ་བརླག་ཐེབས་ཡོད་པ་ཞིག་རེད། དེ་ལྟར་རྡོ་རིང་གཞི་དང་པོར་ས་འདིར་མེད་པར་ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་ན་ཡོད་པར་འདོད། དེར་སྒྲུབ་བྱེད་ག་རེ་ཡོད་ཅེ་ན། བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཕལ་མོ་ཆེ་《ཡར་ལུང་ཇོ་བོའི་ཆོས་འབྱུང་》དང་《རྒྱལ་རབས་གསལ་བའི་མེ་ལོང》 《རྒྱ་བོད་ཡིག་ཚང་ཆེན་མོ》 《ཆོས་འབྱུང་མཁས་པའི་དགའ་སྟོན》 《མགར་གྱི་ཡིག་ཚང་》བཅས་སུ་ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་ན་ཡི་གེ་འཁོད་པའི་རྡོ་རིང་གཅིག་ཡོད་པ་མ་ཟད། འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་ཐོན་པའི་《བཀའ་གཙིགས་དང་རྡོ་རིང་གི་ཡི་གེ་》ཞེས་པའི་དཔེ་རྙིང་གི་དབོན་ཞང་རྡོ་རིང་གི་མཇུག་ཏུ་སྐར་ཆུང་རྒྱལ་ལྡེའི་རྡོ་རིང་ཡི་གེ་དང་། རྒྱལ་ཆེན་བང་སོའི་རྡོ་རིང་ཡི་གེ་དང་། བསམ་ཡས་རྡོ་རིང་ཡི་གེ་དང་། བང་སོ་འཕྲུལ་རིའི་རྡོ་རིང་ཡི་གེ ཀོང་པོ་རྟ་བར་གྱི་རྡོ་རིང་ཡི་གེ རྡོ་རིང་ཡི་གེ་འདི་གཉིས་བཅས་བདུན་ཡོད་དོ།། སྐར་ཆུང་ལྷ་ཁང་ནས་བྲིས་སོ་⒇ཞེས་འདིར་བྱུང་པའི་བང་སོ་འཕྲུལ་རིའི་རྡོ་རིང་ཡི་གེ་ཅེས་པ་ད་ལྟའི་འཕྱོང་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་སྟེ། བོད་ཀྱི་བཙན་པོའི་བང་སོ་རེ་རེ་ལ་གུས་སྟོད་ཀྱི་མཚན་རེ་རེ་ཡོད་ལ། 《རྒྱལ་རབས་གསང་བ་ཡང་ཆུང་》དུ་བོད་ཀྱི་བཙན་པོ་དང་ནང་མིའི་བང་སོ་ལྔ་བཅུ་རྩ་གྲངས་ལས་བང་སོ་བཅོ་ལྔ་ལ་མཚན་ཞེ་དྲག་པ་བྱུང་ཡོད་ཅིང་། དེ་དག་ལས་སྲོང་བཙན་བང་སོ་ལ་མུ་རི་སྨུག་པོ་དང་། གུང་སྲོང་བང་སོ་ལ་གུང་རི་གུང་ཆེ། འདུས་སྲོང་ལ་ལྷ་རི་ཅན། ཁྲི་ལྡེ་གཙུག་བཙན་ལ་ལྷ་རི་གཙུག་ནམ། ཁྲི་ལྡེ་སྲོང་བཙན་ལ་རྒྱལ་ཆེན་འཕྲུལ། ཁྲི་སྲོང་ལྡེ་བཙན་ལ་འཕྲུལ་རི་གཙུག་ནམ་ཡིན་ལ། འདིར་འཕྲུལ་རིའི་བང་སོའི་རྡོ་རིང་དེ་བང་སོའི་མཚན་འཕྲུལ་རི་ནས་བྱུང་ལ། མཚན་འདིས་རྡོ་རིང་གི་ཐོག་མའི་གནས་ཡུལ་ཀྱང་ཤུགས་བསྟན་བྱས་ཡོད། འོ་ན་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་མཆོག་གིས་ཉར་བའི་ཕྱག་དཔེ་ཁྲོད་འཕྱོང་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་ཞེས་པ་གང་ཡིན་ཞེ་ན། ཁོང་གིས་ཉར་བའི་ཕྱག་དཔེའི་སྟེང་རྡོ་རིང་གི་མཚན་ཕྱིས་སུ་བར་བཅུག་བྱས་པའི་ཤུལ་ཡོད་པ་དང་། གཅིག་བྱས་ན་ཁོང་གིས་འཁོད་པའི་མཚན་ཞིག་ཀྱང་ཡིན་སྲིད་དེ། བོད་ཀྱི་ཆོས་འབྱུང་ཁག་ལས་རྡོ་རིང་བང་སོའི་མདུན་དུ་མཆིས་པར་བཤད་པའི་ཡིག་ཚང་ཕྱི་མ་ནི་སྤྱི་ལོ་1564ལོར་བརྩམས་གྲུབ་གནང་བའི་དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཡིན་ལ། དེར་རྡོ་རིང་འདི་བང་སོའི་མདུན་ན་མཆིས་པར་བཤད་པས་རྡོ་རིང་འདི་དུས་ཚོད་དེའི་ཕྱིས་སུ་སྤོས་པར་འདོད་ལ། གཞན་འཕྱོང་རྒྱས་སྲོང་བཙན་ལྷ་ཁང་དུ་རྒྱུན་རིང་བཞུགས་ལ་བཙན་པོའི་བང་སོའི་སྐོར་ལ་ཉམས་ཞིབ་ཟབ་མོ་ཡོད་པའི་ཀུན་མཁྱེན་འཇིགས་མེད་གླིང་པའི་(1729—1798)སྐབས་རྡོ་རིང་འདི་བང་སོའི་མདུན་ན་མེད་པ་ནི་ཁོང་གིས་མཛད་པའི་《བཀྲ་ཤིས་སྲོང་བཙན་བང་སོའི་གཏམ་》ལས་ཤེས་ཐུབ་པ་སྟེ། ཁོང་གི་གསུང་རྩོམ་དུ་བང་སོའི་གནས་ཡུལ་གྱི་ལུང་ཁུངས་《མགར་གྱི་ཡིག་ཚང་》ལ་གཏུགས་ཡོད་ལ། 《མགར་གྱི་ཡིག་ཚང་》དུ། ཁྲི་སྲོང་བང་སོ་མུ་ར་རི་ལ་བརྩིགས། མིང་ནི་འཕྲུལ་རུ་གཙུག་སྣང་བྱ་བ་ལགས། དེ་ཡི་རྩ་ན་རྡོ་རིང་ཞིག་ཀྱང་ཡོད་ཅེས་པའི་ལུང་དེ་བང་སོ་དངོས་དང་ཕན་ཚུན་ངོ་སྤྲོད་དུས་ད་ལྟ་མུ་ར་རིའི་ཆེས་མཐོ་སར་འགྲེང་བའི་ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་ནས་རྡོ་རིང་མ་མཐོང་བར་དམངས་ཁྲོད་དུ་དེ་སྔོན་རྡོ་རིང་ཡོད་སྐད་དུ་གྲགས་པའི་དུང་དཀར་ལུང་པའི་ཕྱོགས་སུ་གོ་ནོར་ཐེབས་ཡོད་པ་ལས་རྟོགས་ནུས་ལ།﹙21﹚ དེ་འདྲ་ཡིན་ཚེ་རྡོ་རིང་འདི་འཕྱོང་རྒྱས་ཞོལ་དུ་སྤོས་པའི་དུས་ཚོད་སྤྱི་ལོ་1564ལོ་ནས་སྤྱི་ལོ་1729ལོའི་བར་རམ་དེ་ལས་སྔ་བའི་ཀ་ཐོག་ཚེ་དབང་རིག་འཛིན་ནོར་བུའི་(1698—1755)གོང་དུ་འཁེལ་ཡོད། འདི་ལྟར་རྡོ་རིང་འདི་བང་སོའི་རྡོ་རིང་ལ་བཞག་ཚེ་ཀློག་པ་པོར་དྲི་བ་གཞན་ཞིག་སླེབས་ཡོང་བ་ནི་བོད་ཀྱི་བང་སོའི་རྡོ་རིང་གཞན་ཕལ་ཆེ་བར་བང་སོའི་གནས་ཚུལ་ཡོད་པ་ལ་འདིར་བང་སོའི་གནས་ཚུལ་བྱུང་མེད་པ་རྒྱུ་མཚན་ཇི་འདྲ་ཞིག་ཡིན་ཞེ་ན་དེ་ལ་ལན་གཉིས་མཆིས་ཏེ། གཅིག་ད་ལྟ་ང་ཚོས་ངོ་བཤུས་བྱས་པའི་རྡོ་རིང་ཡི་གེ་ཆ་ཚང་མིན་མི་ཤེས་པ་དང་། ལྷག་པར་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་ཀྱི་ཡི་གེར་བསྡུར་དུས་ཡི་གེ་འདིའི་མཇུག་ཏུ་ད་དུང་ཡི་གེ་ཞིག་ཡོད་པའི་སྣང་བ་འཆར་བ་དང་། དེ་བཞིན་རྡོ་རིང་དངོས་ཀྱང་ཆགས་གྲུམ་དུ་ཤོར་བའི་ཤུལ་ཡོད་པ་དང་། གཞན་ཞིག་ནི་ཁྲི་སྲོང་ལྡེ་བཙན་གྱི་བང་སོ་བརྩིགས་པའི་དུས་ཚོད་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་སྟེ། 《རྒྱལ་རབས་གསང་བ་ཡང་ཆུང་》དང་། 《རྒྱལ་རབས་གསལ་བའི་མེ་ལོང》 《ཆོས་འབྱུང་མཁས་པའི་དགའ་སྟོན》 《མགར་གྱི་ཡིག་ཚང་》བཅས་ལ་བལྟས་ན་རྒྱལ་པོ་སྐུ་མ་གྲོངས་པར་བང་སོ་བརྩིགས་ཡོད་པར་བཤད་ཅིང་། དེ་ལྟ་ཡིན་ན་རྡོ་རིང་ཡང་བང་སོ་བརྩིགས་པའི་གྲུབ་ཆ་གཅིག་ཡིན་པས་དུས་མཉམ་ལ་བཞག་ན་བང་སོའི་མཚན་མ་བཀོད་པ་ཡང་ཨེ་ཡིན་སྙམ་ལ། སྣང་ཚུལ་འདི་དང་འབྲེལ་ད་ལྟ་བང་སོའི་རྡོ་རིང་འདི་དུས་ག་དུས་བསླངས་པའི་དུས་ཚོད་དེ་ཡང་གནད་དོན་ཞིག་ཡིན་ལ། འདིའི་ལོ་ཚིགས་ཐད། རིས་ཆར་རྡི་སིང་གིས་སྤྱི་ལོ་795—800བར་ལ་བཞག་ཡོད་པ་དང་།﹙22﹚ ལིས་ཧྥང་ཀོས་ཀྱིས་སྤྱི་ལོ་797ལ་བཞག་ཡོད།﹙23﹚པ་སངས་དབང་འདུས་ཀྱིས་སྤྱི་ལོ་797ལོའི་གོང་ཙམ་ལ་བཙུགས་པར་﹙24﹚འདོད་མོད། ལོ་འདི་དག་ཀྱང་ད་དུང་ཚོད་དཔག་ཙམ་ལས་དངོས་དཔང་གསལ་པོ་མེད། རྡོ་རིང་ཡི་གེ་ལ་གཞིགས་ན་མར་ནི་ལོང་ཤན་གྱི་ལ་རྒྱུད་ཡན་ཅད་ཆབ་འོག་དུ་འདུ་སྟེ་ཞེས་《ཐང་ཡིག་གསར་རྙིང་》ལྟར་ན་བོད་ལོང་ཤན་ལ་རྒྱུད་དང་པོ་མངའ་འོག་ཏུ་བཅུག་པའི་ལོ་ནི་སྤྱི་ལོ་791ལོར་འཁེལ། བང་སོ་དང་རྡོ་རིང་གཉིས་མཉམ་དུ་བཟོ་བཀོད་བྱས་པ་ཡིན་ན་ཆེས་མ་མཐར་ཡང་སྤྱི་ལོ་696ལོའི་གོང་ཡིན་ལ། ཁྲི་སྲོང་ལྡེ་བཙན་གྱིས་སྤྱི་ལོ་796ལོར་རྒྱལ་སྲིད་མུ་ནེ་བཙན་པོ་ལ་སྤྲད་དེ། དེའི་ཕྱི་ལོ་སྤྱི་ལོ་797ལོར་ཟུང་མཁར་དུ་སྐུ་གཤེགས་པས་དུས་ཚོད་འདི་མུ་མཐུད་ཞིབ་འཇུག་བྱ་དགོས་པའི་གནད་ཅིག་ཆགས་འདུག
           རྡོ་རིང་འདི་ཅིའི་ཕྱིར་གནས་སྤོ་བྱས་པ་ཡིན་ནམ་ཞེ་ན།རྡོ་རིང་འདིའི་ལས་དབང་ཡང་ཞོལ་རྡོ་རིང་དང་དབོན་ཞང་རྡོ་རིང་གཉིས་སྔ་ཕྱིར་ལྷ་སར་གནས་སྤོ་བྱས་པའི་ལོ་རྒྱུས་﹙25﹚དང་རྒྱུ་མཚན་ཆ་འདྲ་བ་མེད་དམ་བསམ་ལ། གོང་དུ་བསྟན་པ་བཞིན་རྡོ་རིང་འདི་འཕྱོང་རྒྱས་ཞོལ་གྲོང་ཚོའི་གོང་དུ་གནས་པའི་རི་བོ་བདེ་ཆེན་དགོན་པར་ཁ་འཁོར་བ་དེ་རྒྱུ་མཚན་ཅན་དུ་མཐོང་། ལྷག་པར་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཆོད་པའི་རྒྱལ་དབང་ལྔ་བ་ཆེན་མོ་མཆོག་འཕྱོང་རྒྱས་ཞོལ་ནས་སྤྱི་ལོ་1617ལོར་སྐུ་བལྟམས་ཤིང་། སྐུ་ན་གཞོན་པའི་དུས་སུ་གནས་འདིར་གྲྭ་ཞུགས་དང་རྗེས་སུ་དགའ་ལྡན་ཕོ་བྲང་སྲིད་གཞུང་བཙུགས་པའི་རྗེས་སུ་དགོན་པ་འདི་སྔར་ལས་ལྷག་པར་རྒྱ་བསྐྱེད་﹙26﹚དང་དེ་མིན་སྲོང་བཙན་བང་སོར་ཡང་ལྕགས་རི་སྐོར་བ་﹙27﹚ལ་སོགས་ཀྱི་ལས་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་ལ་གཞིགས་ན་དུས་དེར་སྲིད་དང་བྱ་བའི་དགོས་དབང་གིས་རྡོ་རིང་འཕྱོང་རྒྱས་ཞོལ་དུ་གནས་སྤོས་པ་ཡིན་ནམ་བསམ།
           མདོར་ན། ད་ལྟ་ང་ཚོས་ཚད་མར་འཛིན་པའི་རྡོ་རིང་འདིའི་ཡི་གེའི་ཕྱི་མོ་ལ་མཁས་དབང་རའེ་ཆར་རྡི་སིང་མཆོག་ནས་བརྡ་རྙིང་དང་ཐིག་ཕྲེང་། གཅོད་མཚམས་བཅས་ཀྱི་ཆ་ནས་བཟོ་བཅོས་མངོན་གསལ་བྱས་ཡོད་ཅིང་། བཟོ་བཅོས་འདི་ཁོང་གིས་གསུངས་པ་ལྟར་རྡོ་རིང་གི་ངོ་བཤུས་གཞིར་བཞག་པ་ཙམ་གྱིས་འབྱུང་ཐུབ་པ་ཞིག་མིན། དེ་བཞིན་རྡོ་རིང་འདི་དང་པོ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བང་སོ་འཕྲུལ་རི་གཙུག་སྣང་གི་མདུན་དུ་ཡོད་པ་དང་མཚན་ལ་ཡང་འཕྲུལ་རིའི་བང་སོའི་རྡོ་རིང་དུ་འབོད་པ་དུས་རབས་བཅུ་བདུན་ཡས་མས་སུ་ད་ལྟའི་འཕྱོང་རྒྱས་ཞོལ་ལ་སྤོས་པར་འདོད།
           གསལ་བཤད། དཔྱད་རྩོམ་འདི་ནི་2012ལོའི་རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་མ་རྩའི་རྣམ་གྲངས་བོད་བཙན་པོའི་དུས་ཀྱི་དུར་འཇུག་ལམ་ལུགས་སྐོར་ལ་དཔྱད་པ་ཞེས་པའི་དཔྱད་འབྲས་ཀྱི་ནང་གསེས་ཞིག་ཡིན། ཆོག་མཆན་ཨང་རྟགས་ནི། 12CKG009
མཆན་འགྲེལ།
           ① G.tucci ,1950.The tombs of the Tibetan kings,Roma:42
           ②王毅:《藏王墓——西藏文物见闻记》(六)[J],文物,1961年第5期。
           ③ དེར་དབོན་ཞང་རྡོ་རིང་དང་། རྒྱལ་ལྡེ་སྐར་ཆུང་རྡོ་རིང་། ཀོང་པོ་གཡུང་དྲུང་འཛིན་གྱི་བྲག་བརྐོས། འཕྱོང་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་། ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་བཅས་རྡོ་རིང་ལྔའི་ཡི་གེ་བསྡུས་ཡོད།
           ③ H.E.Richardson,1985.A corpus of early Tibetan inscriptions, Royal Asiatic Society:36.
           ⑤ 西藏自治区文官会:《琼结县文物志》1986年第112页;Li fang kuei and South coblin,A study of the old Tibetan inscriptions,Nankang,1987.227—236;གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། [M]ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995:109;Kazushi IWAO,Nathan HILL and Tsuguhito TAKEUCHI,Old Tibetan inscriptions,ILAA,Tokyo University of Foreign Studies,Tokyo,2009; པ་སངས་དབང་འདུས། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིགས་འགྲེལ་དྭངས་སང་གངས་ཆུ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011:29; ཆབ་འགག་རྟ་མགྲིན། བོད་ཡིག་རྡོ་རིང་ཞིང་འཇུག[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:19.
           ⑥༄།ལྷ་བཙན་པོ་ཡབ་མེས་ལྷ་དང་མིའི་རྗེར་གཤེགས་ཏེ་ཆོས་གཙུག་ལག་ནི་ལུགས་ཀྱིས་བཟང་། དབུ་རྨོག་བཙན་པོ་ནི་བྱིན་དུ་ཆེའོ་། ༄། ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞ་སྔ་ནས་ཀྱང་ཡབ་མྱེས་ཀྱི་ལུགས་བཞིན་གཙུག་ལག་ནི་མ་ཉམས་གནམ་སའི་ཆོས་དང་ནི་འཐུན་པར་མཛད་སྐུ་ཡོན་ཏན་ཡོངས་སུ་བརྗོད་པའི་ཡི་གེ་ནམ་ཞིག་རྡོ་རིངས་ལ་བྲིས་སོ་། ཆོས་རྒྱལ་ཆེན་པོས་ཕྲིན་ལས་སུ་ཅི་མཛད་པ་དང་། དབུ་རྨོག་བཙན་པོ་བྱིན་གྱིས་ཆབ་སྲིད་སྐྱེས་པ་ལ་སོགས་པའི་གཏམ་གྱི་ཡི་གེ་ཞིབ་མོ་གཅིག་ནི་གུད་ན་ཡོད་དོ་། ༄། འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞལ་སྔ་ནས་མཐའ་བཞིའི་རྒྱལ་པོ་གཞན་དང་མི་འདྲ་སྟེ་བྱིན་གྱི་སྒམ་དཀྱེལ་ཆེན་པོ་དང་དབུ་རྨོག་བཙན་པོས་ཡར་ནི་ཏ་ཞིག་གྱི་མཚམས་མན་ཆད་མར་ནི་ལོང་ཤན་གྱི་ལ་རྒྱུད་ཡན་ཅད་ཆབ་འོག་དུ་འདུ་སྟེཆབ་སྲིས་ནི་ལྷོ་བྱང་ཤར་ནུབ་མཐའ་ཀླས་པར་ཆེའོ་། དེ་ལྟར་ཆབ་སྲིད་ཆེ་བའི་བྱིན་གྱིས་བོད་ཡོངས་ཡུལ་ཆེ་ཁོང་ཕྱུག་དུ་གྱུརད་པས་ནང་ནས་ཀྱང་ནམ་ཞར་བདེ་ཞིང་སྐྱིད་པར་གནས་སོ། ཐུགས་ལ་བྱང་ཆུབ་གྱི་སྤྱོད་པ་རླབས་པོ་ཆེ་མངའ་བས་འཇིག་རྟེན་ལས་འདས་པའི་ཆོས་བཟང་པོ་བརྙེས་ནས་ཀུན་ལ་བཀའ་དྲིན་དུ་བྱིན་ནོ། དེ་ལྟར་འགྲོ་དུད་གཉིས་ལ་འཕྲལ་ཡུན་གཉིས་ཀྱི་བཀའ་དྲིན་ཆེན་པོས་མ་ཁྱབ་པ་མེད་དེ། མྱི་ཡོངས་ཀྱིས་མཚན་ཡང་འཕྲུལ་གྱི་ལྷ་བྱང་ཆུབ་ཆེན་པོར་གསོལ་ཏོ། མ་ཡིག་འདི་ཇོ་སྲས་བཀྲ་ཤིས་ཚེ་རིང་གིས་འོས་སྤྱོར་གྱིས་རྡ་ས་ཨ་མྱེས་རྨ་ཆེན་ཤེས་རིག་ཞིབ་འཇུག་ཁང་གིས་སྤྱི་ལོ་2012ལོར་སྣུམ་པར་བྱས་པའི་《བཀའ་གཙིགས་དང་རྡོ་རིང་གི་ཡི་གེ་བཞུགས་སོ་》ཞེས་པ་ལས་དྲངས། རྒན་སྐ་བ་ཤེས་རབ་བཟང་པོ་མཆོག་གིས་མ་ཡིག་འདི་གཡར་བར་ཐུགས་རྗེ་ཆེ་ཞུ།
           ⑦ G.tucci ,1950.The tombs of the Tibetan kings,Roma:42
           ⑧H.E.Richardson,1985.A corpus of early Tibetan inscriptions, Royal Asiatic Society:36.
           ⑨王毅:《藏王墓——西藏文物见闻记》(六)[J],文物,1961年第5期。
           ⑩⑾西藏自治区文官会:《琼结县文物志》[M],1986年第111—112页,第112—113页。
           ⑿ཞིབ་ཏུ་གཤམ་གྱི་རྩོམ་ལ་གཟིགས། Li fang kuei and South coblin,A study of the old Tibetan inscriptions,Nankang,1987.231.
           ⒀རྡོ་རིང་འདི་དང་པོ་ལྷ་སའི་ཀྲི་ས་ཆའི་ངན་ལམ་སྟག་སྒྲ་ཀླུ་གོང་གི་བང་སོའི་མདུན་དུ་ཡོད་པ་དང་ཕྱིས་སུ་ལྷ་སར་སྤོས་པའི་གནས་ཚུལ་ཞིབ་ཏུ་གཤམ་གྱི་རྩོམ་ལ་གཟིགས། Hazod, Guntram,2010. Wandering Monuments: The Discovery of the Place of Origin of the Shöl Stele of Lhasa, Orientations 41(3).
           ⒁བོད་རིག་པའི་གནའ་དཔྱོད་པ་ཧིག་ཧྲི་ཀྲུའུ་མཆོག་ནས་རྡོ་རིང་འདི་བང་སོའི་རྡོ་རིང་གི་ཁོངས་གཏོགས་སུ་བཞག་ཡོད་མོད་ཡིན་ཡང་རྡོ་རིང་གནས་སྤོ་བྱས་པའི་དོགས་པ་བྱུང་མེད། ཞིབ་ཏུ་གཤམ་གྱི་རྩོམ་ལ་གཟིགས། 侯石柱:《西藏考古大纲》[M],拉萨:西藏人民出版社,1991年,第76—77页。
           ⒂霍巍:《试论吐蕃王陵—琼结藏王墓地研究中的几个问题》[J],《西藏考古》第一辑,1994年。
           ⒃རུས་སྦལ་ཞབས་ར་བྱས་པ་སླེབས་རི་དང་དབོན་ཞང་རྡོ་རིང་། འོན་ཅང་མདོ། ཁྲི་ལྡེ་སྲོང་བཙན་རྡོ་རིང་།
           ⒄བསམ་ཡས་བཀའ་གཙིགས་རྡོ་རིང་།
           ⒅ཀོང་པོ་གླང་དཀར་རྡོ་རིང་།
           ⒆རྒྱལ་ལྡེ་སྐར་ཆུང་རྡོ་རིང་།
           ⒇ A collection of texts of the imperial pillars’ inscriptions and their “deposited version”,Amnye Machen Institute,Dharamsala,2012.
           ﹙21﹚《འཇིགས་མེད་གླིང་པའི་གཏམ་ཚོགས》 [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1998:292—293.
           ﹙22﹚H.E.Richardson,1985.A corpus of early Tibetan inscriptions, Rayal Asiatic society.England:36.
           ﹙23﹚bLi fang kuei and South coblin,A study of the old Tibetan inscriptions,Nankang,1987.227—236.
           ﹙24﹚པ་སངས་དབང་འདུས། 《སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིགས་འགྲེལ་དྭངས་སང་གངས་ཆུ》 [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011:29.
           ﹙25﹚Hazod, Guntram,2010. Wandering Monuments: The Discovery of the Place of Origin of the Shöl Stele of Lhasa, Orientations 41(3);Hazod, Guntram,2012.The stelein the centre of the lhasa mandala about the Position of the 9th-Century Sino-Tibetan Treaty Pillar of Lhasain its Historical and Narrative Context.
           ﹙26﹚西藏自治区文官会:《琼结县文物志》[M],1986年,第77页。
           ﹙27﹚四川大学中国藏学研究所、四川大学考古系:《藏王墓2012年度田野工作报告》[R],(待出版)。

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1