༄༅།། བོད་ཀྱི་གནའ་ཡིག་ལས་གི་གུ་ཕྱིར་ལོག་ཅན་གྱི་འབྲི་རྒྱུན་ལ་མདོ་ཙམ་དཔྱད་པ།

བསོད་ཆོས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 05-31


བསོད་ཆོས།

[ནང་དོན་གནད་བསྡུས།]རྩོམ་ཡིག་འདིར་བོད་རང་གི་གནའ་བོའི་ཡིག་རྙིང་ཁག་གི་ནང་དུ་འབྲི་རྒྱུན་ལ་ཡོད་པའི་གི་གུ་ཕྱིར་ལོག་ཅན་གྱི་འབྲི་ཚུལ་དང་། དེ་ལྟར་འབྲི་དགོས་པའི་རྒྱུ་མཚན་དངོས་ལ་བརྟག་ཅིང་དཔྱད་པའི་སྒྲུབ་བྱེད་ཁག་ལ་ལུང་རིགས་གཉིས་ཀྱིས་དཔྱད་ཞིབ་མདོ་ཙམ་ཞིག་བྱས་ཡོད།
[བརྡ་ཆད་གཙོ་བོ།] བོད་ཀྱི་གནའ་ཡིག གི་གུ་ཕྱིར་ལོག་ཅན། འབྲི་རྒྱུན། དཔྱད་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H241
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-04-0121-14
གཅིག གླེང་གཞི།
            སྤྱིར་བོད་ཡིག་ལ་སྐད་གསར་བཅད་ཐེངས་གསུམ་གནང་ཞིང་གནའ་བོའི་འབྲི་རྒྱུན་ཡང་མ་དག་པ་དང་། ཡིག་ཟོར་རྙོག་རྫོབ་ཅན། འབྲི་ཚུལ་གཅིག་གྱུར་མེད་པ། ལོ་ཙཱའི་བྱ་འགུལ་ནང་བརྡ་ཆད་གཅིག་གྱུར་མེད་པ། ཕྲད་དང་རྣམ་པར་དབྱེ་བ། ཡིག་སྲོལ་གཅིག་གྱུར་དང་ཚད་ལྡན་མ་ཡིན་པའི་རིགས་རྣམས་ལ་ལོ་པཎ་ཐུན་མོང་གི་ཐོག་ནས་དཔྱད་ཞིབ་ནན་པོ་མཛད་དེ་ཚད་ལྡན་ངེས་སྲོལ་ཅན་གྱི་ལམ་དུ་གཅིག་གྱུར་གནང་གི་ཡོད། ད་ལྟ་རང་རེས་སྤྱོད་མུས་ཡིན་པའི་ཡིག་སྲོལ་འདི་ནི་གནའ་ཡིག་ལ་ལེགས་བཅོས་གནང་བའི་བོད་ཡིག་གི་འབྲི་རྒྱུན་གསར་པ་ཞིག་ཡིན་ཅིང་།  གནའ་བོའི་བོད་ཡིག་གི་འབྲི་རྒྱུན་རྣལ་མ་མང་པོ་ཞིག་མཐོང་ལམ་དུ་མ་གྱུར་བ་ནི་ལེགས་བཅོས་ཀྱི་འབྲས་བུ་ཞིག་རེད་ལ། མི་རབས་མང་པོའི་བློ་གྲོས་ཀྱི་ཉིང་ཁུ་བསྡུས་པའི་གྲུབ་འབྲས་ཁྱད་དུ་འཕགས་པ་ཞིག་ཀྱང་ལགས་སོ།།
            བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་། བརྡ་སྤྲོད་རིག་པའི་གཞུང་དག་ན་གནའ་ཡིག་ལ་ལེགས་བཅོས་ཇི་ལྟར་གནང་བའི་ལོ་རྒྱུས་གསལ་རྒྱས་སུ་མ་འཁོད་པ་དང་། བཀས་བཅད་མཛད་པའི་དོན་གྱི་སྙིང་པོ་ཡི་གེར་ཞིབ་གསལ་མ་འཁོད་པའམ། འཁོད་པ་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་ད་ལྟ་དངོས་སུ་མཇལ་རྒྱུ་མེད་པའི་རྐྱེན་གྱིས་དེང་གི་ཞིབ་འཇུག་པ་སོ་སོར་བོད་ཡིག་གི་གནའ་ཡིག་གི་འབྲི་ཚུལ་དེ་དག་ལ་རང་རང་གི་རིག་སྟོབས་སམ་རྣམ་དཔྱོད་དང་བསྟུན་པའི་གོ་བ་ལེན་ཚུལ་མི་གཅིག་པ་སྣ་ཚོགས་བྱུང་ཡོད།
            དེ་ཡང་སློབ་དཔོན་ཐོན་མི་མཆོག་གིས་བོད་ཡིག་གསར་བཟོ་གནང་བ་ནས་བཟུང་བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལག་ལེན་དངོས་ནང་གི་གུ་ཕྱིར་ལོག་ཅན་གྱི་འབྲི་སྲོལ་རྣམས་དུས་སྐབས་གཅིག་གི་རིང་ལ་རྒྱུན་འབྱམས་སུ་གནས་པ་དང་། ཡིག་སྲོལ་དེའི་རྒྱུན་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་སྐུ་དུས་བར་བསྐྱངས་བར་ཟད་དེ། དཔལ་ཞ་ལུ་ལོ་ཆེན་གྱི་སྐབས་སུ་རང་རེའི་བོད་ཡིག་འདི་བཞིན་སྐད་གསར་བཅད་ཐེངས་གསུམ་པའི་བགྱི་སྒོ་ཁག་སྤྱིར་ན་ལེགས་གྲུབ་ཡོངས་སུ་ཟིན་ཅིང་། བོད་ཡིག་གི་གནའ་བོའི་འབྲི་རྒྱུན་རྙིང་པ་ཇི་སྙེད་ཅིག་ལ་བཀས་བཅད་ལེགས་པར་མཛད་དེ། དེང་རབས་ཀྱི་རྣམ་པ་གསར་པའི་ཚད་ལྡན་ངེས་སྲོལ་ཅན་གྱི་རྣམ་གཞག་འདི་ཉིད་གྲུབ་ཟིན་པས་ན་དུས་དེ་ནས་བཟུང་སྟེ་བོད་ཡིག་གི་གི་གུ་ཕྱིར་ལོག་ཅན་གྱི་འབྲི་རྒྱུན་ཡང་ལག་ལེན་དངོས་ཀྱི་ནང་དུ་ཡོངས་སུ་མེད་པར་གྱུར་པ་ཡིན་ནོ།།
            ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་བོའི་ཤོག་དྲིལ་ཡི་གེ་དང་། ལི་ཡུལ་གྱི་བོད་ཡིག་གི་ཤིང་ཁྲམ་ཡི་གེ། ད་ལྟ་ལྷག་ལུས་བྱུང་བའི་རྡོ་རིང་དང་དྲིལ་བུའི་ཐོག་གི་གནའ་ཡིག དེ་བཞིན་དགོན་སྡེ་རྙིང་ཁུངས་ཁག་ཏུ་ལོ་བཅུའི་གོད་ཆག་ལས་ཐར་ནས་ལྷག་ལུས་བྱུང་བའི་དཔེ་རྙིང་ཁག་གི་བོད་ཀྱི་གནའ་ཡིག མཆོད་རྟེན་ཞིག་རལ་ནས་ཐོན་པའི་བོད་ཡིག་གི་གནའ་ཡིག་སྐོར་ཞིག་མཆིས་པ་རྣམས་སུ་གི་གུ་ཕྱིར་ལོག་ཅན་གྱི་འབྲི་རྒྱུན་གང་མང་མཐོང་ཐོས་ཡོད་པ་དེ་དག་ནི་ཕྱིས་ཀྱི་བཅོས་བཟོའི་གཡའ་ཡེ་ནས་མ་ཕོག་པའི་གནའ་བོའི་བོད་ཡིག་གི་འབྲི་སྲོལ་རྣལ་མ་ལགས་ཤིང་། དེ་དག་ལ་ཞིབ་འཇུག་དང་གོ་བ་དཔྱིས་ཕྱིན་པ་ཞིག་ལེན་རྒྱུ་ནི་ཕྱིས་རབས་གངས་ཅན་པའི་རིག་གཞུང་ཞིབ་འཇུག་ནང་གི་གཡོལ་དུ་མེད་པའི་རིག་གནས་ཀྱི་རྒྱུན་འཛིན་པའི་ལས་འགན་རླབས་པོ་ཆེ་ཞིག་རེད། ཚུལ་འདི་ལ་བོད་རིག་པའི་ཞིབ་འཇུག་པ་རྣམས་ལ་ལྟ་ཚུལ་མི་མཐུན་འགའ་ཞིག་མཆིས་པ་རྣམས་ལ་རང་ཉིད་ཀྱི་རིག་སྟོབས་ཀྱིས་ལྕོགས་ཚོད་ཙམ་གྱི་ཞིབ་དཔྱད་རེ་ཞུ་བར་འདོད་དོ།།
གཉིས། གི་གུ་ཕྱིར་ལོག་ཏུ་འབྲི་བའི་རྒྱུ་རྐྱེན་དངོས་ལ་དཔྱད་པ།
            གཅིག འདི་ལ་《ཏུན་ཧོང་བོད་ཡིག་གི་བརྡ་སྤྲོད་རིག་པའི་ཞིབ་འཇུག་》ཅེས་པ་ལས་དབྱངས་ཡིག་ཨི་〔i〕ནི་རྒྱུན་དུ་གི་གུ་ཕྱིར་ལོག་ཏུ་ཨྀ་〔i〕ཞེས་འབྲི་སྟེ། དཔེར་ན་ནི་-ནྀ། དི་-དྀ། གྱི་-གྱྀ། དྲི-དྲཱྀ། འི་-འྀཾ། རི་-རྀ། མྱི་-མྱྀ། མཆི་-མཆྀ། གཉིས་-གཉྲཱྀས། འདི་-འདྀ། ཡིད་-ཡྀད་①ཅེས་དཔེར་བརྗོད་དང་བཅས་ཏེ་རང་ལུགས་འཇོག་གནང་མཛད་ཡོད། འདི་ལ་བོད་ཀྱི་གནའ་ཡིག་ཏུ་གི་གུ་ཕྱིར་ལོག་གི་འབྲི་རྒྱུན་མཆིས་པ་ལ་རང་ལུགས་ཀྱི་ལྟ་བ་གཉིས་གསལ་སྟོན་བྱས་ཡོད་དེ། གི་གུ་ཕྱིར་ལོག་མ་ལོག་གཉིས་ཀྱི་ཀློག་པའི་སྒྲ་གདངས་ཨི་〔i〕ཞེས་གཅིག་མཚུངས་ཡིན་པ་དང་། དེ་ལྟར་ཡིན་པའི་གནད་ཀྱིས་གི་གུ་ཕྱིར་མ་ལོག་པའི་འབྲི་རྒྱུན་གྱི་ཚབ་ལ་དུས་རྒྱུན་དུའམ་དུས་རྟག་ཏུ་གི་གུ་ཕྱིར་ལོག་ཅན་འབྲི་བའི་སྲོལ་ཡོད་པར་བསྟན་པའོ།།
            དབྱངས་ཡིག་འདིའི་འབྲི་གཟུགས་ཕྱིར་ལོག་མ་ལོག་གཉིས་ལ་སྒྲའི་ང་རོ་འཇུག་ཚུལ་གྱི་ཐད་ལ་ཁྱད་པར་མེད་པར་འདོད་ཀྱང་། དབྱངས་ཡིག་འདིའི་སྒྲ་གདངས་ཨི་སྒྲར་ཧྲིལ་གྱིས་འདོད་ན་གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་། རང་སྟོབས་ཀྱིས་བརྗོད་དུ་ཡོད་པ་མངོན་སུམ་དུ་གྲུབ་མོད། བོད་སྐད་ཀྱི་དབང་དུ་བྱས་པའི་དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ཡིག་ནི་བརྡ་སྤྲོད་རིག་པ་སྨྲ་བའི་ཁྱུ་མཆོག་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་། སྒྲའི་གདངས་ཙམ་དང་ང་རོ་ཙམ་ཤས་ཆེ་བའི་ཆ་ནས་བཞག་པས། ཡི་གེ་གཞན་ལ་མ་ཞུགས་པར་རང་སྟོབས་ཀྱིས་བརྗོད་པ་གསལ་བར་མི་ནུས་པས་ན་འདིར་བསྟན་དབྱངས་རྐྱང་ཞེས་བྱའོ་②ཞེས་གསུངས་པ་དང་བསྡུར་ནས་དཔྱད་ན་མི་རིགས་གཞན་པའི་དབྱངས་ཡིག་གི་རིགས་ལམ་ལ་གཞི་བཅོལ་ནས་བོད་ཡིག་གི་དབྱངས་ཡིག་ལ་རིགས་འགྲེ་བྱས་པ་ཐལ་ཆེ་ཞིང་།བོད་ཡིག་གི་དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ཞེས་པའི་བརྡ་དོན་ཙམ་ཡང་མ་རྟོགས་པའི་མུ་ཅོར་སྨྲ་བ་ཙམ་དུ་ཟད་དོ།། གི་གུ་ཕྱིར་ལོག་མ་ལོག་གཉིས་ལས་ཨི་ཡིག་གི་དོད་ལ་རྒྱུན་དུ་གི་གུ་ཕྱིར་ལོག་ཏུ་ཨྀ་ཞེས་འབྲི་ཡི་ཡོད་ན་ཁྱེད་ལྟར་ན་བོད་ཀྱི་གནའ་ཡིག་ཏུ་གི་གུ་ཕྱིར་མ་ལོག་པའི་ཨི་ཡིག་གི་འབྲི་རྒྱུན་གནའ་བོའི་ཡིག་སྲོལ་དངོས་ནང་མེད་པར་འདོད་དགོས་པར་ཐལ། དེ་ཡི་དོད་དུ་རྒྱུན་དུ་གི་གུ་ཕྱིར་ལོག་ཅན་འབྲི་ཡི་ཡོད་པའི་ཕྱིར། འོན་ཀྱང་འཐད་དཀའ་སྟེ་གནའ་ཡིག་ཀུན་ན་གི་གུ་ཕྱིར་ལོག་མ་ལོག་སྤེལ་མར་འབྱུང་སྟེ། ཞོལ་རྡོ་རིང་ཕྱི་མ་ལས་བཙན་ཕོ་ཁྲྀ་སྲོང་ལྡེ་བརྩན་གྱི་ཞ་སྔ་ནས་དབུ་སྙུང་གནང་སྟེ། བློན་སྟག་སྒྲ་ཀླུ་ཁོང་གི་བུ་ཚ་རྒྱུད་འཕེལད་ལ་ན་ནམ་ཞ་ཞར་དངུལ་གྱྀ་ཡི་གེ་ཆེན་པོ་གཅིག་ན་མྱྀ་དབབ་པར་གཡུང་དྲུང་དུ་སྩལད་ཕར་གནང་ངོ་③ཞེས་སོགས་བགྲང་གིས་མི་ལངས་པ་འདུག་པ་ནི་ལོང་བ་ལགས་ཀྱང་གཟིགས་ཚོད་དང་། འོན་ལྐུགས་ཡིན་ཡང་ཐོས་ཚོད་དུ་བདོག་གོ། དེས་ན་ལྟ་ཚུལ་འདི་འཐད་དཀའ་བར་སྣང་སྟེ་གི་གུ་ཐད་སོར་བྲིས་པ་དུ་མ་དམིགས་པ་གང་ཞིག་དེ་དག་གི་དོད་ལ་རྒྱུན་དུ་གི་གུ་ཕྱིར་ལོག་ཅན་བྲིས་པ་མ་ཡིན་པའི་ཕྱིར་རོ།།
            གཉིས། ཡང་མཁས་མཆོག་དགེ་འདུན་ཆོས་འཕེལ་ཞབས་ཀྱིས་ཡིག་རྙིང་བོད་དཔེ་རྣམས་ལ་ཕལ་ཆེ་བར་ཏིང་ཀྱོག་འདི་འདྲ་༄།དང་། ཤད་ཐམས་ཅད་ཀྱི་གོང་དུ་ང་ཡིག་བཞིན་ཚེགས་(ཚེག་)ཡོད་པ་དཔེར་ན། བདག་ནི་། བསམ། འདི་ལྟ་བུ་དང་། གུ་གུ་གཉིས་ཉེ་བར་ཡོད་ཕྱིན་གཅིག་ཕྱིར་ལོག་པ་ཆྀགགི་ལྟ་བུ་དང་④ཞེས་གི་གུ་ཕྱིར་ལོག་མ་ལོག་གི་འབྲི་ལུགས་ཀྱི་ཁྱད་པར་ལ་གསལ་འགྲེལ་གནང་ཡོད། 
            སྤྱིར་གསུང་རྒྱུན་འདི་ནི་བོད་ཀྱི་རིག་གནས་ལ་ནང་བྱན་ཆུད་པའི་མཁས་པ་ཆེན་པོའི་དགོངས་པ་ཡིན་ཞིང་། བོད་ཀྱི་ཡིག་རྙིང་གི་དབྱངས་ཡིག་གི་གུའི་འབྲི་རྒྱུན་གྱི་ཁྲོད་ན་དྀ་རིང་ནི་སང་ལྟ་ན། ཅུང་ཀོག་ནྀ་དཔོན་དང་གཡོགགནམ་ས་ནྀ་ཡིད་སྦྱོར་བ་ལྟ་བུ་གི་གུ་གཉིས་ཉེ་བར་ཡོད་ཕྱིན་གཅིག་ཕྱིར་ལོག་ཏུ་འབྲི་བའི་སྲོལ་ཡང་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་གི་གུ་གཉིས་ཉེ་བར་ཡོད་རིགས་ཀུན་ལ་སྣང་ཚུལ་འདི་འདྲ་མེད་པས་དོན་གྱི་གནས་ཚོད་དངོས་དང་ཅུང་མི་མཐུན་ཏེ། 《རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག་》ལས་སྙོན་སྙོན་པ་ཚངས་དང་། སྐུར་པ་ཟན་ཀྱང་ཐོང་མྱིའི་སྐུར་པ་ཟན་དང་། ཁྲིམས་གཅིག་དུ་དབང་ངོ་⑤ཞེས་དང་། ཞང་ལོན་དངུལ་གྱྀ་ཡྀ་གེ་མན་ཅད་། ཟངས་ཀྱྀ་ཡི་གེ་པ་ཡན་ཅད་། སྟོང་མཉམ་པ་གཅིག་གིས་རི་དག་ལ་མདའ་བརྡུལད་⑥ཞེས་དང་། ཤིན་ཅང་ནས་ཐོན་པའི་ཤིང་ཁྲམ་གྱི་ཡི་གེ་ལས་ཀྱྀ་ཞྀང་དོར་གཅིག། ཐམ་བུ་ཇྀའི་ཞྀང་དོར་གཅིག།རྩྀས་པའྀ་ཞྀང་དོར་ཕྱེ་དང་གཉིས་⑦ཞེས་དང་། 《རྣེལ་ཌྲྀ་འདུལ་བའི་ཐབས་》ལས་གླན་ཡུལ་གླན་སྟོད་ན། གླན་རྒན་ད་བ་དང། མ་ནྀ་མཆྀམས་ཟ་བྱྀ་རིབ་མ། བཤོས་དང་ནམས་གྱྀ་སྲས། གླན་གྲུམ་མའྀ་སྀ་ལེ་མ་⑧ཞེས་སོགས་གི་གུ་གཉིས་ཉེ་བར་ཡོད་ཀྱང་གཅིག་ཕྱིར་ལོག་ཏུ་བྲིས་མ་བྲིས་སྣ་ཚོགས་སུ་སྣང་བས་ཆོད་སྡོམ་འདིས་བོད་ཡིག་གི་གནའ་བྲིས་ཡོད་དོ་ཅོག་གི་གི་གུའི་འབྲི་ཚུལ་གྱི་དངོས་ཡོད་ཀྱི་གནས་ཚུལ་ཇི་བཞིན་གཞལ་དཀའ་བ་དང་། ལྷག་པར་དུ་གི་གུ་གཅིག་ལས་མེད་ཀྱང་ཕྱིར་ལོག་ཏུ་བྲིས་མ་བྲིས་གཉིས་ཀ་ཡོད་པ་སོགས་འབྲི་ལུགས་སྣ་ཚོགས་སུ་སྣང་བ་དག་གང་གི་དགོངས་པ་ལྟར་ན་གི་གུ་ཐད་སོར་འབྲི་རིགས་ཏེ་གུ་གུ་གཉིས་ཉེ་བར་ཡོད་ཕྱིན་གཅིག་ཕྱིར་ལོག་ནས་འབྲི་བའི་ཕྱིར་རོ།། དེས་ན་རིགས་ལམ་འདིས་སྐབས་དོན་གནའ་ཡིག་གི་གི་གུ་ཕྱིར་ལོག་མ་ལོག་གཉིས་ཀའི་འབྲི་རྒྱུན་ལ་གནད་དུ་འཁེལ་བའི་དཔྱད་སྡོམ་ཡང་དག་པ་ཞིག་འཇོག་ཐུབ་མེད་པ་ཤིན་ཏུ་གསལ་ལོ།།
            གསུམ། 《བོད་ཀྱི་གནའ་བོའི་ཡི་གེ་གོ་བདེར་ཕབ་པ་》ཞེས་པ་ལས་གི་གུ་ཕྱིར་ལྡོག་ཅན་དེ་རྣམས་ནི་ད་ལྟའི་ཡི་གེ་དང་མི་འདྲ་བའི་གནའ་ཡིག་གི་ཁྱད་ཆོས་ཀྱང་ཡིན་ནོ།།འོ་ན་གི་གུ་ཕྱིར་ལྡོག་དགོས་ཞེས་པ་དང་། ཡང་མཁས་པ་ཁག་ཅིག་གིས་དེ་ནི་སྒྲ་རིང་བའི་སྒོ་ནས་བཀླག་དགོས་ཞེས་པ་དང་། ཡང་མཁས་པ་ཁག་ཅིག་གིས་དེ་ནི་ཀློག་མཁན་གྱིས་ལྟ་བདེ་བའམ་མི་ནོར་བའི་ཆེད་དུ་བྲིས་པ་ཡིན་ཞེས་བྱུང་⑨ཞེས་གཞན་ལུགས་ཀྱི་གི་གུ་ཕྱིར་ལྡོག་ཅན་འབྲི་བའི་རྒྱུ་མཚན་རྣམས་གསུངས་ཡོད།
            གལ་ཏེ་གི་གུ་ཕྱིར་ལྡོག་པ་རྣམས་གི་གུ་ཐད་སོར་བྲིས་པ་ལས་སྒྲ་རིང་བའི་སྒོ་ནས་བཀླག་དགོས་པ་དང་། ཕྱིར་ལྡོག་དགོས་པའི་རྒྱུ་མཚན་ཡང་ལྟོས་བཅས་ཀྱི་སྒྲ་ཐུང་བར་བཀླག་དགོས་པའི་གི་གུ་ཐད་སོར་བྲིས་པ་དང་མི་ནོར་བའི་སླད་དུ་ཡིན་ན་འདི་གཉིས་དབྱངས་ཡིག་མི་འདྲ་བ་གཉིས་ཡིན་དགོས་ཀྱང་《གཙུག་ལག་ཁང་གི་ཆབ་འཐག་གི་གླ་སོགས་ཀྱི་རྩིས་ཐོ་》ཞེས་པ་ལས་བུར་བུན་གྱྀ་རྐྱེན་དུ་འཚལ། བུར་བུན་གྱི་རྒྱུ་ཁྲེ་རྒྱ་བྲེ་དོ་། སྀ་ཅུ་དང་ཨི་ཉང་ལ་གཐད།རྡུམ་པའི་འཚལ་མ་རྒྱུ་ལྔ་སླད་དུ་ཚལ། བུར་བུན་གྱི་སྟོན་མོ་ལ། གོ་གོན་དུ། ནས་རྒྱ་བྲེ་གསུམ་⑩ཞེས་དང་། 《གཡུ་རྨང་བཙན་གྱིས་ནང་རྗེ་བོ་བློན་བཙན་བཟང་ལ་མཆིད་གསོལ་བའི་ཡི་གེ་》ཞེས་པའི་ནང་དུ་ཡི་གེ་ཞེས་པའི་ཚིག་འབྲུ་འདི་ཉིད་ཤོག་ངོས་གཅིག་གི་ཡིག་ཕྲེང་བཅོ་ལྔའི་ནང་དུ་ལན་བཞི་བྱུང་བ་རྣམས་ནི་ཡི་གེ་ཞེས་དང་། ཡིགེ ཡྀ་གེཡི་གེ་⑾ཞེས་བྱུང་བ་དང་། 《རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག་》ཅེས་པ་ལས་ཞང་ལོན་གཡུའྀ་ཡྀ་གེ་པ་དང་།གཡུའྀ་ཡི་གེ་པ་སྟོང་མཉམ་བ་ཞིག་ལ་⑿ཞེས་བྱུང་བ་དེ་ལྟ་བུ་བགྲང་གིས་མི་ལངས་པས་ཚིག་ལྷུག་གི་དཀྱུས་སུ་བྱུང་བ་དེ་དག་ལ་སྒྲའི་རིང་ཐུང་གི་ཁྱད་པར་ཡོད་མེད་གནའ་ཡིག་གི་འབྲི་རྒྱུན་དངོས་ལ་གཞིགས་ནས་ཡིད་རྣལ་དུ་ཕབ་སྟེ་བསམ་གཞིགས་གནང་བ་ཡིན་ན་ལེགས་པར་རྟོགས་ནུས།གལ་ཏེ་དབྱངས་དེ་གཉིས་ལ་སྒྲ་གདངས་རིང་ཐུང་གི་ཁྱད་པར་ཡོད་ན་བོད་ཡིག་གསར་རྩོམ་གནང་སྐབས་ཀྱི་དཔེ་བལྟ་ཡུལ་ལེགས་སྦྱར་གྱི་དབྱངས་གསལ་གྱི་ཡི་གེ་ལྟར་དབྱངས་རིང་ཐུང་གི་གནད་ཨི་དང་ཨཱི་ཡིག་གཉིས་ཀྱི་བྲིས་གཟུགས་ཀྱིས་ཐད་ཀར་མཚོན་ཆོག་ཀྱང་དེ་ལྟར་མ་མཛད་པར་གི་གུ་ཕྱིར་ལོག་ཏུ་བྲིས་ནས་མི་ནོར་བའི་མཚན་མར་རློམ་པའི་དགོས་དོན་ཅི་ཡང་མེད་དོ།། གི་གུ་ཕྱིར་ལོག་མ་ལོག་གཉིས་དབྱངས་ཡིག་གཉིས་ལ་ངོས་བཟུང་ནས་དཔྱད་པ་བྱེད་པ་ནི་ལུང་རིགས་གང་ཐད་ནས་ཀྱང་མི་རིགས་ཏེ། རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཞབས་ཀྱིས་《ཐོན་མིའི་ཞལ་ལུང་》ལས་བོད་ཀྱི་ཡི་གེ་རྙིང་པའི་གི་གུ་ཕྱིར་ལོག་དང་མ་ལོག་པ་གཉིས་ལ་གདངས་ཀྱི་སྒོ་ནས་གོ་བ་སོ་སོར་ལེན་པའི་ཁུལ་གྱི་ངལ་བ་བྱེད་པ་ནི་མོ་གཤམ་གྱི་བུའི་མིག་འབྲས་གཉིས་ལ་ཆེ་ཆུང་ཡོད་མེད་དཔྱོད་པ་དང་འདྲ་བར་སེམས་སོ་⒀ཞེས་དོན་ལ་འབྱོར་ཞིང་ཁ་གསལ་བའི་དཔེ་ཡི་ཐོག་ནས་བཀའ་སློབ་བཀའ་དྲིན་དུ་བསྩལ་བ་འདི་ལ་ལེགས་པར་སོམས་ཤིག་དང་། འདི་ནི་དོན་གྱི་འགག་གནད་དངོས་ཇི་བཞིན་གསལ་བའི་རྡོ་རྗེའི་བཀའ་ཚིག་ཡིན་ནོ།།
            བཞི། 《བོད་ཀྱི་བརྡ་རྙིང་ཡིག་ཆའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐོར་གླེང་བ་》ཞེས་པ་ལས་གི་གུ་ཕྱིར་ལོག་པ་དེ་ཡང་གུག་གུ་མགྱོགས་བྲིས་བྱས་པ་ལས་ཐོན་པར་སྙམ་པའི་འདུ་ཤེས་སྐྱེས་ཏེ། འབྲི་རིམ་གཅིག་གིས་བྲིས་ཚེ་ཐོག་མ་ ིདང་ ེནས། བར་དུ་ ེདང་ ྀ། མཐའ་མར་ ྀདང་ ྀ་ལྟ་བུར་བྱུང་བ་ཡིན་པར་འདོད་⒁ཅེས་གསུངས་ཡོད།
ལུགས་འདིས་གི་གུ་ཕྱིར་ལོག་མ་ལོག་གཉིས་སྒྲ་དོན་གཅིག་ཏུ་དགོངས་མོད་ཀྱང་། གི་གུ་ཕྱིར་ལོག་པའི་འབྲི་རྒྱུན་འདི་བཞིན་གི་གུ་ཐད་སོར་བྲིས་པ་ཉིད་མགྱོགས་བྲིས་བྱས་པ་ལས་བྱུང་བའི་རང་ལུགས་བཞག་ཡོད་མོད། དེ་ཡང་འཐད་དཀའ་སྟེ་བོད་ཀྱི་གནའ་ཡིག་གི་ཡིག་གཟུགས་དངོས་ལ་ཇི་ཙམ་དཔྱད་ཀྱང་གི་གུ་ཕྱིར་ལོག་ཅན་དེ་དག་གི་གུ་ཐད་སོར་བྲིས་པ་དེ་ཉིད་མགྱོགས་བྲིས་བྱས་ནས་ཕྱིར་ལོག་ཅན་དུ་འགྱུར་བའི་སྐབས་གནའ་ཡིག་གི་འབྲི་ཚུལ་དངོས་རང་ལ་མི་སྲིད་པ་དང་། རང་རེས་ད་ལྟ་ཚོད་ལྟ་བྱས་ཏེ་ཇི་ལྟར་བྲིས་ཀྱང་དེ་ལྟར་འགྱུར་མི་སྲིད་པ་མྱོང་བ་མངོན་སུམ་གྱིས་ར་འཕྲོད་ལ། གི་གུ་འབྲི་རིམ་མམ་སྨྱུག་རིམ་གཅིག་གིས་བྲིས་ན་གཟུགས་ཕྱིར་ལོག་ཏུ་འབྱུང་བའི་སྐབས་མེད་ཅིང་། མགྱོགས་ཁྱད་ཀྱིས་འབྲི་ན་གི་གུ་ཐད་སོ་མ་ལ་ཡང་སྨྱུག་རིམ་གཅིག་གིས་འབྲི་ཆོག་པས་འབྲི་རིམ་གཅིག་གི་སླད་དུ་གི་གུ་ཕྱིར་ལྡོག་དགོས་པའི་དགོངས་ཚུལ་འདི་ནི་ལྟར་སྣང་གི་འཆད་ཚུལ་ཙམ་ལས་གནས་ལུགས་ཀྱི་དོན་དང་མཐུན་པའམ། ངེས་དོན་གྱི་གཏན་ཚིགས་སམ་ལུགས་ལ་འབྱོར་དཀའ་འོ།།
            ལྔ། བོད་ཀྱི་གནའ་ཡིག་ཞིབ་འཇུག་པ་སྟོབས་ལྡན་ལགས་ཀྱིས་དེང་དུས་ཤོག་དྲིལ་གྱི་ཡི་གེ་ཚད་མར་འཛིན་མཁན་དང་མི་འཛིན་མཁན་སོགས་སྣང་ཚུལ་སྣ་ཚོགས་ཡོད་རུང་། རྡོ་རིང་གི་ཡི་གེ་ནི་བཙན་པོའི་སྲིད་གཞུང་དངོས་ཀྱིས་བྲིས་པ་ཡིན་པས་ཡིག་མཁན་དེ་ཡི་གེ་ལ་བྱང་ཆ་ཆེ་བ་ཞིག་ཡིན་ངེས་པ་དང་། དེང་དུས་ཀྱང་གང་བྱུང་ཅི་འདོད་ཀྱིས་བྲིས་པ་མ་ཡིན་པ་འདིར་རྒྱས་སྤྲོས་བྱ་མི་དགོས་པ་དེ་ཡིན། ལྷག་པར་ཆེས་གནའ་དུས་ཀྱི་ཀློག་ལ་གདངས་དམ་ལྷོད་ཀྱི་རིག་པ་ཧ་ཅང་དར་སྲོལ་ཆེ་བར་བརྟེན་གནའ་དུས་ཀྱི་ཡི་གེ་ལ་དབྱངས་བཞི་ལས་ལྷག་པའི་ཡི་གེ་རྀ་ལྀ་གཉིས་དང་། ས་ད་དྲགས་ཀྱི་ཡི་གེ་སོགས་གང་སར་མཐོང་ཐུབ་ན་ཡང་ཕྱིས་སྐད་གསར་བཅད་དང་མིང་བརྡ་གཅིག་གྱུར། སྐད་ཆའི་འཕོ་འགྱུར་སྣ་ཚོགས་ཀྱི་ཁྲོད་ཡི་གེ་འགའ་ཞིག་རིམ་གྱིས་མི་མཁོ་བར་དོར་བ་འདྲ་⒂ཞེས་འགྲེལ་བརྗོད་གནང་ཡོད།
            དེ་ཡང་བོད་ཡིག་གི་སྔགས་ཡིག་ལ་གཟུངས་སྔགས་ཀྱི་ནུས་པ་མི་ཉམས་པའི་སླད་དུ་རྒྱ་གར་གྱི་དབྱངས་གསལ་ལྔ་བཅུ་པོ་རྣམས་ལ་ཁག་སོ་སོར་སྐད་དོད་ཀྱི་ཡིག་གཟུགས་ཆ་ཚང་བ་རེ་བོད་ཡིག་ལ་བཟོས་ནས་ཡོད་པ་མངོན་སུམ་མཐོང་ཆོས་ཡིན་ལ། དེ་དག་གི་ཀློག་ཚུལ་དང་འབྲི་རྒྱུན་རྒྱ་གར་གྱི་ཡི་གེའི་ཁྱད་ཆོས་དང་མཐུན་གང་ཐུབ་བྱེད་མོད། སྔགས་ཡིག་མ་ཡིན་པའི་རྒྱུན་སྤྱོད་ཀྱི་ཡི་གེར་རྒྱ་ཡིག་གི་དབྱངས་གསལ་དང་དོད་ཐུབ་པར་འབྲི་བའི་དགོས་པ་ཡེ་ནས་མ་གྲུབ་པས་རྀ་ལྀ་གཉིས་བོད་ཡིག་གི་དབྱངས་སུ་གྲུབ་དོན་ཅི་ཡང་མེད་དོ།། 《སུམ་རྟགས་ཀྱི་ཕྱི་མོ་འདི་ཉིད་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་མིན་སྐོར་གྱི་ཐོག་མའི་དཔྱད་པ་》ཞེས་པར་བོད་ཀྱི་དབྱངས་ཡིག་རྐྱང་པ་ཨི་ཨུ་ཨེ་ཨོ་ལ་གུག་གུ་སོགས་ཀྱི་བརྡ་ཆད་བྱས་པ་ཡིན་ནོ་ཞེས་དང་། ཤུགས་བསྟན་གྱིས་ཨ་ཡིག་དབྱངས་སུ་བགྲང་བས་དབྱངས་ལ་ཡི་གེ་ལྔ་ལས་བསྟན་མ་སོང་ཡང་། དོན་དུ་རྀ་དང་རཱྀ་གཅིག་ཏུ་བྱས་པའི་རྀ་ཡིག་དང་། ལྀ་དང་ལཱི་གཅིག་ཏུ་བྱས་པ་གཉིས་ལྀ། ཨཾ་དང་ཨ་གཉིས་གཅིག་ཏུ་བྱས་པས་ཨཾ་ཡིག་དང་། ཡང་ན་གཉིས་ཀ་རང་སོར་བཞག་པ་ལྟ་བུ་རིགས་པ་ལ་གྲུབ་སྟེ། དེ་མ་ཟད་ཆེས་གནའ་དུས་ཀྱི་སྐད་དང་བརྡའི་ཁྲོད་དུ་རྀ་ལྀ་གཉིས་ཀྱི་འཇུག་པ་མངོན་གསལ་ཆེ་བ་⒃ཞེས་གི་གུ་ཕྱིར་ལོག་ཅན་ནི་དབྱངས་ཡིག་རྀ་ལྀ་གཉིས་ཀྱི་ང་རོའི་འཇུག་ཚུལ་ཡིན་པའི་གསལ་འགྲེལ་གནང་ཡོད།འོན་ཀྱང་ཅུང་ཟད་ཅིག་བསམ་དགོས་པ་ཞིག་ནི་རྒྱ་གར་གྱི་དབྱངས་ཡིག་རྀ་ལྀ་གཉིས་གསལ་བྱེད་ཀྱི་སྲོག་ཏུ་བཞུགས་ཚེ་སྲཾསྐྲྀཏ་ལྟ་བུ་ལ་དབྱངས་རྀ་ཡིག་དང་། ཀླྀཀརེཎ་ལྟ་བུའི་ཀླྀ་ལ་དབྱངས་ལྀ་ཡིག་བཞུགས་ཡོད་པ་ཡིག་གཟུགས་རང་ངོས་ནས་དབྱངས་ཡིག་རྀ་ལྀ་གཉིས་ཀྱི་གཟུགས་ཀྱི་ཁྱད་པར་གསལ་བར་འབྱེད་ཐུབ་མོད་ཀྱང་། བོད་ཡིག་གི་གནའ་ཡིག་ལས་ཡྀ་འྀ་ནྀ་ཎྀ་ཀྱྀ་གྱྀ་མྱྀག་སོགས་ལ་དབྱངས་ཡིག་རྀ་ལྀ་གཉིས་ལས་གང་ཞིག་བཞུགས་ཡོད་པའི་ཁྱད་པར་ཡེ་ནས་གསལ་མི་ནུས་པས་རྣམ་རྟོག་འདིས་གི་གུ་ཕྱིར་ལོག་ཅན་གྱི་ཡི་གེའི་ཀློག་ཚུལ་སོ་སོར་འབྱེད་མི་ནུས་པའི་ནང་མཚང་མངོན་པར་གསལ་བར་འགྱུར་བ་དང་། དབྱངས་ཡིག་རྀ་རཱྀ་གཉིས་པོ་ནི་ལྕེ་རྩེ་སྟེང་དུ་བཀུག་སྟེ་རྐན་ལ་སྦྱར་བའི་བར་ནས་སྒྲ་དབྱུང་དགོས་པ་སྟེ་བོད་ཡིག་གི་དབྲི་ཞེས་པ་ལྟ་བུར་ཀློག་དགོས་ཤིང་། གོང་གསལ་ཡྀ་འྀ་ནྀ་ཎྀ་ཀྱྀ་གྱྀ་མྱྀག་སོགས་ཀྱི་དབྱངས་དང་གསལ་བྱེད་ཀྱི་སྒྲ་གདངས་གཅིག་ཏུ་བྱས་ནས་ཀློགས་ཤིག་དང་། སྒྲའི་གདངས་ཀྱི་རྣམ་པ་ཅི་ལྟ་བུ་ལ་འགྱུར་བ་རིགས་པས་དཔྱད་ན་དོན་ལ་གནས་དཀའ་བའི་ངེས་པ་བསྐྱེད་ནུས་སོ།། དབྱངས་ལྀ་ནི་ལྕེ་རྩེ་སོ་དང་ཉེ་བའི་བར་ནས་སྒྲ་དབྱུང་དགོས་པ་སྟེ་བོད་ཡིག་གི་སླི་ཞེས་པ་ལྟར་ཀློག་དགོས་པས་གོང་གསལ་ཡྀ་འྀ་ནྀ་ཎྀ་ཀྱྀ་གྱྀ་མྱྀག་སོགས་ཀྱི་དབྱངས་གསལ་གྱི་སྒྲ་གདངས་ལྷན་དུ་བཀླགས་ནས་སྒྲ་ཅི་འདྲར་འགྱུར་ལེགས་པར་སོམས་དང་། བོད་ཀྱི་གནའ་ཡིག་གི་གི་གུ་ཕྱིར་ལྡོག་པ་རྣམས་དབྱངས་ཡིག་རྀ་ལྀ་གཉིས་མ་ཡིན་པའི་གནད་གསལ་བར་འགྱུར་རོ།། གཞན་ཡང་རྀ་དང་རཱྀ་གཅིག་ཏུ་བྱས་པའི་རྀ་ཡིག་དང་། ལྀ་དང་ལཱྀ་གཅིག་ཏུ་བྱས་པ་གཉིས་ལྀ། ཨཾ་དང་ཨ་གཉིས་གཅིག་ཏུ་བྱས་པས་ཨཾ་ཡིག་ཅེས་གསུངས་ཤིང་། རྀ་དང་རཱི་གཉིས་དང་། ལྀ་དང་ལཱི་གཉིས་སྒྲའི་རིང་ཐུང་གི་ཁྱད་པར་ལ་གཞིགས་ནས་བོད་ཡིག་གི་གདངས་རིང་ཆ་ཅན་ཡིན་པས་དེ་གཉིས་ཀྱི་རྗོད་པ་གཅིག་ཏུ་བྱས་ནས་རྀ་དང་ལྀ་ལ་བྱས་པར་སྨྲས་ཀྱང་དེ་འདྲའི་མི་ཆོག་རྒྱུ་མེད་མོད། ཨཾ་དང་ཨ་གཉིས་གཅིག་ཏུ་བྱས་ནས་ཨཾ་ཡིག་ཅེས་གསུངས་ཀྱང་དབྱངས་ཡིག་འདི་གཉིས་ཀྱི་སྒྲ་གདངས་ལ་རིང་ཐུང་གི་ཁྱད་པར་ལས་ཡོངས་སུ་འདས་ནས་སྒྲའི་གདངས་ཀྱི་རྣམ་པའི་ཁྱད་པར་ཧ་ཅང་ཆེ་བས་རྗོད་པ་གཅིག་ཏུ་བྱས་པར་ཇི་ལྟར་སྨྲ། དེ་གཉིས་ཀྱི་རྗོད་ཚུལ་གཅིག་ཏུ་ཇི་ལྟར་བྱེད་རིགས་པ་ལེགས་པར་དཔྱོད་ཅིག དེས་ན་བོད་ཀྱི་གནའ་དུས་ཀྱི་སྐད་དང་བརྡའི་ཁྲོད་དུ་རྀ་དང་ལྀ་ཡིག་གཉིས་ཀྱི་སྒྲའི་གདངས་ཀྱི་ང་རོའི་འཇུག་པ་ཡོད་པ་ལུང་རིགས་གང་ཐད་ནས་བསྒྲུབ་དཀའ་འོ།། གཞན་ཡང་ཨཾ་དང་ཨ་གཉིས་གཉིས་ཀ་རང་སོར་བཞག་ན་ཁྱེད་ཀྱིས་འདོད་པའི་དབྱངས་ཡིག་བདུན་གྱི་གྲངས་འདྲེན་ནམ་དམ་བཅའ་རང་ཞིག་ཏུ་འགྱུར་ལ། ཁྱེད་ཀྱི་ལུགས་གཉིས་པར་བོད་ཡིག་ལ་དབྱངས་ཡིག་བརྒྱད་ཡོད་དགོས་པར་འགྱུར་མོད། དོན་ལ་ལུགས་འདི་ཡང་རྐང་པ་ཚུགས་མི་ཐུབ་པ་གཤམ་གྱི་སྒྲུབ་བྱེད་ལས་རྟོགས་ནུས་སོ།།
            《སུམ་རྟགས་ཀྱི་ཕྱི་མོ་འདི་ཉིད་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་མིན་སྐོར་གྱི་ཐོག་མའི་དཔྱད་པ་》ཞེས་པར་བསྟན་བཅོས་ཁག་ཅིག་ལས་ཀྱང་དྲང་པོ་བསྒྲེང་དང་བཀུག་པ་དང་། བསྟོད་པ་དང་ནི་སྨད་པ་དང་། བསྒྲིམས་དང་ལྷོད་པའི་ང་རོ་འབྱུང་ཞེས་རྀ་ལྀ་གཉིས་དབྱངས་ཀྱི་གྲས་སུ་འཇོག་པ་དང་། དེ་བཞིན་གནའི་བཙན་པོའི་དུས་ཀྱི་རྡོ་རིང་གི་ཡི་གེ་ལས་སྐྱིད་པའྀ་བཀའ་དྲིན་ནི་རབས་ཁྲྀའྀ་བར་དུ་ཐོབ། སྙན་པའྀ་སྒྲ་སྐད་ནྀ་གཉ་ཟླས་སླེབས་སོ་ཆོག་ཏུ་ཁྱབ་སྟེ། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་སྦྱར་ནས་གཙྀགས་བཅས་པ་འདྀ་ཞེས་དང་། བཙན་པོ་ཁྲྀ་སྲོང་ལྡེ་བཙན་ཐུགས་སྒམ་ལའ་བཀའ་གྲོས་གྱྀ་རྒྱ་ཆེ་བས། ཆབ་སྲྀད་གར་མཛད་དོ་ཅོག་དུའང་ལེགས་སྟེ། རྒྱའི་ཁམས་སུ་གཏོགས་པའྀ་ཡུལ་དང་མཁར་མང་པོ་བཅོམ་སྟེ་བསྡུས་ནས་སོགས་རྀ་ལྀའི་ཡི་གེ་སྟེ་གུག་གུ་ཕྱིར་ལོག་བྲིས་པ་ཧ་ཅང་མང་བ་དང་⒄ཞེས་དཔེ་དང་བཅས་པའི་སྒོ་ནས་གསུངས་ཀྱང་གོང་གསལ་སྨྲ་སྒོའི་ལུང་འདི་ནི་བོད་ཡིག་གི་དབྱངས་ཀྱི་གྲངས་འདྲེན་གསུངས་པ་མ་ཡིན་པས་ཕག་སྣ་གཡག་ལ་སྦྱོར་བའི་ཚུལ་དང་འདྲ་སྟེ། 《སྨྲ་སྒོ་མཚོན་ཆ་》ལས་དྲང་པོ་བསྒྲེང་དང་བཀུག་པ་དང་། བསྟོད་པ་དང་ནི་སྨད་པ་དང་། བསྒྲིམས་དང་ལྷོད་པའི་ང་རོ་འབྱུང་⒅ཞེས་དང་། དེར་མཐུད་ནས་《སྨྲ་སྒོ་》ལས་དྲང་པོ་བཀུག་དང་སྨད་པ་དང་། བསྒྲིམས་པ་དང་ནི་གློད་པ་ལ། གྲྭར་དང་ཙྭང་གིས་ཕྱེ་བ་དང་། བསྒྲེང་དང་བསྒྲེངས་ཏེ་བཀུག་པ་དང་། བསྟོད་དང་བསྟོད་དེ་སྨད་པ་དང་། སྣ་ལྡན་རྣམ་པར་བཅད་པ་ཡིས། ང་རོ་བཅུ་དྲུག་དག་ཏུ་འདོད་⒆ཅེས་འབྱུང་བས་དེ་བོད་རང་གི་དབྱངས་ཀྱི་གྲངས་ངེས་བཤད་པའི་ཁུངས་རྣམ་དག་ཡིན་ན་བོད་ཡིག་ལ་དབྱངས་བཅུ་དྲུག་ཡོད་པར་འདོད་དགོས་སོ།།《སུམ་རྟགས་ཀྱི་ཕྱི་མོ་འདི་ཉིད་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་མིན་སྐོར་གྱི་ཐོག་མའི་དཔྱད་པ་》ཞེས་པར་ལྷག་པར་ཆེས་གནའ་དུས་ཀྱི་ཀློག་ལ་གདངས་དམ་ལྷོད་ཀྱི་རིག་པ་ཧ་ཅང་དར་སྲོལ་ཆེ་བར་བརྟེན་གནའ་དུས་ཀྱི་ཡི་གེ་ལ་དབྱངས་བཞི་ལས་ལྷག་པའི་ཡི་གེ་རྀ་ལྀ་གཉིས་དང་། ས་ད་དྲགས་ཀྱི་ཡི་གེ་སོགས་གང་སར་མཐོང་ཐུབ་ན་ཡང་ཕྱིས་སྐད་གསར་བཅད་དང་མིང་བརྡ་གཅིག་གྱུར། སྐད་ཆའི་འཕོ་འགྱུར་སྣ་ཚོགས་ཀྱི་ཁྲོད་ཡི་གེ་འགའ་ཞིག་རིམ་གྱིས་མི་མཁོ་བར་དོར་བ་འདྲ་⒇ཞེས་གསུངས་ཀྱང་བོད་གནའ་དུས་ཀྱི་ཀློག་ལ་གདངས་དམ་ལྷོད་ཀྱི་རིག་པ་ཧ་ཅང་དར་སྲོལ་ཆེ་སྲིད་ན་ཡང་། བོད་སྐད་ཀྱི་ང་རོ་ལ་དབྱངས་རྀ་ལྀ་གཉིས་ཀྱི་འཇུག་པ་ཡོད་པ་བསྒྲུབ་དཀའ་བ་དང་། དུས་དེར་ཚིག་ལྷུག་ལ་ཡང་རྒྱ་གར་གྱི་སྡེབ་སྦྱོར་ལུགས་ཀྱི་ཚིགས་བཅད་ལྟར་གདངས་དམ་ལྷོད་དང་ཡི་གེ་ལྕི་ཡང་སོགས་ཀྱི་སྒྲའི་ཁྱད་པར་ཕྲ་ཞིང་ཞིབ་པའི་རིགས་ལམ་གྱི་འགྲོས་ཡོད་མེད་ནི་ཡི་གེ་དེ་དག་གི་དག་ཆ་དང་། གོང་འོག་གི་ཚིག་གཅིག་པའི་ཡི་གེའི་འབྲི་ལུགས་མི་འདྲ་བ་སོགས་ལས་ལམ་ཙམ་དཔོག་ནུས་ཏེ་《ཁྲང་ཆིང་མཐུན་འབྲེལ་རྡོ་རིང་》ལས་གཙྀགས་ཀྱྀ་ཡྀ་གེ་ཞེས་དང་། གཙྀགས་ཀྱི་ཡྀ་གེ་ཞེས་བྲིས་པ་རྣམས་ལ་གོང་གསལ་གྱི་གདངས་དམ་ལྷོད་ཀྱི་ཁྱད་པར་གང་འདྲ་ཡོད་མེད་བརྟག་ཅིང་དཔྱད་ན་ངེས་པར་རྟོགས་པར་འགྱུར་རོ།།
            དྲུག 《གནའ་བོའི་ཡིག་རྙིང་གི་བརྡ་སྤྲོད་ཆོས་ཉིད་སྐོར་རགས་ཙམ་གླེང་བ་》ཞེས་པ་ལས་དབྱངས་ནི་ཡི་གེའི་སྲོག་ཏུ་འདོད་པས་གི་གུ་ཕྱིར་ལོག་མ་ལོག་གི་དབྱངས་སྒྲ་ཡང་མི་མཚུངས། བོད་དུ་རྒྱ་གར་ནང་བཞིན་དབྱངས་འགྲོས་ལ་ཞིབ་ཆ་ཆེན་པོ་མེད་ཀྱང་(21)ཞེས་གི་གུ་ཕྱིར་ལོག་མ་ལོག་གཉིས་ཀྱི་སྒྲ་འདོན་ཚུལ་མི་མཚུངས་པའི་རང་ལུགས་བཞག་ཡོད་ཅིང་། དེར་མཐུད་ནས་གི་གུ་ཕྱིར་ལོག་གཉིས་མཉམ་དུ་སྦྱར་ན་དབྱངས་འགྲོས་སྙན་ཉམས་འབྱུང་བར་གནོད། སྡེབ་སྦྱོར་རིག་པར་མཚོན་ན། གཙོ་བོ་དབྱངས་ཀྱི་སྡེབ་སྦྱོར་ཡིན་ལ། དབྱངས་འདྲ་བ་གཉིས་མཉམ་པར་སྦྱར་ནའང་སྡེབ་སྦྱོར་ཉམས་པའི་སྐྱོན་འབྱུང་། དབྱངས་འདྲ་མིན་སྣ་ཚོགས་རྒྱ་མཚོའི་རླབས་ལྟར་སྦྱར་ནས་བཏོན་ན་བདེ་ཞིང་ཉན་ན་སྙན་པའི་འགྱུར་ཁུགས་ཀྱིས་ཕྱུག་པས། ཡིག་རྙིང་སོགས་ཀྱི་ནང་དུའང་གི་གུ་གཉིས་མཉམ་པར་ཡོད་པ་སྔ་མ་ཕྱིར་ལོག་དང་། རྗེས་མ་ཕྱིར་ལོག་མིན་པ་སྦྱར་བ་མང་སྟེ། ཏུན་ཧོང་ཡིག་རྙིང་གི་འོ་དེ་སྤུ་རྒྱལ་བའི་གདུང་རབས་བརྗོད་པའི་ནང་ཁྲིའི་བདུན་ཚིགས་ཀྱྀ་སྲས། ཁྲི་ཉག་ཁྲྀ་བཙན་པོ། གནམ་གྱྀ་ནི་དབུས། སའྀ་ནི་དཀྱིལ། གླྀང་གི་སྙིང་པོ། བོད་ཀ་གཡག་དྲུག་གྀ་རྗེར་གཤེགས་སོ་(22)ཞེས་དཔེར་བརྗོད་དང་བཅས་པའི་སྒོ་ནས་རང་ལུགས་གསལ་འགྲེལ་གནང་ཡོད།
            དབྱངས་གཉིས་མཉམ་གཤིབ་ཏུ་གནས་ཀྱང་དབྱངས་འགྲོས་ཀྱི་སྙན་ཆ་ལ་གནོད་པའི་ངེས་པ་མེད་པ་ཧྲིལ་ཧྲིལ་དང་། རྫིག་རྫིག་ལེགས་ལེགས་བཞིན་ནོ།། དཔེར་ན་འཇམ་མགོན་བླ་མས་དེ་བས་བསམ་པ་བཟང་པོའི་སེམས་བསྐྱེད་བསྐྱེད། སེམས་འདི་དགེ་ན་དལ་འབྱོར་དོན་ཡོད་ཡོད། སེམས་འདི་མི་དགེ་དལ་འབྱོར་དོན་མེད་མེད། སེམས་འདི་དགེ་བར་གྱིས་དང་གྲོགས་ཀུན་ཀུན། དགེ་སེམས་རང་ནས་གསུང་རབ་ཚིག་དོན་དེ། ཐོག་མར་ཐོས་དང་བསམ་པས་སྒྲོ་འདོགས་ཆོད། ཕྱི་ནས་ཐོས་བསམ་སྒྲོ་འདོགས་ཆོད་བཞིན་དུ། དབེན་པར་སོང་སྟེ་བསྒོམས་ན་དོན་ཡོད་དོ་(23)ཞེས་སོགས་ཀྱང་དབྱངས་འགྲོས་ཀྱི་སྙན་ཆ་ལ་གནོད་པ་དང་ལྡན་པར་ཐལ། དབྱངས་གཉིས་མཉམ་གཤིབ་ཏུ་གནས་པའི་ཕྱིར། སྡེབ་སྦྱོར་རིག་པར་མཚོན་ན། གཙོ་བོ་དབྱངས་ཀྱི་སྡེབ་སྦྱོར་ཡིན་ལ། དབྱངས་འདྲ་བ་གཉིས་མཉམ་པར་སྦྱར་ནའང་སྡེབ་སྦྱོར་ཉམས་པའི་སྐྱོན་འབྱུང་ཞེས་གསུངས་ཀྱང་ག་ལ་འཐད་དེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཕུལ་བྱུང་གཞུང་ལུགས་གསུང་ཀུན་ཉུང་ངུ་བསྡུས། མི་ཡི་རིགས་ཀྱིས་གཟིགས་ཕྱིར་ཚིག་འདི་བྲིས། ལེགས་ཤེས་བདེན་སེམས་བསྐྱེད་དེ་ཆེས་ཆེར་འཕེལ། བློ་གྲོས་ཡོད་ཚོས་དགོངས་མོད་དོན་གོ་ཚངས་(24)ཞེས་བརྩམས་པ་སོགས་ལ་སྡེབ་སྦྱོར་ཉམས་པའི་སྐྱོན་འབྱུང་བར་ཐལ། དབྱངས་འདྲ་བ་གཉིས་མཉམ་པར་སྦྱར་ན་སྡེབ་སྦྱོར་ཉམས་པའི་སྐྱོན་འབྱུང་བར་ཁྱེད་ཀྱིས་འདོད་པའི་ཕྱིར། དེ་དང་འདྲ་བར་སྙན་ངག་སྨྲ་བའི་གཙུག་རྒྱན་ཞང་ཞུང་ཆོས་དབང་གྲགས་པས་《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་དངགས་ཀྱི་བསྟན་བཅོས་དྲི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངས་》དུ་མིང་རིས་པིར་གྱིས་རིང་ཞིག་བྲིས། ཆུ་རྒྱུན་བྲུབ་དུས་ཆུང་ངུར་བྱུང་། དེ་ཤེས་མེད་དེ་སེམས་མེད་དེ།མོ་མཆོག་ཡོད་དོ་ཅོག་ཐོས་སྒྲོགས་(25)ཞེས་སོགས་དང་། སྙན་ངག་གི་དབྱངས་སོགས་ངེས་པའི་བྱ་དཀའ་བའི་རྩོམ་ལུགས་ཀྱི་རིགས་ཀུན་ལ་ཁྱེད་ལྟར་ན་སྡེབ་སྦྱོར་ཉམས་པའི་སྐྱོན་འབྱུང་དགོས་པར་འགྱུར་ཡང་། དེ་ལྟར་མ་ཡིན་པར་རྩོམ་ཉམས་རྨད་དུ་བྱུང་བ་ཐོན་ཡོད་པ་གནའ་དེང་གི་མཁས་གྲུབ་ཀུན་ལ་ཡོངས་སུ་གྲགས་ཤིང་དོན་ལའང་གྲུབ་པ་དེ་ལྟར་ཡིན་ནོ།། དེས་ན་ཡིག་རྙིང་དུ་གི་གུ་ཕྱིར་ལོག་མ་ལོག་གཉིས་ལྷན་དུ་བྱུང་བ་དབྱངས་མི་གཅིག་པའི་འདོད་ཚུལ་གྱི་སྒྲུབ་བྱེད་དུ་སྡེབ་སྦྱོར་རིག་པའི་ལྟ་བས་སྒྲུབ་ཁུལ་གནང་མོད། སྡེབ་སྦྱོར་གྱི་སྙན་ཆ་གཏོད་པ་ལ་དབྱངས་དང་སྐྱེ་གནས་མཚུངས་མི་མཚུངས་སྣ་ཚོགས་ཡོད་བཞིན་དུ་དབྱངས་འདྲ་བ་གཉིས་མཉམ་པར་སྦྱར་ན་སྡེབ་སྦྱོར་ཉམས་པའི་སྐྱོན་འབྱུང་བར་སྨྲས་པ་མི་འཐད་པ་དང་། དབྱངས་འདྲ་མིན་སྣ་ཚོགས་རྒྱ་མཚོའི་རླབས་རྒྱུན་ལྟར་སྦྱར་ནས་བཏོན་ན་བདེ་ཞིང་ཉན་ན་སྙན་པའི་འགྱུར་ཁུགས་ཀྱིས་ཕྱུག་པས། ཡིག་རྙིང་སོགས་ཀྱི་ནང་དུའང་གི་གུ་གཉིས་མཉམ་པར་ཡོད་ན་སྔ་མ་ཕྱིར་ལོག་དང་། རྗེས་མ་ཕྱིར་ལོག་མིན་པར་སྦྱར་བ་ཁོ་ན་མིན་པའང་རང་རེས་ཡིག་རྙིང་དེ་དག་ལ་ཞིབ་ཏུ་བལྟས་ན་ཤེས་ནུས་སོ།།
            བདུན། 《གནའ་བོའི་ཡིག་རྙིང་ཁྲོད་ཀྱི་བརྡ་སྤྲོད་པའི་གྲུབ་ཆ་རེ་འགའི་སྐོར་རགས་ཙམ་གླེང་བ་》ཞེས་པར་ཐོན་མི་རང་གི་གསུང་མགུར་དུ་རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། བོད་ཡིག་སུམ་ཅུར་གཏན་ལ་ཕབ་ཅེས་གསུངས་ཡོད་པས་རྒྱ་ཡིག་ལྔ་བཅུ་ཡིན་ན་དབྱངས་བཅུ་དྲུག་ཏུ་ངེས་དགོས་པ་ལས་དབྱངས་བདུན་ངེས་ན་རྒྱ་ཡིག་ལྔ་བཅུ་མི་ལོན་པའི་སྐྱོན་འབབ་བོ།། དེ་བས་བོད་ཀྱི་དབྱངས་ལས་འོས་མེད་ལ། ད་ལྟ་ཀུན་གྱིས་སྤྱོད་བཞིན་པའི་ཡི་གེ་དང་སྦྱར་ན་མི་མཐུན་པ་ཡོད་ཀྱང་བཙན་པོའི་སྐབས་ཀྱི་གནའ་བོའི་ཡིག་རྙིང་དང་གཞི་གཅིག་ཏུ་བསྡུས་ན་འབྲེལ་མི་ཆགས་པ་མེད་པར་སྙམ།《སྨྲ་སྒོ་》ལས་དྲང་པོ་བསྒྲེང་དང་བཀུག་པ་དང་། བསྟོད་པ་དང་ནི་སྨད་པ་དང་། བསྒྲིམས་དང་གློད་པའི་ང་རོ་འབྱུང་ཞེས་ཨ་ཨི་ཨུ་ཨེ་ཨོ་རྀ་ལྀ་བཅས་ཀྱི་སྒྲའི་གདངས་ཀྱི་ཁྱད་ཆོས་གསལ་པོར་བྱས་ནས་དབྱངས་ཀྱི་རྣམ་གཞག་མཛད་ཡོད་(26)ཅེས་《སྨྲ་སྒོ་》རུ་དྲང་བ་དང་། བསྒྲེང་བ། བཀུག་པ།བསྟོད་པ། སྨད་པ། བསྒྲིམས་པ། གློད་པ་བཅས་དབྱངས་ཀྱི་གྲངས་བདུན་ལས་བསྟན་མེད་པར་འདོད་ཀྱང་། དེ་ནི་ང་རོ་འབྱིན་ཚུལ་གྱི་སྒོ་ནས་བདུན་དུ་བསྡུས་པ་ཙམ་ལས་རྒྱ་གར་གྱི་དབྱངས་ཡིག་ལ་གྲངས་བདུན་རང་ལས་མེད་པའི་ཐག་བཅད་པ་གཏན་ནས་མ་ཡིན་ལ། བོད་ཀྱི་དབྱངས་ཡིག་ལ་གྲངས་བདུན་ཡོད་པར་བསྟན་པའི་ཁུངས་ནི་དེ་བས་ཀྱང་མ་ཡིན་ནོ།། གཞུང་དེ་རང་ན་ཚིག་དེར་མཐུད་ནས་དྲང་པོ་བཀུག་དང་སྨད་པ་དང་། བསྒྲིམས་པ་དང་ནི་གློད་པ་ལ། གྲྭར་དང་ཙྭང་གིས་ཕྱེ་བ་དང་། བསྒྲེང་དང་བསྒྲེངས་ཏེ་བཀུག་པ་དང་། བསྟོད་དང་བསྟོད་དེ་སྨད་པ་དང་། སྣ་ལྡན་རྣམ་པར་བཅད་པ་ཡིས། ང་རོ་བཅུ་དྲུག་དག་ཏུ་འདོད་ཅེས་རྒྱས་པར་ཕྱེ་ན་དབྱངས་ཀྱི་གྲངས་བཅུ་དྲུག་ཏུ་གསུངས་ཡོད་པས་དབྱངས་བདུན་ཡིན་པའི་ཤེས་བྱེད་དུ་དྲངས་པ་ནི་མངོན་སུམ་ལ་བསྙོན་པ་རང་དུ་ཟད་དོ།། དེར་མ་ཟད་གལ་ཏེ་ཁུངས་འདི་ཉིད་བོད་ཡིག་གི་བརྡ་སྤྲོད་རིག་པའི་གཞུང་འབའ་ཞིག་ཏུ་ཞེན་ནས་དབྱངས་གསལ་གྱི་གྲངས་ངེས་ལ་དཔྱད་པ་བྱས་ན་ང་རོ་བཅུ་དྲུག་དག་ཏུ་འདོད་ཅེས་པས་བོད་ཀྱི་དབྱངས་ཡིག་ལ་གྲངས་བཅུ་དྲུག་ཏུ་འདོད་དགོས་པ་དང་། གནས་ཀྱི་ཡི་གེ་སུམ་ཅུ་བཞི་ཞེས་པས་གསལ་བྱེད་ཀྱི་གྲངས་སོ་བཞིར་འདོད་དགོས་པར་འགྱུར་བས་འཕགས་བོད་ཀྱི་དབྱངས་གསལ་གྱི་ཡི་གེའི་གྲངས་འདྲེན་འཛོལ་བ་རྟོགས་སླ། སྨྲ་སྒོའི་ལུང་དེ་བོད་ཡིག་གི་དབྱངས་གསལ་གྱི་གྲངས་ངེས་བསྟན་པའམ་བོད་སྐད་ཀྱི་འཇུག་པ་གསལ་བའི་བརྡ་སྤྲོད་རིག་པའི་གཞུང་ཡིན་པར་རློམ་ཡང་འཇམ་མགོན་ས་སྐྱ་པཎ་ཊི་ཏས་《རོལ་མོའི་བསྟན་བཅོས་》ལས་སྨྲ་སྒོ་ལས་བསྒྲིམས་དང་གློད་ལ་རིང་པོ་མེད་ཅེས་འདོན་པ་ལྟར་ན་ལྀ་ལ་རིང་པོ་མེད་པར་འཆད་པ་དེ་ནི་པཎ་ཊི་ཏས་བརྗོད་པའི་དོན་ཡི་གེ་པས་ནོར་བར་བྲིས་པ་ཡིན་ནོ།། འདིར་སྒྲའི་བསྟན་བཅོས་ཀ་ལཱ་བ་དང་། ཙན་དྲ་བ་དང་པཱ་ནྀ་ནི་ལ་སོགས་པ་དང་། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ལ་སོགས་པ་མཐའ་དག་ལས་ལྀ་ལ་རིང་པོ་མེད་མོད་ཀྱི། རྀ་ལ་གསུང་ཀ་ཚང་བར་ཡོད་པར་བཤད་དོ་(27)ཞེས་གསུངས་པ་ལས་སྨྲ་སྒོའི་ཚིག་འདི་དག་བོད་ཡིག་གི་དབྱངས་གསལ་གྱི་གྲངས་ངེས་བསྟན་པ་ཡིན་ནམ་རྒྱ་གར་གྱི་དབྱངས་གསལ་གྱི་དབང་དུ་བྱས་པ་གང་ཡིན་ཆེས་ཤིན་ཏུ་གསལ་བས་སོ།། 《གནའ་བོའི་ཡིག་རྙིང་ཁྲོད་ཀྱི་བརྡ་སྤྲོད་པའི་གྲུབ་ཆ་རེ་འགའི་སྐོར་རགས་ཙམ་གླེང་བ་》ཞེས་པར་དེའི་ཁྲོད་ཀྱི་ར་དང་ལ་ཡིག་ནི་བརྗོད་དོན་རྗེས་འབྲེལ་དུ་བྱས་པའི་ཕྱིར་དབྱི་བར་བྱའོ་(28)ཞེས་འཕགས་བོད་ཀྱི་དབྱངས་ཡིག་གི་སྦྱོར་ཚུལ་འགའི་སྣང་ཚུལ་ལ་རིགས་འགྲེ་བྱས་མོད་ཀྱང་། རིགས་འགྲེ་ཐལ་ཆེ་དྲགས་པ་ཡིན་ཏེ་རྀ་ལྀ་གཉིས་ཀྱི་ར་ལ་གཉིས་བརྗོད་དོན་རྗེས་འབྲེལ་དུ་བྱས་པའི་ཕྱིར་དབྱི་ན་གནམ་གྱྀ་ནི་དབུས། སའྀ་ནི་དཀྱིལ། གླྀང་གི་སྙིང་པོ་ཞེས་གི་གུ་ལོག་པ་དག་ཁྱོད་ལྟར་ན་ཡང་སྙིང་དབྱངས་ཡིག་རྀ་ཡིག་ཡིན་ནམ། ལྀ་ཡིག་གང་ཡིན་གྱི་རྣམ་དབྱེ་ཅི་ཡང་འབྱེད་མི་ཤེས་པར་འགྱུར་བའི་སྐྱོན་རང་ཐོག་ཏུ་འབབ་པར་མི་འགྱུར་གྲང། ལེགས་སྦྱར་གྱི་ཡི་གེ་ལ་དབྱངས་རྀ་ལྀ་གཉིས་གང་ཡིན་ཡང་དབྱངས་སྲོག་བཞུགས་སུ་ཡོད་ཕྱིན་དེ་གཉིས་ཀྱི་ཁྱད་པར་མི་འཛོལ་བར་སོ་སོར་གསལ་བར་འབྱེད་ཐུབ་པ་གཞུང་དེ་དག་ལ་རྒྱུས་མངའ་ཅུང་ཟད་ཡོད་པས་ཀྱང་ཤེས་ཤིང་། བོད་ཡིག་གི་དབྱངས་ཡིག་ཨི་ཨུ་སོགས་ཀྱི་ཨ་ཡིག་བརྗོད་དོན་རྗེས་འབྲེལ་དུ་བྱས་ནས་དབྱི་རིགས་ཀྱང་རྀ་ལྀ་གཉིས་ཀྱི་ར་ཡིག་དང་ལ་ཡིག་ཀྱང་རིགས་འགྲེ་ཐལ་ཆེ་ནས་དབྱི་རིགས་པར་རློམ་ན་ཁྱེད་ཀྱིས་འདོད་པའི་བོད་ཀྱི་དབྱངས་དེ་གཉིས་དངོས་སུ་སྤྱོད་ཚེ་གླྀང་གི་སྙིང་པོ་ཞེས་པའི་གི་གུ་ལོག་པ་འདི་ཁྱོད་ལྟར་ན་རྀ་ལྀ་གཉིས་ལས་དབྱངས་གང་ཞིག་བཞུགས་ཡོད་པའི་ཁྱད་པར་གཏན་ནས་མི་གསལ་བས་སོ།།
            བརྒྱད། རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཞབས་ཀྱིས་འོ་ན་སྔོན་གྱི་ཡི་གེ་རྙིང་པ་རྣམས་སུ་གི་གུ་ཕྱིར་ལོག་ཅན་མང་དུ་བྲིས་ཡོད་པ་དེ་ལ་དགོས་པ་དང་རྒྱུ་མཚན་ཅི་ཡོད་ཅེ་ན། འདི་ལྟར་ལེགས་སྦྱར་གྱི་ལཉྫ་དང་ཝརྟུ་གང་ཡིན་ཡང་རུང་། དབྱངས་ཨི་ཐུང་གི་སྐབས་སུ་ཡི་གེའི་གཡས་སུ་གི་གུ་འབྲི་དགོས་པ་དཔེར་ན་(ཀི)འདི་ལྟ་བུ་དང་།དབྱངས་ཨཱི་རིང་གི་སྐབས་སུ་གི་གུ་ཡི་གེའི་གཡོན་དུ་འབྲི་དགོས་པ་དཔེར་ན་(ཏཱ)འདི་ལྟ་བུ་ཡིན་ལ། ཐོན་མིས་བོད་ཡིག་ཐོག་མར་གསར་བཟོའི་སྐབས་སུ་ཚུལ་དེ་དང་མཐུན་པར་དབྱངས་ཨི་ཐུང་ཅན་ལ་གི་གུ་ཡི་གེའི་ཀླད་ནས་ལན་ཝར་ལྟར་དུ་ཕྱིར་ལོག་ཏུ་འབྲི་བ་དཔེར་ན་ཀྀ་འདི་ལྟ་བུ་ཡིན་ངེས་ཤིང་། བོད་ཀྱི་དབྱངས་ཨཱི་རིང་ལ་གི་གུ་ཕར་ལོག་ཚུར་ལོག་ཙམ་གྱིས་བྱ་བ་དེ་མི་འགྲུབ་པས་ཡི་གེའི་གཤམ་དུ་འ་ཆུང་འདོགས་དགོས་པར་བཟོས་པ་དཔེར་ན་ཀཱི་འདི་ལྟ་བུ་སྟེ། གནད་དམ་པ་འདིའི་དབང་གིས་རིམ་གྱིས་བོད་ཡིག་ལ་གི་གུ་ཕྱིར་ལོག་ཅན་མཁོ་མེད་དུ་གྱུར། དེ་ལྟར་ནའང་སྔོན་གྱི་འབྲི་སྟངས་ལག་བྱང་ལ་སོང་བའི་རྐྱེན་གྱིས་བསྟན་པ་ཕྱི་དར་གྱི་འགོ་ཚུགས་པ་ནས་ཀྱང་ཡུན་རིང་རབ་ཅིག་ལ་ལག་བྱང་གི་འབྲི་སྟངས་དེ་རྒྱུན་འབྱམས་སུ་ལུས་པ་མ་གཏོགས།དགོས་པ་གཞན་ཅི་ཡང་མེད་པར་འཁུམས་སོ།།(29)ཞེས་དབྱངས་ཨི་ཡིག་ཕྱིར་ལོག་ཏུ་འབྲི་བའི་རྒྱུ་མཚན་དངོས་བསྟན་པ་ཡིན་ཞིང་། དེའི་སྒྲ་གདངས་ཀྱི་ང་རོ་འཇུག་ཚུལ་ཡང་ཨི་ཉིད་ཡིན་པར་གསུངས་ཏེ། ཐོན་མིས་བོད་ཡིག་ཐོག་མར་གསར་བཟོའི་སྐབས་སུ་ཚུལ་དེ་དང་མཐུན་པར་དབྱངས་ཨི་ཐུང་ཅན་ལ་གི་གུ་ཡི་གེའི་ཀླད་ནས་ལན་ཝར་ལྟར་དུ་ཕྱིར་ལོག་ཏུ་འབྲི་བར་མཛད་པས་གི་གུ་ཕྱིར་ལོག་ཅན་གྱི་འབྲི་རྒྱུན་འདི་བྱུང་བས་སོ།། བོད་ཡིག་ལ་དབྱངས་ཡིག་རྐྱང་པ་ངག་ནས་བརྗོད་དུ་མེད་པས་དེ་ཉིད་ངག་ནས་བརྗོད་པའི་སླད་དུ་ཨི་དང་། ཡང་ན་ཨྀ་ཞེས་འབྲི་ཡང་གསལ་བྱེད་རྣམས་དང་སྦྱར་ནས་འབྲི་བའི་ཚེ་ཨ་ཡིག་ཉིད་བརྗོད་དོན་རྗེས་འབྲེལ་གྱི་དབང་གིས་དབྱི་བར་བྱས་པས་ཡྀ་འྀ་ནྀ་ཎྀ་ཀྱྀ་གྱྀ་ཞེས་གྲུབ་པ་ཡིན་ནོ།། འོ་ན་གི་གུ་ཕྱིར་ལོག་ཅན་གྱི་འབྲི་སྲོལ་བྱུང་བ་དེ་ཡིས་གྲུབ་མོད། གི་གུ་ཐད་སོར་འབྲི་སྲོལ་འབྱུང་ཚུལ་ཇི་ལྟ་བུ་ཡིན་ཞེ་ན་བོད་ཡིག་གི་གདངས་རིང་ཆ་ཅན་ཡིན་པས་རྗོད་པ་རིང་ཐུང་འདྲ་བའམ་མཉམ་པར་གཅིག་གིས་འཐུས་པས་ཨི་དང་ཨྀ་ཞེས་ཞེས་འབྲི་རྒྱུན་གཉིས་སློབ་དཔོན་ཐོན་མིའི་སྐུ་དུས་ནས་བྱུང་བ་ཡིན་ཏེ།《ཡི་གེ་བཀླག་ཐབས་བྱིས་པ་བདེ་འཇུག་》ལས་ཨ་ནི་རང་ཉིད་བརྗོད་རུང་བས། སེང་གེ་ལྟ་བུའི་ཨ་ཞེས་བྱ། ཨི་ཨུ་ཨེ་ཨོ་ཡན་ལག་ཕྱིར། ཡན་ལག་གི་ནི་ཨ་ཞེས་བྱ། སེང་གེ་འདྲ་དང་བརྒྱ་བྱིན་མིག། གླང་སྣ་འོད་མ་བསྒྲེང་འདྲ་བ།ཐང་གུག་དཔེ་ལྔས་བསྟན་པས་ན། སྟོང་ཆེན་ཡི་གེ་ལྔ་ཞེས་གྲགས་(30)ཞེས་གསུངས་པ་ལྟར་བརྒྱ་བྱིན་གྱི་མིག་ནི་གི་གུ་སྔ་ལོག་ཕྱི་ལོག་གཉིས་ཀྱི་འདྲ་དཔེ་ཡིན་ཏེ། ལྷའི་དབང་པོ་བརྒྱ་བྱིན་ལ་སྤྱན་མིག་གཉིས་ཡོད་པའི་ཆ་ནས་གུག་གུ་ལྡོག་པ་ཅན་ཨྀ་ཡིག་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་སྤྱན་མིག་གཡས་པ་དང་འདྲ་བ་དང་། གུག་གུ་ཐད་སོར་བྲིས་པ་ཨི་ཡིག་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་སྤྱན་མིག་གཡོན་པ་དང་འདྲ་བས་གུག་གུ་སྔ་ལོག་དང་ཕྱི་ལོག་གཉིས་ལ་བརྒྱ་བྱིན་གྱི་མིག་ཅེས་འདྲ་དཔེར་བཀོད་དོ།། ཨྀ་ཡིག་དང་ཨི་ཡིག་གཉིས་ལྷའི་དབང་པོ་བརྒྱ་བྱིན་གྱི་སྤྱན་མིག་གཡས་གཡོན་གཉིས་དང་འདྲ་བའི་ཁྱད་པར་ཙམ་ལས་དོན་བྱེད་ནུས་པའི་ཐད་ལ་ཁྱད་པར་ཅི་ཡང་མེད་(31)ཅེས་གསུངས་པ་ལྟར་དོན་སྟོན་ཚུལ་ལ་ཁྱད་པར་ཅི་ཡང་མེད་པ་མ་ཟད། རང་ལུགས་ལ་དབྱངས་ཨྀ་ཡིག་དང་ཨི་ཡིག་གཉིས་ལ་སྒྲའི་ང་རོ་འཇུག་ཚུལ་ལ་ཡང་ཁྱད་པར་གང་ཡང་མ་མཆིས་ཏེ། བོད་ཀྱི་ང་རོ་ཨཱི་རིང་ལ་གསལ་བྱེད་ཀྱི་གཤམ་འོག་ཏུ་འ་ཆུང་འདོགས་དགོས་ཤིང་། ཨི་ཡིག་ཐད་སོ་མར་བྲིས་པ་རྣམས་ནི་དབྱངས་ཨི་ཐུང་ཉིད་ཡིན་པ་ཞར་ལ་ཤེས་ནུས་སོ།། གཞན་ཡང་《ཡི་གེ་བཀླག་ཐབས་བྱིས་པ་བདེ་འཇུག་》ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་ཡིས། བོད་སྐད་ཡི་གེར་བསྡུས་པ་ལས། ཡི་གེའི་བྱེ་བྲག་དབྱེ་བ་དང་། གྲངས་ཀྱི་དབྱེ་བསྡུ་དེ་ལྟར་བཤད་(32)ཅེས་གི་གུའི་དབྱིབས་རིས་སོགས་བརྒྱ་བྱིན་གྱི་སྤྱན་དང་དབྱིབས་མཚུངས་ཚུལ་གྱི་གསུང་རྒྱུན་སློབ་དཔོན་མཁས་པ་རྣམས་ཀྱི་ཞལ་རྒྱུན་ལ་སྔ་མོ་ནས་ཡོད་ཅིང་། དེ་དག་གི་གསུང་རྒྱུན་དང་ཚུལ་མཐུན་པར་བྱིས་པ་བདེ་འཇུག་ཏུ་བཀོད་པ་ངང་གིས་རྟོགས་ནུས་སོ།། རྗེ་བཙུན་ཚེ་ཏན་ཞབས་དྲུང་མཆོག་གིས་《ཐོན་མིའི་ཞལ་ལུང་》ལས་དེ་དག་གི་གནད་མ་གོ་བར་བོད་ཀྱི་ཡི་གེ་རྙིང་པའི་གི་གུ་ཕྱིར་ལོག་དང་མ་ལོག་པ་གཉིས་ལ་གདངས་ཀྱི་སྒོ་ནས་གོ་བ་སོ་སོར་ལེན་པའི་ཁུལ་གྱི་ངལ་བ་བྱེད་པ་ནི་མོ་གཤམ་གྱི་བུའི་མིག་འབྲས་གཉིས་ལ་ཆེ་ཆུང་ཡོད་མེད་དཔྱོད་པ་དང་འདྲ་བར་སེམས་སོ།།(33)ཞེས་གསུངས་པ་འདི་ནི་དོན་ལ་གནས་པའི་མཁས་པ་ཆེན་པོའི་གསུང་ཡིན་ཏེ་གི་གུ་ཕྱིར་ལོག་མ་ལོག་གི་འབྲི་རྒྱུན་སྣ་ཚོགས་ཡོད་ཀྱང་གི་གུ་ཕྱིར་ལོག་ཅན་ནི་སྐད་གསར་བཅད་ཐེངས་གསུམ་པའི་སྐབས་ནས་འབྲི་རྒྱུན་མེད་པར་གྱུར་ཅིང་། སྔོན་གྱི་གི་གུ་ཕྱིར་ལོག་ཅན་རྣམས་ཀྱི་དོད་དུ་གཅིག་གྱུར་ངང་གི་གུ་ཐད་སོར་བྲིས་ཡོད་པ་འདིས་ཀྱང་ཨྀ་ཡིག་དང་ཨི་ཡིག་གཉིས་ཀྱི་སྒྲ་དོན་གང་ཐད་ལ་ཁྱད་པར་ཡེ་མེད་པའི་གནད་ཀ་གསལ་བར་བསྟན་ཡོད་པའང་རྟོགས་ཐུབ། དེ་ལྟར་མ་ཡིན་པར་དེ་གཉིས་ལ་སྒྲའི་ང་རོ་འཇུག་ཚུལ་གྱི་ཐད་ལ་ཁྱད་པར་ཡོད་ན་སྐད་གསར་བཅད་ཐེངས་གསུམ་པའི་དུས་སུ་དེ་གཉིས་གཞི་གཅིག་ཏུ་བསྡུ་མི་རུང་ཞིང་བསྡུ་ཡང་མི་སྲིད་ལ། ད་དུང་ཡང་རང་ལུགས་ཡིན་ཁུལ་གྱིས་ཨུ་ཚུགས་དང་བཅས་སྒྲའི་ང་རོ་དབྱུང་ཚུལ་གྱི་ཐད་ལ་ཁྱད་པར་ཡོད་པར་སྨྲ་ན་《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་》 ལས་དེ་ཁྱེད་གྱི་ལས་ཡྀན་སྙེམས་ཏེ། ཁྱོད་གྱྀ་ལས་མྱཻན་གྱྀས། འཕྲྀན་ལས་ངན་པ་འཕྲོ་བོར་ཅིག་(34)ཅེས་དང་། 《བློན་རབས་ཐོར་བུ་》ལས་དེ་འི་འོག་དུ་ཞེས་དང་།དེ་འྀ་འོག་དུ། དེའི་འོག་དུ་(35)ཞེས་ཤོག་ངོས་གཅིག་རང་གི་ཐོག་ཏུ་འབྲི་ཚུལ་མི་འདྲ་བ་ཁག་གསུམ་པོ་དེ་ཐེངས་བརྒྱད་ཐོན་པ་རྣམས་ལ་སྒྲའི་ང་རོ་འཇུག་ཚུལ་གྱི་ཐད་ལ་ཁྱད་པར་གང་དང་ཅི་འདུག་རེ་རེ་ནས་སྨོས་དང་། ལྷ་ཡིད་ཆེས་ཤིང་འདྲེ་ཁོ་ཐག་ཆོད་པའི་མཇུག་སྡོམ་ཞིག་ཡོང་རྒྱུ་ཡིན་པ་གདོན་མི་ཟའོ།། དེ་དང་འདྲ་བར་《ལྟ་བ་མདོར་བསྡུས་པ་ལས་བྱུང་བའྀ་མདོ་》ཞེས་པ་ལས་མྱི་བྱར་མྱི་རུང་ཞེ་ན། དེ་ལ་བཤད་པཱ། དེ་བཞིན་གཤེགས་པའྀ་བསྟན་པ་ཐམས་ཅད་ནི་(36)ཞེས་དང་།ཡང་དེ་ལས་ཁ་ཅིག་ན་རེ། ཐོས་པ་མང་པོར་མྱི་བྱར་མྱྀ་རུང་ངོ་ཞེ་ན། དེ་བཤད་པ། ལང་ཀར་གཤེགས་པའྀ་མདོ་ལས་(37)ཞེས་དང་། མྱི་བྱར་མྱི་རུང་བ་མྱེད་དོ། ཡང་ཁ་ཅིག་ན་རེ། སྡིག་པ་བཤགས་ཤྀང་འཐོལ་ཚངས་མྱི་བྱར་མྱྀ་རུང་ངོ་ཞེ་ན་(38)ཞེས་འཁོད་པ་རྣམས་ལ་སྒྲའི་སྙན་ཆ་འདོན་ཚུལ་དང་། སྒྲའི་ང་རོ་འཇུག་ཚུལ། སྒྲ་གདངས་ལྕི་ཡང་དང་དམ་ལྷོད་སོགས་ཀྱི་ཐད་ལ་ཁྱད་པར་འདུག་གམ་མི་འདུག དེ་མིན་《ལྟ་བ་མདོར་བསྡུས་པ་ལས་བྱུང་བའྀ་མདོ་》ཞེས་པ་དེ་རང་ལས་གལ་ཏེ་དམྱིག་པའྀ་ཚུལ་གྱིས་(39)ཞེས་དང་། ཡང་དེ་ལས་དམྱིགས་པའི་ཚུལ་གྱིས་(40)ཞེས་དང་། ཕ་རོལ་དུ་ཕྱིན་པ་(41)ཞེས་དང་། ཕ་རོལ་དུ་ཕྱྀན་པ་(42)ཞེས་གང་འདོད་དུ་བྲིས་པ་རྣམས་ལ་བློ་ཡིད་རྣལ་དུ་ཕབ་སྟེ་སེམས་གཟུ་བོས་ལེགས་པར་དཔྱོད་དང་། དེ་ནི་དབྱངས་ཡིག་གཅིག་གི་འབྲི་ཚུལ་མི་མཚུངས་པ་ཙམ་ལས་སྒྲ་དང་དོན་སྟོན་ཚུལ་གང་ས་ཅི་ཐད་ལ་མི་མཚུངས་པའི་རྣམ་དབྱེ་ཅི་ཡང་མེད་པ་ཉིད་བློ་ཚད་མའི་དམིགས་བྱར་གྱུར་པ་ལ་བསྙོན་པའི་གཏན་ཚིགས་ཅི་ཡང་མ་མཆིས་སོ།།
            འོ་ན་སྐད་གསར་བཅད་ཐེངས་གསུམ་པའི་དུས་སུ་ཨྀ་ཡིག་དང་ཨི་ཡིག་གཉིས་གཅིག་གྱུར་གྱིས་ཨི་ཡིག་ཁོ་ནས་འཐུས་པར་བྱེད་དོན་ཅི་ཡིན་ཞེ་ན་དེ་ནི་ཡིག་ཟོར་ཡང་དུ་བཏང་བ་ཙམ་མ་ཡིན་པར་སྔར་རྒྱུན་ལྟར་གི་གུ་ཕར་ལོག་ཚུར་ལོག་གི་འབྲི་རྒྱུན་གཅིག་གྱུར་མེད་པའི་ལག་རྒྱུན་ཡོད་པ་དེ་རྣམས་ལ་ལོ་པཎ་ཐུགས་རྗེ་ཅན་རྣམས་ཀྱིས་ཨི་ཡིག་ཐད་སོར་འབྲི་རིགས་པའི་གཅིག་གྱུར་གྱི་གཏན་འབེབས་བཟོས་ཤིང་། སྐད་གསར་བཅད་ཀྱི་གཏན་འབེབས་དེ་རྣམས་གཅིག་མཐུན་གྱིས་ཕྱག་བཞེས་ནར་མར་མཛད་པས། སྐད་གསར་བཅད་ཐེངས་གསུམ་པའི་མཇུག་ནས་ཨྀ་ཡིག་གི་འབྲི་རྒྱུན་རིམ་བཞིན་མེད་པར་གྱུར་པ་ཡིན་ནོ།།
            མདོར་ན་གི་གུ་ཕྱིར་ལོག་ཅན་ནི་གི་གུ་ཐད་སོར་འབྲི་བ་དེའི་འབྲི་ཚུལ་གཞན་ཞིག་ཡིན་ཅིང་། སྒྲ་དོན་གང་ཐད་ནས་དེ་གཉིས་གཅིག་མཚུངས་ཡིན། གལ་ཏེ་དེ་དང་དབྱངས་རྀ་ལྀ་གཉིས་ཀྱི་འཇུག་པ་གཅིག་མཚུངས་ཡིན་པར་ངོས་འཛིན་བྱས་ན་དེ་ལྟར་ཡིན་པའི་ཤེས་བྱེད་ཀྱི་གཏན་ཚིགས་དང་གཞུང་ལུགས་ཀྱི་ཁུངས་ཅི་ཡང་མེད་པ་དང་།གི་གུ་ཕྱིར་ལོག་ཅན་གྱི་ཡི་གེ་འབྱུང་བའི་ཚེ་ན་བོད་ཡིག་གི་འབྲི་རྒྱུན་དངོས་ལ་ཡང་སྙིང་དབྱངས་རྀ་ལྀ་གཉིས་ལས་གང་ཞིག་ཡིན་པའི་གསལ་ཁ་ཡེ་ནས་འབྱེད་མི་ནུས་པའི་འཁྲུལ་བ་རྒྱུན་འབྱམས་སུ་ཡོང་གི་ཡོད། གཞན་ཡང་གི་གུ་ཕྱིར་ལོག་ཅན་དང་རྀ་ལྀ་གཉིས་ཀྱི་སྒྲའི་ང་རོའི་ཁྱད་པར་ཆེ་བས་སྐད་གསར་བཅད་གནང་བའི་ཚེ་ན་ལོ་པཎ་རྣམས་ཀྱིས་བཙན་གྱིས་ང་རོ་མི་མཚུངས་པའི་དབྱངས་ཡིག་གཉིས་གཞི་གཅིག་ཏུ་བསྡུ་མི་འོས་ཤིང་། བསྡུ་མི་རིགས་ཀྱང་ཡིག་རྙིང་ན་དབྱངས་ཡིག་གི་གུ་ཕྱིར་ལོག་ཅན་ཡོད་རིགས་ཐམས་ཅད་བརྡ་གསར་པའི་ནང་དུ་གཅིག་གྱུར་གྱིས་ཨི་ཡིག་ཏུ་ཕབ་ཡོད་ཀྱང་ཚིག་དོན་གང་ཐད་ནས་ཁྱད་པར་ཡེ་ནས་མེད། ཅི་སྟེ་དེ་གཉིས་དབྱངས་ཡིག་མི་མཚུངས་པ་གཉིས་ཡིན་ཕྱིན་སྐད་གསར་བཅད་ཀྱི་སྐབས་སུ་གི་གུ་ཕྱིར་ལོག་ཅན་ཡོད་དོ་ཅོག་རྣམས་གི་གུ་ཐད་སོ་མར་གཅིག་གྱུར་གྱིས་བཅོས་པར་ལོ་པཎ་རྣམ་པའི་ཁྲོད་དུ་སྒྲའི་ང་རོ་མི་གཅིག་པས་དེ་ལྟར་འཆོས་རིགས་དང་མི་རིགས་པའི་རྩོད་རྙོག་ཅིག་ངེས་པར་འབྱུང་འོས་ཀྱང་དེ་འདྲ་བྱུང་མེད་པ་འདིས་ཀྱང་གི་གུ་ཕྱིར་ལོག་མ་ལོག་གཉིས་གནའ་ཡིག་ནང་ཡིག་གཟུགས་ཀྱི་འབྲི་རྒྱུན་གཅིག་གྱུར་དེ་ཙམ་མེད་པར་ཡིག་འབྲི་མཁན་པོ་ཚོས་གང་འདོད་དུ་སྤྱོད་པ་ཙམ་ལས་སྒྲའི་ང་རོ་འཇུག་ཚུལ་ལ་ཁྱད་པར་ཅི་ཡང་མེད་པ་ཤེས་ཐུབ། ཅི་སྟེ་གི་གུ་ཕྱིར་ལོག་མ་ལོག་གཉིས་ལ་སྒྲའི་འདོན་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་ཅིང་། དབྱངས་ཡིག་མི་གཅིག་པ་གཉིས་ཡིན་ཕྱིན་སྐད་གསར་བཅད་ཀྱི་སྐབས་སུ་གཅིག་གྱུར་གྱིས་ཨི་ཡིག་ཏུ་ཕབ་ན་བོད་ཡིག་གི་དབྱངས་ཡིག་ཇེ་ཉུང་དུ་བཏང་བ་ཡིན་པས་མི་རིགས་གང་དེའི་སྐད་ཆ་རྣམས་ཆ་ཚང་བར་ཡིག་ཐོག་ཏུ་ཕབ་མི་ཐུབ་ཀྱང་། ད་ལྟའི་བོད་ཡིག་ལ་དེ་འདྲའི་སྐྱོན་གྱི་རྣམ་པ་ཅི་ཡང་མེད་པ་འདིས་ཀྱང་དབྱངས་འདི་གཉིས་གཅིག་མཚུངས་ཡིན་པའི་བདེན་དཔང་གང་ལེགས་བྱས་ཡོད།དེ་ལྟར་དབྱངས་ཀྱི་ང་རོ་མི་མཚུངས་པ་གཉིས་གཞི་གཅིག་ཏུ་བསྡུས་ཕྱིན་སྐྱོན་བརྗོད་དང་རྩོད་སྤོང་གི་སྣང་ཚུལ་ཞིག་འབྱུང་སྲིད་ཀྱང་བོད་ཀྱི་སྔོན་བྱུང་ལོ་རྒྱུས་ནང་དེ་འདྲའི་གཏམ་ཙམ་ཡང་མ་གྲགས་པ་དེས་གི་གུ་ཕྱིར་ལོག་ཅན་ནི་ཨི་ཡིག་ལས་སྒྲ་རིང་བའམ་ཡང་ན་རྀ་ལྀ་གཉིས་ཀྱི་འབྲི་རྒྱུན་མ་ཡིན་པའི་ངང་ཚུལ་གསལ་བར་དཔོག་ནུས་སོ།། དེ་ཡང་སྐད་གསར་བཅད་གནང་བའི་བརྗེད་ཐོ་ལྟ་བུ་《དག་ཡིག་ལི་ཤིའི་གུར་ཁང་》གི་ནང་དུ་གི་གུ་ཕྱིར་ལོག་ཅན་གྱི་འགྱུར་བ་ལ་གསལ་ཁ་ཅི་ཡང་གཏོད་མེད། གལ་ཏེ་དེ་དབྱངས་ཡིག་རྀ་ལྀ་གཉིས་ཡིན་བཞིན་དུ་ཨི་ཡིག་ཏུ་གཅིག་གྱུར་གྱིས་བཅོས་པའམ་ཨི་ཡིག་ལས་སྒྲ་གདངས་རིང་ཐུང་དང་སྒྲ་དྲག་ཞན་ལྕི་ཡང་གི་ཁྱད་པར་ཡོད་ཕྱིན་དེ་འབྲེལ་གྱི་བཤད་པ་ཞིག་ཡོད་དགོས་མོད། དེ་མེད་པར་མ་ཡིག་ཡ་བཏགས་ཅན་དང་བརྡ་གསར་རྙིང་གཞན་རྣམས་ལ་གསལ་འགྲེལ་གནང་ཡོད་ཅིང་། གི་གུ་ཕྱིར་ལོག་ཅན་གྱི་སྒྲ་ང་རོའི་འགྱུར་ལྡོག་ལ་གསལ་ཁ་ཅི་ཡང་མ་གཏོད་པ་ལས་སྐད་གསར་བཅད་མ་གནང་བའི་གོང་དུ་ཡིག་གཟུགས་ཀྱི་འབྲི་རྒྱུན་ཐད་གཅིག་གྱུར་མེད་པར་ཡིག་འབྲི་མཁན་པོ་སོ་སོས་རང་མོས་ཀྱིས་གང་བདེར་སྤྱོད་པ་ཙམ་ལས་སྒྲའི་ང་རོ་འདོན་ཚུལ་ལ་ཁྱད་པར་ཅི་ཡང་མེད་ཅིང་། དབྱངས་ཡིག་གཅིག་གི་ངོ་བོར་གནས་ཡོད་པ་ཤེས་རྟོགས་ཐུབ་བོ།། དེ་ལྟར་མ་ཡིན་ན་བོད་ཀྱི་གནའ་ཡིག་གི་བྱེ་བྲག་《སྲོག་སྟོང་གི་ཁྲིམས་ཡིག་》ལས་དངུལ་གྱྀ་ཡི་གེ་ཞེས་དང་། དངུལ་གྱྀ་ཡྀ་གེ དངུལ་གྱྀ་ཡྀ་གེ དངུལ་གྱྀ་ཡྀ་གེ་(43)ཞེས་ཤོག་ངོས་གཅིག་གི་ཡི་གེ་མཚུངས་པ་རྣམས་ལ་ཡང་གི་གུ་ཕྱིར་ལོག་མ་ལོག་གཉིས་ཀ་རང་མོས་སུ་སྤྱད་ཡོད་པ་འདི་དག་གི་སྒྲའི་ང་རོ་འཇུག་ཚུལ་དང་སྒྲ་འབྱིན་ཚུལ་གཉིས་ལ་ཁྱད་པར་ཅི་བདོག་ལེགས་པར་དཔྱོད་ཅིག་དང་། དོན་གྱི་འགག་གནད་གང་ཡིན་མངོན་པར་གསལ་བར་འགྱུར་རོ།།
གསུམ། མཇུག་བསྡུ་བ།
            དེང་གི་དུས་སུ་བོད་ཀྱི་གནའ་བོའི་རྡོ་རིང་གི་ཡི་གེ་དང་།དྲིལ་བུའི་ཁ་བྱང་། དགོན་སྡེ་རྙིང་པ་ཁག་ཏུ་ལྷག་ལུས་བྱུང་བའི་ཆོས་དཔེ་རྙིང་པ། ཏུན་ཧོང་གི་བྲག་ཕུག་ནས་ཐོན་པའི་གནའ་ཡིག ཤིན་ཅང་ས་ཁུལ་ནས་ཐོན་པའི་ཁྲམ་བྱང་གི་ཡིག་རྙིང་། མཆོད་རྟེན་ཞིག་རལ་ཅན་ནས་ཐོན་པའི་བོན་དཔེ་རྙིང་མ་དེ་དག་ནི་བཅོས་བཟོའི་ལྷད་ཡེ་ནས་མ་ཕོག་ཅིང་། གདོད་མའི་ཡིག་རིས་ཀྱི་འབྲི་རྒྱུན་རྣལ་མ་སྟེ། གནའ་བོའི་ཡིག་བྲིས་དངོས་རང་ཡིན་པས་དེ་དག་ནི་རིན་ཐང་གཞལ་དུ་མེད་པའི་རིག་གནས་ཀྱི་ནོར་བུའི་དཀོར་མཛོད་དོ་ཟླ་དང་བྲལ་བ་ཞིག་རེད། ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པའི་བྲིས་ཡིག་དེ་དག་ནི་དུས་རབས་བརྒྱད་པ་དང་།དགུ་པ། བཅུ་པ། བཅུ་གཅིག་བར་གྱི་ཡིག་རྙིང་ཡིན་ཞིང་།ཆེས་ཕྱི་མཐར་ཡང་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་(སྤྱི་ལོ་1444-1529བར་)འཕྲིན་ལས་མཇུག་བསྡུས་པའི་དུས་ཡན་ཆད་ཀྱི་ཡིག་བྲིས་ལ་ཚད་མང་ཉུང་ལ་མ་ལྟོས་པའི་གནའ་བྲིས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་ལྡན་ཡོད། ཡིག་ཚང་དེ་དག་ནི་བོད་གནའ་རབས་ཀྱི་སྤྱི་ཚོགས་ལམ་ལུགས་དང་། རིག་གནས། ཆབ་སྲིད། དཔལ་འབྱོར། དམག་དོན། གནམ་རིག་སྐར་རྩིས། སྐད་བརྡ་རིག་པ། གསོ་དཔྱད་རིག་པ། མཛེས་དཔྱོད་ཀྱི་ལྟ་བ། རིན་ཐང་གི་ཚད་གཞི། བོད་དང་མི་རིགས་གཞན་གྱི་འབྲེལ་བ། མི་རིགས་རང་ཉིད་ཀྱི་སེམས་ཁམས་ཀྱི་ཁྱད་ཆོས། ཡུལ་སྲོལ་གོམས་གཤིས། སྒྱུ་རྩལ། བརྡ་དགཡིག་གཟུགས། ལོ་ཙཱ་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་ཡིག་གི་རྒྱུ་ཆ་རྩ་འགངས་ཆེ་ཤོས་ཤིག་ཡིན་ནོ།།དེང་གི་དུས་སུ་གནའ་ཡིག་དེ་དག་ལ་ཞིབ་འཇུག་བྱས་པའི་ལྟ་ཚུལ་སྣ་ཚོགས་བཏོན་ཡོད་ཅིང་། དེ་ནི་མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་ཀྱི་མཛད་བཟང་དོན་འཁྱོལ་བྱེད་པའི་བྱ་བ་བཟང་པོ་ཞིག་རེད། ལྟ་ཚུལ་དེ་དག་ལ་དཔྱད་བསྡུར་བྱས་ནས་བོད་ཀྱི་གནའ་ཡིག་གི་ཁྱད་ཆོས་དངོས་ལ་རྒྱུས་མངའ་ཡང་དག་ལོན་པར་བྱེད་དགོས་པ་དང་། སྐད་ཡིག་གོང་འཕེལ་འགྲོ་བའི་ཆོས་ཉིད་ཤེས་རྟོགས་ཐུབ་པའི་སྒོ་ནས་བོད་ཡིག་འདི་བཞིན་སྔར་ལས་ལྷག་པའི་རྒྱུན་འཛིན་བྱ་རྒྱུ་ནི་གཡོལ་དུ་མེད་པའི་བགྱི་བ་གལ་པོ་ཆེ་ཞིག་ལགས། གལ་འགངས་ཆེ་བའི་ལས་དོན་དེ་བསྒྲུབ་སླད་རང་རེས་ཆགས་སྡང་རྨོངས་གསུམ་གྱི་སྒོ་ནས་རྩོད་རྙོག་སློང་བ་དང་། དགག་སྒྲུབ་བྱེད་པ་ཙམ་མ་ཡིན་པ་དང་།དགག་བཞག་གི་ལས་དོན་རླབས་པོ་ཆེ་དེ་ཡང་གཞན་ལ་ཕོག་ཐུག་གཏོང་བའམ་ཕོག་ཐུག་འགྲོ་བའི་ལས་སུ་ངོས་འཛིན་ཅིང་། དེ་སྤངས་ནས་ཇོ་བཟང་གི་བརྟུལ་ཞུགས་འབའ་ཞིག་ལྷུར་ལེན་པའི་གཏི་ཐུག་གི་འཆིང་རྒྱ་ལས་ཡོངས་སུ་གྲོལ་བར་བྱས་ནས་གང་ཟག་ལ་དག་སྣང་དང་། ཤེས་བྱ་ལ་རྟོག་དཔྱོད་བྱ་རྒྱུའི་རྩ་དོན་རྩ་བར་བཟུང་སྟེ་ཕན་ཚུན་བགྲོ་གླེང་བྱས་ན་གཅིག་གིས་ཤེས་རྟོགས་མ་བྱུང་བ་དང་།བསམ་མནོ་མ་འཁོར་བའི་རིགས་རྣམས་ཅིག་ཤོས་ཀྱིས་ཁ་གསབ་བྱས་ཏེ་བོད་གངས་ཅན་གྱི་གཅེས་ནོར་འདི་བཞིན་མ་ཉམས་རྒྱུན་འཛིན་དང་། ངོས་འཛིན་ཡང་དག དོན་གྱི་གཤིས་ལུགས་རྣལ་མར་འབྱོར་བའི་འགྲེལ་ཚུལ་ཁྱད་དུ་འཕགས་པ་ཞིག་ཡོང་ཐུབ་པའི་རེ་བ་བདོག་པས། འདིར་རང་གི་གོ་ཚོད་ཤེས་ཚོད་དང་བསྟུན་ནས་སྨྲས་པ་འདི་དག་ལ་འགལ་འཛོལ་གྱི་རིགས་ཅི་མཆིས་ཀྱང་། ཤེས་ནས་སྨྲ་བའི་དཔྱོད་ལྡན་དག་གིས་འཛེམ་བག་ཅི་ཡང་མེད་པར་ཐད་ཀར་བཀའ་སློབ་བཀའ་དྲིན་དུ་སྩོལ་རྒྱུའི་འདུན་པ་སྙིང་དབུས་ནས་འཆང་བཞིན་ཡོད་དོ།།
མཆན་འགྲེལ།
            ①王志敬著:《敦煌藏文语法研究》,中国藏学出版社,2012年3月第一版,第1页。
            ②《གསེར་ཏོག་སུམ་རྟགས་》 གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1995ལོའི་ཟླ་བ་10པར་མཚོ་སྔོན་དུ་པར་ཐེངས་གཉིས་པ་བརྒྱབ། ཤ་29ནས་ཤ་3 0བར་ན་གསལ།
            ③《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1983ལོའི་ཟླ་བ་9པའི་པར་ཐེངས་དང་པོ། ཤ་46ན་གསལ།
            ④《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བར་མཚམསས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་གནང་། སྤྱི་ལོ་1990ལོའི་ཟླ་བ་4པའི་པར་ཐེངས་དང་པོ། ཤ་271ན་གསལ།
            ⑤《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》 བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་ཕྱོགས་སྒྲིག་དང་འགྲེལ་བཤད་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1983ལོའི་ཟླ་བ་8པའི་པར་གཞི་དང་པོ། ཤ་13བཅས་ན་གསལ།
            ⑥《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》 བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་ཕྱོགས་སྒྲིག་དང་འགྲེལ་བཤད་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1983ལོའི་ཟླ་བ་8པའི་པར་གཞི་དང་པོ། ཤ་13བཅས་ན་གསལ།
            ⑦《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》 བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1983ལོའི་ཟླ་བ་9པའི་པར་ཐེངས་དང་པོ། ཤ་168ན་གསལ།
            ⑧《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་》 པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གིས་དཔེ་སྒྲིག་གནང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་2007ལོའི་ཟླ་བ་9པའི་པར་ཐེངས་དང་པོ། ཤ་51
            ⑨《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2003ལོའི་ཟླ་6པར་གཞི་དང་པོ། ཤ་680ན་གསལ།
            ⑩⑾⑿《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》 བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་ཕྱོགས་སྒྲིག་དང་འགྲེལ་བཤད་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1983ལོའི་ཟླ་བ་8པའི་པར་གཞི་དང་པོ། ཤ་93ནས་ཤ་94བར་དང་། ཤ་106 ཤ་17བཅས་ན་གསལ།
            ⒀《ཐོན་མིའི་ཞལ་ལུང་》ཚེ་ཏན་ཞབས་དྲུང་གིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1990ལོའི་ཟླ་4པའི་པར་གཞི་ལྔ་པ། ཤ་78ན་གསལ།
            ⒁⒂《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2003ལོའི་ཟླ་6པའི་པར་གཞི་དང་པོ། ཤ་690 ཤ་739ན་གསལ།
            ⒃《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2003ལོའི་ཟླ་6པར་གཞི་དང་པོ། ཤ་738ན་གསལ།
            ⒄《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2003ལོའི་ཟླ་6པའི་པར་གཞི་དང་པོ། ཤ་739ན་གསལ།
            ⒅⒆《སྨྲ་སྒོ་མཚོན་ཆ་》དྲན་པའི་ཡེ་ཤེས་གྲགས་པས་བརྩམས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2006ལོའི་ཟླ་བ་3པའི་པར་གཞི་གཉིས་པ། ཤ་1ན་གསལ།
            ⒇《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2003ལོའི་ཟླ་6པའི་པར་གཞི་དང་པོ། ཤ་739བཅས་ན་གསལ།
            (21)《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2003ལོའི་ཟླ་6པའི་པར་གཞི་དང་པོ། ཤ་696བཅས་ན་གསལ།
            (22)《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་འཁྲོལ་》 གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2010ལོའི་ཟླ་བ་5པའི་པར་གཞི་གཉིས་པ། ཤ་273 ཤ་8བཅས་ན་གསལ།
            (23)(24)《རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མ་》ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2006ལོའི་ཟླ་བ་12པའི་པར་གཞི་དང་པོ། ཤ85ནས་86བར་དང་། ཤ87ན་གསལ།
            (25)《རྭ་མ་ཎའི་རྟོགས་བརྗོད་ཆོས་དབང་གྲགས་པའི་དགོངས་རྒྱན་》 མཁའ་འབུམ་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2000ལོའི་ཟླ་བ་9པའི་པར་གཞི་གཉིས་པ། ཤ་1ན་གསལ།
            (26)《བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས།》(དེབ་ལྔ་པ་)གསང་བདག་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2000ལོའི་ཟླ་བ་3པའི་པར་གཞི་དང་པོ། ཤ་223ནས་224བར་དང་གསལ།
            (27)《གངས་ལྗོངས་རིག་བཅུའི་རྩ་བ་ཕྱོགས་བསྒྲིགས་》སྡེབ་སྦྱོར་གྱི་སྐོར། ཚངས་པོ་ཡིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2006ལོའི་ཟླ་བ་8པའི་པར་གཞི་དང་པོ། ཤ་97ན་གསལ།
            (28)《ཐོན་མིའི་ཞལ་ལུང་》ཚེ་ཏན་ཞབས་དྲུང་གིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1990ལོའི་ཟླ་བ4པའི་པར་གཞི་ལྔ་པ། ཤ་78ནས་79བར་གསལ།
            (29)《བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས།》(དེབ་ལྔ་པ་)གསང་བདག་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2000ལོའི་ཟླ་བ་3པའི་པར་གཞི་དང་པོ། ཤ་225ན་གསལ།
            (30)《སུམ་རྟགས་དང་དག་ཡིག་》དཔལ་ས་སྐྱའི་གསུང་རྩོམ་པོད་གཉིས་པ། མཁན་པོ་ཀུན་དགའ་བཟང་པོས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2004ལོའི་ཟླ་བ་1པོའི་པར་གཞི་དང་པོ། ཤ་153 ན་གསལ།
            (31)《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ་》 གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2001ལོའི་ཟླ་བ་6པའི་པར་གཞི་གཉིས་པ། ཤ་50ན་གསལ།
            (32) 《སུམ་རྟགས་དང་དག་ཡིག་》དཔལ་ས་སྐྱའི་གསུང་རྩོམ་པོད་གཉིས་པ། མཁན་པོ་ཀུན་དགའ་བཟང་པོས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2004ལོའི་ཟླ་བ་1པོའི་པར་གཞི་དང་པོ། ཤ་156ན་གསལ།
            (33) 《ཐོན་མིའི་ཞལ་ལུང་》ཚེ་ཏན་ཞབས་དྲུང་གིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1990ལོའི་ཟླ་བ་4པའི་པར་གཞི་ལྔ་པ། ཤ་79བཅས་ན་གསལ།
            (34)《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་》 པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གིས་དཔེ་སྒྲིག་གནང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་2007ལོའི་ཟླ་བ་9པའི་པར་ཐེངས་དང་པོ། ཤ་35ན་གསལ།
            (35)《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ་》 གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2001ལོའི་ཟླ་བ་6པའི་པར་གཞི་གཉིས་པ། ཤ་127ན་གསལ།
            (36)《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》 བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་ཕྱོགས་སྒྲིག་དང་འགྲེལ་བཤད་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1983ལོའི་ཟླ་བ་8པའི་པར་གཞི་དང་པོ། ཤ་203བཅས་ན་གསལ།
            (37)(38)(39)(40)(41)(42)《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》 བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་ཕྱོགས་སྒྲིག་དང་འགྲེལ་བཤད་བྱས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1983ལོའི་ཟླ་བ་8པའི་པར་གཞི་དང་པོ། ཤ་204 ཤ་211 ཤ་205 ཤ་205 ཤ་207 ཤ་203བཅས་ན་གསལ།
            (43)《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་འཁྲོལ་》 གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2010ལོའི་ཟླ་བ་5པའི་པར་གཞི་གཉིས་པ། ཤ་273ན་གསལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1