བོད་སྤོས་ཐུམ་སྒྲིལ།
མཐོ་སྒང་གི་ས་གཞི་ཆེན་པོ་འདིར་དྲི་ངད་ལྡན་ཞིང་གནའ་ཉམས་དོད་ལ་ངོ་མཚར་ཆེའི་དངོས་པོ་ཞིག་ཡོད། དེ་ནི་བོད་རིགས་མི་དམངས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་བོད་སྤོས་རེད། ལག་པ་གཙང་མར་བཀྲུས་ནས་མཆོད་མེ་སྒྲོན་ཏེ་སྤོས་གདུག་པ་ནི་བོད་ལྗོངས་ཀྱི་མང་ཚོགས་རྣམས་ཀྱིས་ཉིན་གཅིག་གི་འཚོ་བའི་མགོ་འཛུགས་སྟངས་ཤིག་ཡིན་ལ། བོད་སྤོས་ཀྱིས་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ན་གོ་གནས་གལ་ཆེན་ཟིན་ཡོད། འོན་ཀྱང་བོད་སྤོས་ཞེས་གླེང་དུས་ང་ཚོས་ཐོག་མར་ལྷ་ས་སྙེ་མོ་རྫོང་ནས་མགོ་རྩོམ་དགོས་པ་རེད།
སྙེ་མོ་རྫོང་དུ་མི་རབས་ནས་མི་རབས་བར་བརྒྱུད་པའི་སྤོས་བཟོའི་ལག་རྩལ་ཡོད་དེ། སྦངས་པ་དང་ཞིབ་བརྡར། འཐག་པ། སྡེབ་སྦྱོར། དཀྲུག་པ། དཀག་པ། སྐེམ་པ་བཅས་ཀྱི་ལས་རིམ་གྱིས་བསུང་རྫས་སྡེབ་སྦྱོར་ལ་ངོ་མཚར་བའི་ཕན་ནུས་ཐོན་ཡོད། སྙེ་མོའི་དུད་ཁྱིམ་ཕལ་ཆེ་བས་བོད་སྤོས་བཟོ་ཐུབ་པ་དང་། ཐོན་པ་གྲོང་རྡལ་དུ་ད་ལྟ་ཆེད་ལས་ཅན་གྱི་བོད་སྤོས་བཟོ་མཁན་དུད་ཚང་279ཡོད། 2008ལོར་སྙེ་མོའི་བོད་སྤོས་བཟོ་བའི་ལག་རྩལ་དེ་“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་”ནང་བཅུག་ནས་སྲུང་སྐྱོང་བྱས་པ་དང་དེ་འབྲེལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱི་གྲས་སུའང་ཚུད་ཡོད། སྙེ་མོའི་བོད་སྤོས་བཟོ་རྩལ་དེ་ས་གནས་དེ་གའི་རིག་གནས་ཡུལ་སྐོར་རྣམ་གྲངས་གལ་ཆེན་ཞིག་ཏུ་གྱུར་ནས་མཚན་སྙན་གྲགས་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུགས་ཏེ་ཐོན་པའི་གྲོང་རྡལ་དུ་ཕེབས་ཤིང་། དེ་དང་ཆབས་ཅིག་སྙེ་མོའི་བོད་སྤོས་ཀྱང་ཡུལ་སྐོར་བ་སླེབས་པ་དང་བསྟུན་ནས་ཐོན་པ་གྲོང་རྡལ་ནས་“ཕྱིར་ཐོན་པ་”རེད།
བོད་སྤོས་ཐོན་ལས་ཀྱི་གཞི་ཁྱོན་དང་སྟོབས་ཤུགས་རྒྱ་བསྐྱེད་ནས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་ཆེད། སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་“གཅིག་གཉིས་གསུམ”གྱི་བོད་སྤོས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་པ་དང་། “ཕྱོགས་བཞི་གཅིག་འདུས་”ཀྱི་བོད་སྤོས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱབ་བཀོད་དང་“ཕྱོགས་བཞི་གཅིག་འདུས”ཀྱི་དབུལ་སྐྱོར་སྣེ་ཁྲིད་བྱེད་པའི་ལམ་སྲོལ་བཅས་བཙུགས་ནས། པེ་ཅིང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་4000བཏང་སྟེ། སྙེ་མོ་རྫོང་བོད་སྤོས་ཐོན་ལས་གླིང་གི་གནད་འཁེལ་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་བསྐྲུན་པ་རེད། རྟེན་གཞི་འདིའི་རྒྱ་ཁྱོན་ལ་མུའུ་83དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7300ཟིན་ལ། ཐོན་སྐྱེད་བཟོ་ཁང་དང་ཉམས་ལེན་ལྟེ་གནས་གཉིས་སུ་དབྱེ། རྣམ་གྲངས་འདི་2018ལོའི་ལོ་མཇུག་ཏུ་ཡོངས་སུ་གྲུབ་པ་དང་ཆབས་ཅིག་2019ལོ་ནས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།
སྙེ་མོ་རྫོང་བོད་སྤོས་ཐོན་ལས་གླིང་གི་གནད་འཁེལ་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་འདི་ཏང་ཨུད་ཀྱིས་སྤྱི་ཁྱབ་བཀོད་འདོམས་དང་ཁྲིད་སྟོན་འོག ཁེ་ལས་མཉམ་ལས་གཉེར་སྐྱོང་དང་མི་སེར་ཧུར་ཐག་ནང་ཞུགས་མཐའ་འཁྱོངས་བྱས་པ་བརྒྱུད་བོད་སྤོས་བཟོ་བ་དང་ཐོན་སྐྱེད་བྱེད་པ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན། རིག་གནས་ཡུལ་སྐོར་བཅས་ལ་ཟུང་འབྲེལ་བྱས་ཏེ་སྤུས་ལེགས་པའི་ཟོང་རྟགས་ཁྱབ་གདལ་དང་གསར་གཏོད་བསྐྱར་སྤེལ་བྱས་ནས་ཐོན་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བཏང་ཡོད། དེ་དང་ཆབས་ཅིག་ཐོན་ལས་གླིང་འདིར་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་ལེན་གྱི་རྣམ་གྲངས་རབ་དང་རིམ་པ་བཏོན་ནས་ཡུལ་སྐོར་བ་རྣམས་བོད་སྤོས་བཟོ་བའི་ལས་དངོས་སུ་ཞུགས་ཆོག་ལ། སྙེ་མོའི་བོད་སྤོས་ཀྱི་ཐོན་ཁུངས་མཐུན་རྐྱེན་དེ་ཉིད་ཐོན་ལས་ཀྱི་མཐུན་རྐྱེན་ལ་བསྒྱུར་ནས། ཐོན་སྐྱེད་དང་འགྲེམ་སྟོན། ཉམས་ལེན། ཕྱི་ཚོང་བཅས་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་བོད་སྤོས་ཐོན་སྐྱེད་རྟེན་གཞི་ཞིག་ཆགས་པར་བྱ་རྒྱུ་རེད། རྣམ་གྲངས་འདིས་“ཏང་ཨུད་དང་།+ཁེ་ལས།+མཉམ་ལས་ཁང་།+གནས་སྤོས་དུད་ཚང་”བཅས་ཀྱི“ཕྱོགས་བཞི་གཅིག་འདུས་”ཀྱི་འཕེལ་རྒྱས་ལམ་སྲོལ་གཏོད་ནས། ལེགས་ཆ་གསབ་རེས་མངོན་འགྱུར་དང་རོགས་སྐྱོར་སྟོབས་ཤུགས་མཉམ་སྒྲིལ། མཉམ་དུ་རྒྱལ་ཁ་འཐོབ་པར་དོན་གཉེར་བྱས་པ་རེད། འདིས་དབུལ་ཕོངས་མང་ཚོགས་ཀྱི་དབུལ་སྐྱོར་སྲ་བརྟན་དང་། ལས་ཞུགས་དང་ཡོང་འབབ་འཕར་སྣོན། ཐོན་ལས་ཀྱི་རིམ་སྤོར་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་བཅས་ཀྱི་ཕྱོགས་ལ་བསྟུད་མར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
སྙེ་མོ་རྫོང་བོད་སྤོས་ཐོན་ལས་གླིང་གི་གནད་འཁེལ་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ཐོག་མའི་དུས་ཀྱི་ཐོན་རྫས་ལ་ཁམས་གསོ་དང་། རྣམ་རིག་རྒྱས་པ། སྙོམས་སྒྲིག་སོགས་རིགས་ཆེན་པོ་3གྱི་ཐོན་རྫས་18ཡོད་པ་དང་། གཙོ་ཁྲིད་སྤུས་ལེགས་ཟོང་རྟགས་ནི་རིམ་པ་མཐོ་འབྲིང་གི་ལུས་གསོའི་གདུག་སྤོས་ཡིན་པ་མ་ཟད། ད་དུང་འཛད་སྤྱོད་མི་འདྲ་བར་དམིགས་ནས་བོད་སྤོས་ཚད་གཞི་གཏན་འཁེལ་མངག་བཟོ་ཐོན་སྐྱེད་བྱས་ཀྱང་ཆོག དེ་ཡང་སྙེ་མོ་རྫོང་ཨེན་ཙེ་གྲོང་ཨུད་ཀྱི་གནས་སྤོས་ཞིང་འབྲོག་མང་ཚོགས་མཉམ་ལས་ཁང་གིས་ཐོན་སྐྱེད་སྒྲིག་འཛུགས་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྙེ་མོ་རྫོང་བོད་སྤོས་ཐོན་ལས་གླིང་གི་གནད་འཁེལ་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། མཉམ་ལས་ཁང་གི་ཁོངས་མིར་ལས་ཞུགས་ལས་གནས་100ལྷག་མཁོ་འདོན་བྱེད་ཐུབ་པ་དང་། ཐོན་པ་གྲོང་རྡལ་གྱི་ལག་ཤེས་བོད་སྤོས་བཟོ་མཁན་དུད་ཚང་279དང་མི་གྲངས་1395ཀྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཕྱི་ཚོང་ལ་སྐུལ་འདེད་བཏང་ནས། ཐོན་རྫས་ཀྱི་“ཚད་གཞི་གཅིག་གྱུར་དང་། ཟོང་རྟགས་གཅིག་གྱུར། ཐུམ་སྒྲིལ་གཅིག་གྱུར་”བཅས་མངོན་འགྱུར་ཡོང་བ་རེད། དེ་དང་ཆབས་ཅིག་འབྲེལ་ཡོད་ཐོན་ལས་དང་མཉམ་དུ་ལས་ཞུགས་ལས་གནས་200ལྷག་མཁོ་འདོན་བྱ་ཐུབ། 2019ལོའི་ཐོན་སྐྱེད་འཆར་གཞི་ལྟར་ན་སྙེ་མོ་རྫོང་བོད་སྤོས་ཐོན་ལས་གླིང་གིས་བོད་སྤོས་ཏུན་50ཐོན་སྐྱེད་བྱས་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་2000དང་ཁེ་སྤོགས་སྒོར་ཁྲི་600ལ་བསླེབ་འཆར་ཡོད། དེ་ལས་ཁེ་སྤོགས་ཀྱི་40%ཡོང་སྒོ་ལྟར་བགོ་བྱ་རྒྱག་པ་དང་60%དེ་རྗེས་མའི་ཐོན་སྐྱེད་ཁྲོད་དུ་གཏོང་རྒྱུ་ཡིན། ཨེན་ཙེ་གྲོང་མི་ཨུ་ལྷན་གྱིས་དུད་ཚང་100ལ་དབུལ་སྐྱོར་གནས་སྤོ་བྱས་པས་སྔོན་དཔག་ལྟར་ན་དུད་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཀྱི་འཕར་སྣོན་སྒོར་ཁྲི་2.4ལ་བསླེབ་རྒྱུ་རེད།