དེང་རབས་སློབ་གསོའི་མཐོང་སྣེ་ནས་བོད་ཀྱི་སྲོལ་རྒྱུན་སློབ་གསོར་ལྟ་བ།

གསར་བརྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


[གནད་བཏུས] རྩོམ་འདིར་རྒྱའི་སྐད་བབ་དང་ནུབ་ཕྱོགས་རྒྱལ་ཁབ། བོད་ཀྱི་སྐད་བབ་བཅས་ལས་སློབ་གསོ་ཞེས་པར་མཚན་ཉིད་གང་འདྲ་བཞག་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་བྱེད་ཐབས་དང་ཁྱད་ཆོས། ཁྱད་པར་དུ་དེང་རབས་སློབ་གསོའི་མཐོང་སྣེ་ནས་བོད་ཀྱི་སྲོལ་རྒྱུན་སློབ་གསོར་འཕྲད་པའི་གོ་སྐབས་དང་འགྲན་སློང་བཅས་ཀྱི་ཕྱོགས་ལ་ཞིབ་བརྗོད་དང་བསམ་གཞིག་བཏང་ཡོད།

[གནད་ཚིག] དེང་རབས་སློབ་གསོ། བོད་ཀྱི་སྲོལ་རྒྱུན་སློབ་གསོ། བྱེད་ཐབས། ཁྱད་ཆོས།

* གསར་བརྗེ། པེ་ཅིན་སློབ་གྲྭ་ཆེན་མོའི་ཕྱིའི་སྐད་ཡིག་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

གླེང་གཞི།

2018ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་བསྡུས་པའི“བོད་ཡུལ་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་ད་ལྟའི་གནས་བབ་དང་བོད་རིག་པའི་རིག་གཞུང་ཚན་ཁག་འཛུགས་སྐྲུན”ཞེས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་སྟེང་། གུས་པས་མིག་སྔར་བོད་རིག་པའི་སློབ་གླིང་གི་བསླབ་ཚན་སྒྲིག་འགོད་ཐད་ནས་བསམ་གཞིག་རགས་ཙམ་ཞིག་བཏོན་པ་ཡིན། དེར《བོད་ཀྱི་སློབ་གསོ》དུས་དེབ་ཁང་གི་གཙོ་སྒྲིག་པ་རྒན་ནོར་བུ་ཚེ་རིང་ལགས་ཀྱིས་གཟིགས་སྐྱོང་བྱས་ཏེ། ཁོ་བོའི་རྩོམ་ཡིག་དེ2019ལོའི《བོད་ཀྱི་སློབ་གསོ》དེབ་དང་པོའི་སྟེང་སྤེལ་ཡོད། རྩོམ་ཡིག་དེ་སྤེལ་རྗེས། རྒན་ནོར་བུ་ཚེ་རིང་ལགས་ཀྱིས་བདག་ལ་ཡང་བསྐྱར་བོད་ཀྱི་སློབ་གསོ་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་ཞིག་འབྲི་བའི་བསམ་ཚུལ་བཏོན། ཀུན་གྱིས་མཁྱེན་གསལ་ལྟར། སློབ་གསོ་ནི་ཆེད་གཉེར་གྱི་རིག་པ་ཞིག་ཡིན། རང་ཉིད་ནི་སློབ་གསོ་རིག་པར་ཆེད་དུ་ཞིབ་འཇུག་བྱེད་མཁན་ཞིག་མིན་ཡང་། མཐོ་རིམ་སློབ་གྲྭར་དགེ་རྒན་བྱེད་པའི་བསོད་ནམས་ལྡན་པ་དང་། སློབ་གསོའི་བྱ་བ་བསྒྲུབས་ནས་ཉམས་མྱོང་ཙམ་ལྡན་པ་ཡིན་པས། ཁོ་བོར་གླེང་གཞི་འདིའི་ཐད་ནས་དཔྱད་རྩོམ་རེ་ཕྲིས་ཟེར་ན། ཕལ་ཆེར་བོང་བུ་དར་ཐོག་ཏུ་དེད་པ་དང་གཉིས་སུ་མ་མཆིས་མོད། འོན་ཀྱང་ཡང་བསམ་བློ་རེ་བཏང་ན། རང་ཉིད་ལའང་འདིའི་ཕྱོགས་ཀྱི་མ་སྨིན་པའི་བསམ་ཚུལ་རེ་ཡོད་མྱོང་བའི་ཁར། རང་གི་སློབ་གསོའི་མྱོང་བརྒྱུད་འདི་ཙམ་ཡང་སློབ་གསོའི་ལས་ཀ་བྱེད་མཁན་ཞིག་དང་། ཡང་ན་སློབ་གསོ་མྱོང་མཁན་དག་ལ་དཔྱད་གཞིར་ཕུལ་ན་ཟུར་ལྟའི་རིན་ཐང་ཙམ་མེད་པའི་ངེས་པའང་མེད་སྙམ། བསམ་ཚུལ་འདི་འདྲ་ཞིག་གི་དབང་གིས། ཁོ་བོས་བོད་ཀྱི་སློབ་གསོ་སྲོག་ཤིང་བྱས་ཏེ། དེང་རབས་སློབ་གསོའི་མཐོང་སྣེ་ནས་བོད་ཀྱི་སྲོལ་རྒྱུན་སློབ་གསོ་གླེང་སྟེ་སོ་ཕག་འཕངས་ནས་གཡང་ཊི་འདྲེན་པའི་དཔེ་ལྟར། ཚང་མས་དུས་རབས་གསར་པའི་མི་རིགས་སློབ་གསོར་སྔར་ལས་ལྷག་པར་བསམ་གཞིག་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་པས། གལ་ཏེ་མི་འདང་ས་ཡོད་ན་ཤེས་ལྡན་པ་ཚོས་སློབ་སྟོན་རེ་གནང་རྒྱུ་མཁྱེན་མཁྱེན།

གཅིག སློབ་གསོ་དང་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་མཚན་ཉིད།

རྒྱའི་སྐད་བབ་ནང་། སློབ་གསོ་ཞེས་པའི་མིང་འདི་ནི《མེང་ཙིའི་གསུང་བཏུས་སྟོད་ཆ》ལས་ཐོག་མར་བྱུང་བ་དང་། དེའི་ནང་དུ“སྐྱེས་བུ་ཆེན་པོ་ཞིག་ལ་དགའ་ཕྱོགས་གསུམ་ཡོད་དེ། … …གནམ་འོག་གི་ཁྱད་དུ་འཕགས་པའི་ཤེས་ལྡན་པ་ཐོབ་སྟེ་སློབ་གསོ་གཏོང་བ་ནི། དགའ་ཕྱོགས་གསུམ་ཡིན”ཞེས་འཁོད་ཡོད། སྐབས་འདིའི་སློབ་གསོར་རིམ་པ་གཉིས་ཀྱི་གོ་དོན་འདུས་ཡོད། གཅིག་ནི་སློབ་ཅེས་པ་སྟེ། 《མེང་ཙི•རྒྱལ་པོ་ལེང་ཧེའི་སྟོད་ཆ》ལས“སྲིད་སྐྱོང་སློབ་གསོར་གཙིགས་འཛིན་དང་། ། རྒན་རབས་པ་ལ་བརྩི་ཞིང་གུས། །”ཞེས་འཁོད་ཡོད། གཉིས་ནི་གསོ་ཞེས་པ་སྟེ། སྐྱེད་སྲིང་ལ་གོ་དགོས། དཔེར་ན《སྙན་གཞུང》ལས“ལོ་འབྲས་ཁུར་གྱིས་དུད་པའི་རྩྭ་ལྗང་དག ། རི་དང་ཐང་གཤོང་ཀུན་ལ་ཡོངས་སུ་ཁྱབ། ། ཤེས་བྱ་ཡོན་ཏན་བསྣམས་པའི་སྐྱེས་བུ་ཚོ། ། བཞིན་ལ་སྐྱིད་པའི་ཉམས་དང་དགའ་མགུར་རོལ། །”ཅེས་གསལ། འདི་ལས་སློབ་གསོའི་དམིགས་ཡུལ་ནི་ཤེས་བྱ་དང་ཀུན་སྤྱོད་སྐྱེད་སྲིང་བྱེད་པ་དེ་ཡིན་པར་མ་ཟད། ཀུན་སྤྱོད་ཀྱི་ཕྱོགས་དེ་གཙོ་བོར་བཟུང་ཡོད་པ་ཤེས་ཐུབ་སྟེ《བསླབ་ཆེན》ལས་ཀྱང་།“བསླབ་ཆེན་གྱི་དམིགས་ཡུལ་ནི་མིའི་རྒྱུད་ཀྱི་གཤིས་སྤྱོད་བཟང་པོ་དེ་དར་སྤེལ་གཏོང་བ་དང་། དམངས་ལ་ཉེ་བར་བྱེད་པ། བླ་ན་མེད་པའི་དགེ་བར་གཏུགས་པ་དེའོ། །”ཞེས་འཁོད་ཡོད་པས་སོ། །

ནུབ་ཕྱོགས་རྒྱལ་ཁབ་ཏུ། སློབ་གསོ་ཞེས་པའི་ཐ་སྙད་འདིའི་འབྱུང་ཁུངས་ནི་ལ་ཏིང་ཡི་གེའི“educare”ཡིན། ཐ་སྙད་འདིའི་བསྟན་དོན་དངོས་ནི་སྣེ་ཁྲིད་དང་འདྲེན་པ་ཡིན་ལ། བྱེད་ཐབས་ངེས་ཅན་ཞིག་ལ་བརྟེན་ནས་མི་རང་སྟེང་ན་བག་ལ་ཞ་བའི་མི་མངོན་པའི་ནུས་པ་དེ་ཕྱིར་སློང་བ་དེ་ཡིན། རྒྱའི་སྐད་བབ་དང་བསྡུར་ན། འདིར་བསྟན་པའི་སློབ་ཅེས་པའི་ཐ་སྙད་འདིས་སློབ་སྦྱོང་བྱ་ཡུལ་གྱི་གཙོ་གཞི་རང་བཞིན་དང་ཡར་བརྩོན་རང་བཞིན་ལ་སྔར་ལས་ལྷག་པར་ནན་བཤད་བྱས་ཡོད།

བོད་ཀྱི་སྐད་བབ་ཏུ། སློབ་གསོ་ཞེས་པའི་ཐ་སྙད་འདི་ནི་རྒྱ་ཡིག་ལས་བྱུང་ཞིང་། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས“ཤེས་རིག་གོང་དུ་སྤེལ་ཐབས་སམ། གོ་རྟོགས་མཐོ་རུ་གཏོང་བའི་བསླབ་བྱ”ཞེས་འགྲེལ་བཤད་བྱས་ཡོད། འདིར་དོ་ཁུར་བྱ་དགོས་པ་ནི“ཁྲིད”ཅེས་པའི་ཐ་སྙད་དེ་ཡིན། དེ་ནི་ལེགས་སྦྱར་སྐད་ལས་ཤུགས་རྐྱེན་ཐེབས་ཡོད་ཀྱང་སྲིད་དེ། ལེགས་སྦྱར་སྐད་དུ་བྱ་ཚིག“śikṣ”འདིས་སློབ་སྦྱོང་གི་དོན་སྟོན་པ་དང་། སློབ་ཁྲིད་ནི་དེའི་རྐྱེན་ལས་བྱུང་བའི་རྣམ་པ་ལ་གོ དེ་ལས་ཀྱང་དོན་སྙིང་ལྡན་པ་ཞིག་ལ། གལ་ཏེ་ཚིག་གི་འབྱུང་ཁུངས་རིག་པའི་ཆ་ནས་ཞིབ་དཔྱད་བྱས་ན།“śikṣ”ཞེས་པའི་ཚིག་འདི་ནི“śak”ཡི་སྨོན་པ་ཅན་གྱི་བྱ་ཚིག་ཡིན་ལ།“śak”ཞེས་པའི་ནང་དོན་ནི“ཐུབ་པ་དང་ནུས་པ”ཡིན་པས། “śikṣ”ཡི་དོན་སྙིང་ངོ་མ་ནི“(བྱ་བ་གང་ཞིག་བསྒྲུབ་པའི)ནུས་པ་ཡོད་པར་འདོད་པ”དང་། ཡང་ན“(མི་སུ་ཞིག་ལ་བྱ་བ་གང་ཞིག་བསྒྲུབ་ཏུ་འཇུག་པར)ནུས་པ་ཡོད་པར་འདོད་པ”འདི་ལས་ཀྱང་། སློབ་སྦྱོང་བྱ་ཡུལ་གྱི་གཙོ་གཞི་དང་ཧུར་བརྩོན་རང་བཞིན་ལ་ནན་བཤད་བྱས་ཡོད།

དེ་ལྟར་ཤར་ཕྱོགས་དང་ནུབ་ཕྱོགས་གང་ཡིན་ཡང་། ཐོག་མའི་དུས་ཀྱི་སློབ་གསོའི་ནང་དུ་མཐར་ཐུག་གི་གཟིགས་སྐྱོང་གང་འཚམ་ཞིག་འདུས་ཡོད། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ཚང་མ་ཆོས་ལུགས་སློབ་གསོར་གཏོགས་པ་ཡིན། དཔེར་ན། 《དབུས་འཛིན་གྱི་གཞུང》ལས།“གནམ་གྱིས་གནང་བ་ལ་རང་བཞིན་ཟེར། དེ་བརྩི་བ་ལ་ལུགས་ཟེར། ལུགས་ཉམས་སུ་མྱོང་བ་ལ་སློབ་ཟེར་རོ”ཞེས་པ་དང་། ནུབ་ཕྱོགས་སློབ་གསོའི་ལམ་ལུགས་ཀྱི་གསར་གཏོད་ནི་ཐད་ཀར་ཆོས་ལུགས་རྩ་འཛུགས་ལས་བྱུང་བ་དང་།
ལྷག་པར་དུ་གནམ་བདག་ཆོས་ལུགས་དང་ཆོས་ཚོགས་སློབ་གྲྭས་བཙུགས་པའི་འཁྲིད་བྱའི་བསླབ་ཚན་ལ། གསོ་བ་རིག་པ་དང་ཁྲིམས་རིག་པ། ལྷ་རིག་པ་སོགས་ཡོད། འདི་གསུམ་ནི་ཕལ་ཆེར་ཆོས་ལུགས་སློབ་གསོའི་ཕྱོགས་གསུམ་དུ་བལྟས་ཀྱང་ཆོག་སྟེ། ཤེས་བྱའི་རང་བཞིན་དང་ཀུན་སྤྱོད་ཀྱི་རང་བཞིན། རིག་པའི་རང་བཞིན(ཚད་བརྒལ་རང་བཞིན)བཅས་སོ། །

བོད་ཀྱི་སྲོལ་རྒྱུན་སློབ་གསོར་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་དེ། ཆོས་ལུགས་སློབ་གསོའི་ཡན་ལག་ཅིག་ཡིན་པའི་ཆ་ནས་བཤད་ན། ནང་བསྟན་སློབ་གསོ་ནི་རྒྱ་གར་དུ་དུས་སྔ་མོ་ནས་འཕེལ་རྒྱས་བྱུང་སྟེ་ལྟོས་བཅས་སུ་ཆ་ཚང་བའི་རྣམ་པར་གྲུབ་ཡོད་དེ། ཐར་པ་ཐོབ་པ་དམིགས་ཡུལ་ཡིན་ཞིང་དེའི་སྟེང་དུ་བཙུགས་པའི་བཅུ་ཕྲག་རིག་པའི་གནས་ལ་ཆ་ཚང་བར་སློབ་སྦྱོང་བྱེད་པ་དེ་ཡིན། བོད་ཀྱི་ལོ་པཎ་མང་པོ་ཞིག་གིས་དཀའ་སྡུག་ཁྱད་དུ་བསལ་ཏེ་རྒྱ་གར་དུ་ཕྱིན་ནས། སློབ་གསོའི་མ་ལག་དེའི་ཁྲོད་ནས་ཉམས་སུ་བླངས་ཏེ་བསླབ་པའི་ཕན་འབྲས་མྱངས་པ་ཡིན། མ་ལག་དེ་རྗེས་ནས་རིམ་བཞིན་གངས་རིི་ར་བའི་ཁྲོད་འདིར་སྤེལ་བ་དང་བཅོས་སྒྱུར་གང་ལེགས་བྱས་ནས་གོང་དུ་སྤེལ་བས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་ཀྱི་སྲོལ་རྒྱུན་སློབ་གསོ་འདི་གྲུབ་པ་རེད།

དེང་རབས་སྐད་བབ་ཏུ་སློབ་གསོའི་ཐ་སྙད་འདིར། དེའི་དོན་གྱི་ཁྱབ་བྱ་ཁྱབ་བྱེད་ཕྱོགས་འགའ་ཞིག་ནས་གོང་གི་མཚན་ཉིད་དང་བསྡུར་ན་རྒྱ་ཧ་ཅང་ཆེ་བར་མ་ཟད། སློབ་གསོའི་ཕྱོགས་ནས་གཙོ་བོ་ཤེས་བྱའི་རང་བཞིན་དེ་ནན་དུ་བསྟན་ཡོད། དེའི་རྐྱེན་གྱིས་གོ་ནོར་མི་འབྱུང་བའི་ཆེད་དུ་འདིར་བགྲོ་གླེང་བྱེད་བཞིན་པའི་བོད་ཀྱི་སྲོལ་རྒྱུན་སློབ་གསོར་མཚན་ཉིད་ཅིག་འཇོག་དགོས་པར་རིགས། འདིར་བརྗོད་པའི་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ནི་བོད་ཀྱི་སྤྱི་ཚོགས་སུ་གཙོ་བོ་བྱང་ཆུབ་ཀྱི་སེམས་ཉམས་སུ་བླངས་ཏེ་ཐར་པ་ཐོབ་པར་བྱེད་པའི་དམིགས་ཡུལ་ཞིག་ལ་གོ་སྟེ། ཐེག་ཆེན་གང་ཟག་ཅིག་ཤེས་བྱའི་རང་བཞིན་དང་སྤྱོད་པའི་རང་བཞིན། རིག་པའི་རང་བཞིན་བཅས་ཕྱོགས་གསུམ་ནས་སྐྱེད་སྲིང་དང་གསོ་སྐྱོང་འཐོབ་དགོས།

གཉིས། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་བྱེད་ཐབས།

རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་རྒྱུན་སློབ་གསོ་བཟང་པོ་དེ་དག་བསྡུ་ལེན་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་སློབ་གསོས་ཐོས་པ་དང་བསམ་པ། སྒོམ་པ་བཅས་ཕྱོགས་གསུམ་ནས་སྤེལ་བ་ཡིན། དེ་ནི་རྒྱ་ནག་གི་གནའ་བོའི་སྒེར་གཉེར་སློབ་གྲྭ་དང་འདྲ་ཞིང་། དགོན་པར་ཞུགས་ནས་གྲྭ་པ་བྱེད་ན་ཐོག་མར་ཐོས་རྒྱ་དང་བློར་འཛིན་དགོས་པའི་ཐད་ལ་ནན་མོ་བྱེད་པ་ཡིན་ཏེ། རྗེས་ཕྱོགས་སུ་སྒོམ་གྲྭ་དང་དཔྱད་གྲྭ་གང་ལ་ཞུགས་རུང་། ཆོས་མི་ཉུང་བ་ཞིག་བློར་འཛིན་པ་དང་འདུལ་ཁྲིམས་སྲུང་བ་ནི་ཐོག་མའི་ཆ་རྐྱེན་ཡིན་ནོ། ། དཔེར་ན་ལམ་ཐག་རིང་པོར་བསྐྱོད་པའི་མི་ཞིག་ལ་མཚོན་ན། ཐོག་མར་ལམ་བར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་ཉམས་མྱོང་ཅན་གྱི་མི་ལ་བློ་འདྲི་དགོས། དེ་ལྟར་མ་བྱས་ཚེ་ཁ་དཔེར“མི་ལོང་བ་རྟ་ཕོ་ཞ་རར་བྱོན། ། མུན་ནག་པོའི་གཡང་སར་བསྐྱོད་དང་འདྲ། །”ཞེས་པ་ལྟར་རོ། ། 《སྐྱེས་རབས》ལས་ཀྱང་། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །
ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། ། ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག ། ཞེས་གསུངས་ཡོད།

ཐོས་པ་བཙལ་བའི་རྗེས་ནས་དེའི་ནང་གི་གནས་ལུགས་ལ་བསམ་གཞིག་ནན་མོ་བཏང་ནས་རང་རྒྱུད་ལ་ལེན་ཅི་ཐུབ་བྱེད་ན་ཐོག་མར་དེ་ལ་བརྡར་ཤ་གཅོད་དགོས། གལ་ཏེ་བསམ་གཞིག་མ་བཏང་ཚེ། དམ་པའི་ཆོས་ཀྱི་དགོངས་པ་ལེན་མི་ཐུབ་པས། བྱེ་བྲག་གི་གནས་ཚུལ་རེར་ཕྲད་ནའང་སོམ་ཉི་དང་དོགས་པ་སྐྱེ་སྲིད། དེའི་རྐྱེན་གྱིས་ཐ་ན་སངས་རྒྱས་ཀྱི་གསུང་ཡིན་རུང་ང་ཚོས་དཔྱད་ཞིབ་ཕྲ་ཞིབ་བྱས་རྗེས་སེམས་གཏིང་ནས་དང་ལེན་བྱ་དགོས། དེའི་ཕྱོགས་ནས་བོད་ལ་མིང་དུ་གྲགས་པའི་དཔེ་འཇོག་སྲོལ་ཞིག་ཡོད་དེ། བསམ་གཞིག་ནི་ཁྱི་དང་འདྲ་སྟེ་ཤ་ཞིག་ལ་ཕྲད་ཚེ། དེ་མ་ཐག་ཟ་བ་མིན་པར་ཡང་ཡང་བརྟག་ཅིང་བསྣམས་རྗེས། མཇུག་མཐར་གདེང་ཚོད་ཡོད་པའི་སྒོ་ནས་གཏན་ཁེལ་བྱེད་པ་ཡིན། ཆོས་གཞུང་ལས་ཀྱང་རྟག་པར་གསེར་དེ་བསྲེགས་བཅད་བརྡར་གསུམ་བྱེད་པ་དཔེར་བཞག་ནས་བསམ་བློ་གཏོང་བའི་གལ་ཆེན་རང་བཞིན་གླེང་ཡོད། བསམ་པ་ནི་རང་ཉིད་ཀྱིས་བསམ་བློ་གཏོང་བ་ལས་གཞན་གལ་ཆེ་བའི་བྱེད་ཐབས་ཤིག་ནི་རྩོད་པ་ཡིན། རྩོད་པ་ནི་དོགས་པ་སེལ་བ་དང་གནས་ཚུལ་ངོ་མ་གསལ་འབྱེད་བྱེད་པའི་ཐབས་ཤིག་ཡིན། དེའི་རྐྱེན་གྱིས་རྩོད་པ་ནི་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྲོད་ཀྱི་གནད་གཙོ་བོ་ཞིག་ཡིན་པར་མ་ཟད། ཁྱད་ཆོས་ལྡན་པའི་སློབ་གསོའི་གནད་འགག་ཅིག་ཀྱང་ཡིན། རྩོད་པ་ལ་རྩོད་མཁན་ཕྱོགས་གཉིས་ཀྱིས་བརྩད་བྱའི་གཞུང་དེ་ལ་བྱང་ཆ་དང་རྒྱུས་ལོན་ངེས་ཅན་ཡོད་ཅིང་འདོད་པ་ལག་ཟིན་ཞིག་ཡིན་དགོས། གལ་ཏེ“ཐོས་པའི”ཚན་པ་འདིར་སྐྱེད་སྲིང་མེད་ན། རྩོད་པའི་ལྷུ་ཚིགས་འདིར་ཞུགས་ཐབས་མེད།

ཐོས་བསམ་ནི་དམིགས་ཡུལ་མིན་པར། ཐོས་བསམ་གྱི་དམིགས་ཡུལ་ནི་ལག་ལེན་ཏེ། བསམ་པ་དང་བསླབ་པ་ཐམས་ཅད་རང་རྒྱུད་ལ་བླངས་ནས་གོམས་པར་བྱ་རྒྱུ་དེའོ། ། བོད་ཀྱི་སྲོལ་རྒྱུན་སློབ་གསོས་ལྷག་པར་དུ་ཐོས་བསམ་དང་ལག་ལེན་གཉིས་སྦྲེལ་མཐུད་བྱེད་པར་ཧ་ཅང་དོ་སྣང་བྱེད་པ་ཡིན། དེ་ནི་མི་ཞིག་ས་ཆ་ག་གེ་མོར་འགྲོ་གྲབས་བྱེད་སྐབས། ཐོག་མར་ཆ་འཕྲིན་སྣ་ཚོགས་འཚོལ་སྡུད་དང་། ལམ་རྒྱགས་གྲ་སྒྲིག་བྱེད་པ། ས་ཁྲར་ལྟ་བ་སོགས་བྱེད་དགོས་པ་ལྟར་དངོས་སུ་ལམ་ལ་ཆས་ཚེ་རང་ཉིད་འགྲོ་བ་ལས་ཐབས་གཞན་མེད།

ཐོས་པ་དང་བསམ་པ། སྒོམ་པ(ལག་ལེན)གསུམ་ནི་རིམ་པ་བཞིན་དུ་བྱེད་དགོས་པའི་གོ་རིམ་ཞིག་ཡིན་ཞིང་། བོད་མིའི་ཁ་རྒྱུན་ལ། ཐོས་པ་ནི་ཉིན་གཅིག་ཆོག་ཀྱང་། བསམ་པ་ནི་ལོ་གཅིག་དང་། ལག་ལེན་ནི་མི་ཚེ་གཅིག་དགོས་ཞེས་ཟེར་བ་དེས། དེ་གསུམ་གྱིི་སྲོག་ཤིང་དང་གནད་ཆེ་ས་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་ཡོད།

གསུམ། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྱད་ཆོས།

བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལ་སྟབས་བདེའི་ཕྱོགས་བསྡུས་བྱས་ན་རྒན(དགེ་རྒན་ནམ་བླ་མ)བཀུར་སློབ་གཙོ་དང་ཕྱི་ནང་གཉིས་བརྩོན། སྔོན་རབས་པའི་བརྩམས་ཆོས་གཙིགས་སུ་འཛིན་པ། གོ་རིམ་ལྡན་པ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སོགས་ཀྱི་ཁྱད་ཆོས་ཡོད།

གོང་ནས་བཤད་པ་ནང་བཞིན། བོད་ཀྱི་སྲོལ་རྒྱུན་སློབ་གསོ་ནི་གཙོ་བོར་ཐོས་པ་དང་བསམ་པ། སྒོམ་པ(ལག་ལེན)གསུམ་གྱི་ཕྱོགས་ནས་སྤེལ་བ་ཡིན། ཕྱོགས་འདི་གསུམ་གང་ལ་མཚོན་ནའང་དགེ་རྒན་ཞུགས་ཏེ་འཁྲིད་སྟོན་གནང་མི་དགོས་པ་གཅིག་ཀྱང་མེད། བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་ལ་མཚོན་ན་མདོ་ཕྱོགས་སུ་བླ་མའི་གལ་ཆེའི་རང་བཞིན་ནི་སྨོས་མ་དགོས་ཤིང་། སྔགས་ཕྱོགས་སུ་དེ་བས་ཀྱང་གལ་ཆེ་བ་ནི། ཐོག་མར་དབང་བསྐུར་བ་ནས་མགོ་བརྩམས་ཏེ། བྱེ་བྲག་ཏུ་ཆོས་ཉམས་སུ་ལེན་པ་དང་། རྟོགས་པའི་འབྲས་བུ་ཤར་བ་སོགས་གང་གི་སྐབས་སུའང་བླ་མའི་འཁྲིད་སྟོན་དང་འབྲལ་ཐབས་མེད། བླ་མ་ལ་རིགས་མང་པོ་ཡོད་དེ། སྔགས་ཕྱོགས་ནས་བཤད་ན། ཆེས་གཙོ་ཆེ་ཤོས་ནི་རྩ་བའི་བླ་མ་དེ་ཉིད་ཡིན། བླ་མ་ལ་བརྩི་བཀུར་བྱེད་པ་ནི་ཕྱོགས་ཙམ་མ་ཡིན་པར། བྱེ་བྲག་གི་སློབ་སྦྱོང་ཁྲོད་དུ་དགེ་སློབ་གཉིས་ཀར་རེ་བ་ངེས་ཅན་རེ་ཡོད་དེ། གོ་བདེར་བཤད་ན། བླ་མ་ནི་བླ་མ་བཞིན་དུ་འཁྲིད་པ་དང་སྟོན་པ(རང་དཔེ་གཞན་སྟོན)གཉིས་ལ་མཁས་པ་དང་། སློབ་མ་ནི་སློབ་མ་བཞིན་དུ་སློབ་སྦྱོང་ལ་བརྩོན་དགོས། མདོ་སྔགས་གང་གི་སྐབས་སུའང་། ཚུལ་ལྡན་གྱི་བླ་མ་དང་སྣོད་ལྡན་གྱི་སློབ་བུ་ལ་རེ་བ་ཧ་ཅང་མཐོ། སློབ་མས་བླ་མ་བསྟེན་སྐབས་ངེས་པར་དུ་ཕྱོགས་མང་པོ་ཞིག་ནས་བརྟག་དགོས། བླ་སློབ་ཀྱི་འབྲེལ་པ་ཆགས་ཕྱིན། སློབ་མས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་འཛིན་དགོས། འདིས་བོད་ཀྱི་སྲོལ་རྒྱུན་སློབ་གསོར་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་ཞིག་བཙུགས་ཡོད། བླ་མ་ནི་དེ་འདྲ་གལ་ཆེ་བར་བརྟེན། བོད་བརྒྱུད་ནང་བསྟན་དུ་སྐྱབས་གསུམ་གྱི་སྟེང་བླ་མར་སྐྱབས་སུ་འགྲོ་བ་དེ་ཁ་སྣོན་བྱས་ཡོད་ཅིང“བླ་མ་ལ་སྐྱབས་སུ་མཆིའོ། ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ། ཆོས་ལ་སྐྱབས་སུ་མཆིའོ། ། དགེ་འདུན་ལ་སྐྱབས་སུ་མཆིའོ། །”ཞེས་པ་ནི་བོད་བརྒྱུད་ནང་བསྟན་དུ་རྒྱུན་དུ་འདོན་པའི་སྐྱབས་འགྲོའི་ཚིག་བཤད་ཡིན།

བོད་ཀྱི་ལོ་རྒྱུས་རིམ་བྱོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དགེ་སློབ་བར་གྱི་འབྲེལ་པ་བཟང་པོར་རྒྱས་བཤད་མང་པོ་མཛད་ཡོད། དཔེར་ན་དུས་རབས་བཅུ་དགུ་པའི་ནང་དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས《ཤེས་བྱ་ཀུན་ཁྱབ》ལས། དགེ་སློབ་བར་གྱིི་འབྲེལ་པ་ཆེད་དུ་གླེང་ཡོད་པ་ལྟ་བུ་དང་། མི་ལ་རས་པ་ནི་བོད་བརྒྱུད་ནང་བསྟན་དུ་དགེ་རྒན་ལ་བརྩི་ཆེ་བའི་དཔེ་མཚོན་ལེགས་ཤོས་ཤིག་ཡིན། ཁོང་གིས་རྗེ་བཙུན་མར་པ་སློབ་དཔོན་དུ་བསྟེན་དུས། རྗེ་བཙུན་མར་པས་ཁོང་ལ་ཚོད་བརྟག་སྣ་ཚོགས་བྱས་མོད། འོན་ཀྱང་ཁོང་ལ་མི་འདོད་པའི་སྐད་ཆ་སྤུ་ཙམ་ཡང་མེད་པར་ཧུར་བརྩོན་བྱས་པར་བརྟེན། མཇུག་མཐར་དགེ་རྒན་གྱི་དབང་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཐོབ། རྗེས་ནས་མི་ལ་རས་པས་སློབ་སྡུད་ཆོས་སྤེལ་བྱས་ཏེ། སློབ་མ་རས་ཆུང་པ་རྒྱ་གར་དུ་གསང་སྔགས་སློབ་པར་མངགས། རས་ཆུང་པས་སྦྱངས་པ་མཐར་ཕྱིན་རྗེས། མི་ལ་རས་པས་དགེ་རྒན་གྱི་ཆེ་ཉམས་སྤུ་ཙམ་ཡང་མེད་པར་ཕྱིར་རས་ཆུང་པ་ལས་གདམ་པ་བླངས།

བོད་ཀྱི་སྲོལ་རྒྱུན་སློབ་གསོས་གསོ་སྐྱོང་བྱས་པའི་ཚད་ལྡན་གྱི་གྲྭ་པ་ཞིག་ཡིན་ན། ཕྱི་ནང་གཉིས་ལ་བརྩོན་ཞིང་བཅུ་ཕྲག་རིག་པའི་གནས་ལ་བྱང་ཆུབ་དགོས། ཁོང་ཚོས་ནང་གི་རྟོགས་པ་ལ་བརྟེན་ནས་སེར་སྐྱ་མང་ཚོགས་ཀྱི་དད་གུས་ཐོབ་པར་མ་ཟད། ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་དང་། རྩེར་སོན་གྱི་རི་མོ་བཟོ་རྩལ། ཕུན་སུམ་ཚོགས་པའི་གནམ་རིག་སྐར་རྩིས་ཀྱི་ཤེས་བྱར་བརྟེན་ཏེ་མི་སེར་གྱི་སེམས་ཀྱི་སྡུག་བསྔལ་དང་དཀའ་ངལ་སེལ་བས། རང་གཞན་གཉིས་ཀར་ཕན་པའི་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་སྙིང་སྟོབས་དེ་མངོན་འགྱུར་བྱས་པ་རེད། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སྟེང་ས་སྐྱ་པཎྜི་ཏ་དང་བུ་སྟོན་རིན་པོ་ཆེ་ལྟ་བུའི་མི་སྣ་བགྲང་ལས་འདས་པ་ཞིག་བྱོན་མྱོང་ཡོད་པ་ལྟ་བུ་རེད།

དགེ་ལུགས་པ་གཙོ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་སྦྱང་བྱ་ལ་བལྟས་ན། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྲོད་དུ་སྔོན་རབས་པའི་གསུང་རྩོམ་ལ་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་འབུར་དུ་ཐོན་པར་མངོན་ཡོད། འདིར་སྔོན་རབས་པའི་གསུང་རྩོམ་ལ་མཐོང་ཆེན་བྱེད་ཅེས་པ་ནི། བོད་བརྒྱུད་ནང་བསྟན་གྱིས་རྩ་གཞུང་ངམ་སངས་རྒྱས་ཀྱི་གསུང་ལ་མཐོང་ཆེན་མི་བྱེད་པ་མ་ཡིན་པར། བོད་བརྒྱུད་ནང་བསྟན་གྱིས་སངས་རྒྱས་ཀྱི་གསུང་རབ་དག་སྤྱིར་བཏང་གི་མི་ལ་མཚོན་ན་ཧ་ཅང་གཏིང་ཟབ་པ་ཞིག་ཡིན་པས། ཐོག་མ་ཉིད་ནས་རང་གི་ནུས་པ་ཁོ་ནར་བརྟེན་ན་རྟོགས་མི་ཐུབ་པར། སྔོན་ལ་མཁས་པའི་དགོངས་འབྲེལ་གྱི་བསྟན་བཅོས་ལ་བརྟེན་ན་ད་གཟོད་ལམ་ཞིག་རྙེད་ཐུབ་ཅིང་། གཞུང་ལུགས་ལ་སློབ་སྦྱོང་བྱས་ན་ད་གཟོད་སྡེ་སྣོད་གསུམ་གྱི་དགོངས་དོན་རིམ་བཞིན་རྟོགས་ཐུབ་པར་འདོད། དོན་དངོས་སུ་འདི་ནི་གོང་དུ་སྨྲས་པའི་གོ་རིམ་ལྡན་པ་ཞེས་པ་དེར་ཐུག་ཡོད། མདོ་ཕྱོགས་ལ་མཚོན་ན།“ཀློག་གི་སྔོན་ལ་ཡིག་ངོ་ཆོད་དགོས”ཟེར་བ་ལྟར། ཐོག་མར་སྒྲ་རིག་པའི་གཞི་རྩའི་ཤེས་བྱ་ལ་སློབ་སྦྱོང་བྱ་དགོས། དུས་མཚུངས་སུ་བྱང་ཆུབ་སེམས་དཔར་ཇི་ལྟར་འགྱུར་བ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཇི་ལྟར་བསླབ་པ་སོགས་ལ་རྒྱུས་ལོན་རྗེས། འདུལ་ཁྲིམས་ལ་སློབ་སྦྱོང་བྱེད་པ་ནི་གྲྭ་སྲོལ་དང་དགོན་པའི་སྒྲིག་སྲོལ་ལ་རྒྱུས་ལོན་བྱེད་ཆེད་ཡིན་པ་དང་། ཆོས་མངོན་པ་དང་ཚད་མ་ལ་སློབ་སྦྱོང་བྱེད་པ་ནི་མཚན་ཉིད་རིག་པའི་ཕྱོགས་ཀྱི་ཤེས་བྱ་སྦྱང་ཆེད་དང་། དབུ་མར་སློབ་སྦྱོང་བྱེད་པ་ནི་ཆོས་ཉིད་རིག་པའི་ཕྱོགས་ཀྱི་ཤེས་བྱ་སྦྱང་ཆེད་དང་། ཕར་ཕྱིན་ལ་སློབ་སྦྱོང་བྱེད་པ་ནི་མདོ་ཕྱོགས་སུ་ཆེས་མཐོ་བའི་དུས་རིམ་ཡིན། དེའི་རྗེས་ནས་སྔགས་ལ་ཞུགས་ནས་སློབ་སྦྱོང་བྱེད་པ་ཡིན། དེ་ལའང་གོང་དང་འདྲ་བར་དབང་ནས་བཟུང་སྟེ་བསྐྱེད་རིམ་དང་རྫོགས་རིམ་རྣམས་རིམ་པར་ཉམས་ལེན་བྱེད་དགོས།

བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་ཤེས་པའི་རང་བཞིན་དང་སྤྱོད་པའི་རང་བཞིན། རིག་པའི་རང་བཞིན་བཅས་རིམ་པ་གསུམ་གྱི་སློབ་གསོ་ལ་གཅིག་རམ་གཅིག་འདེགས་དང་ཕན་ཚུན་ཁ་གསབ་ཀྱི་འབྲེལ་པ་དམ་པོ་ཡོད། དེ་གསུམ་གཅིག་ལ་གཅིག་རྟེན་གྱི་འབྲེལ་པ་བཟང་པོ་དེ་ནི་བྱེ་བྲག་གི་སློབ་གསོའི་ལག་ལེན་ཁྲོད་བཤད་སྒྲུབ་ཟུང་འཇུག་ཟེར་བ་དང་། ཡང་ན་སྐད་ཆ་གཞན་ཞིག་གིས་བཤད་ན། གཏིང་ཟབ་ཅིང་ཡང་དག་པའི་དབུ་མའི་ལྟ་བ་དང་རྒྱ་ཆེ་བའི་རྣལ་འབྱོར་གྱི་སྤྱོད་པ་གཉིས་ཕན་ཚུན་གཞོགས་འདེགས་བྱེད་པ་སྟེ། ལྟ་བ་ལ་བརྟེན་ནས་སྤྱོད་པ་ལ་འཇུག་པ་དང་། སྤྱོད་པའི་ཐོག་ནས་ལྟ་བ་བསྒྲུབ་པ། ལྟ་སྤྱོད་ཡ་མ་བྲལ་བར་ཉམས་སུ་བླངས་པས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་རོ། །

བཞི། དེང་རབས་སློབ་གསོའི་མཐོང་སྣེ་འོག་གི་བོད་ཀྱི་སྲོལ་རྒྱུན་སློབ་གསོ།

དེང་རབས་སློབ་གསོའི་འདུ་ཤེས་དང་སྒྲིག་གཞི་ནི་ནུབ་ཕྱོགས་ནས་དར་ཡོང་བར་མ་ཟད། རིམ་བཞིན་གོ་ལ་ཧྲིལ་བོར་ཤུགས་རྐྱེན་ཐེབས་པ་རེད། ཁོ་བོའི་བསམ་ཚུལ་ལྟར་ན། དེང་རབས་སློབ་གསོ་དང་སྲོལ་རྒྱུན་སློབ་གསོའི་ཆེས་མངོན་གསལ་གྱི་ཁྱད་པར་ནི་གཤམ་གྱི་གནད་འགའ་ལ་ཐུག་ཡོད་པར་སྙམ།

གཅིག སློབ་གསོའི་དམིགས་ཡུལ་གྱི་ཡོངས་ཁྱབ་ཅན། སྲོལ་རྒྱུན་སློབ་གསོའི་ཁ་གཏད་ཡུལ་ནི་སྤྱི་ཚོགས་སྟེང་གི་མཐོ་རིམ་མི་སྣ་དང་ཕུལ་བྱུང་ཅན་ཡིན་པ་ལས། རྒྱ་ཆེའི་མང་ཚོགས་ནི་སློབ་གསོ་མྱོང་ཡུལ་ནས་རིང་དུ་བྲལ་ཡོད་པ་སྟེ་བོད་ཀྱི་སྲོལ་རྒྱུན་སློབ་གསོའང་དེ་ལས་མ་འདས་སོ། ། དེང་རབས་སློབ་གསོ་ནི་རྒྱལ་ཁབ་ཀྱིས་དངོས་སུ་རྩ་འཛུགས་བྱེད་པ་དང་། མང་ཚོགས་ཡོངས་ལ་རྒྱལ་དམངས་སློབ་གསོ་ལག་བསྟར་བྱས་ནས་ཀུན་ལ་ཕན་འབྲས་ཐོབ་པ་ཡིན།

གཉིས། སློབ་གསོའི་ནང་དོན་གྱི་མི་ཆོས་ཅན། དེང་རབས་སློབ་གསོ་དེ་སྔོན་བཞིན་ཆོས་ལུགས་ཀྱིས་ཕྱོགས་སྟོན་མི་བྱེད་པར། རང་བྱུང་ཁམས་དང་མིའི་རིགས་སྤྱི་ཚོགས་ལ་དོན་དངོས་དང་མཐུན་པར་ཞིབ་བརྗོད་དང་ཞིབ་འཇུག་བྱེད་པ་དར་སྤེལ་བྱེད་པ་ཡིན།

གསུམ། སློབ་གསོའི་བྱེད་སྟངས་དང་བྱེད་ཐབས་སྣ་མང་ཅན་ཡིན་པ། སྲོལ་རྒྱུན་སློབ་གསོ་དང་བསྡུར་ན་དེང་རབས་སློབ་གསོས་དགེ་རྒན་གཅིག་གིས་སློབ་མ་གཅིག་ལ་འཁྲིད་པ་དང་འཛིན་གྲྭ་ཆུང་བར་འཁྲིད་པ། འཁོར་བསྐྱོད་སློབ་ཁྲིད། རྒྱང་བསྟེན་སློབ་ཁྲིད་སོགས་སྣ་མང་ཅན་གྱི་སློབ་ཁྲིད་དར་སྤེལ་གཏོང་བ་མ་ཟད། དེ་དང་མཉམ་དུ་དེང་རབས་ཚན་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ་སྨྱན་མང་གཟུགས་དང་། moocསློབ་ཁྲིད་སོགས་ཀྱི་སློབ་ཁྲིད་བྱེད་ཐབས་ལག་ལེན་བྱས་པས། ང་ཚོས་ཤེས་ཡོན་བསྡུ་ལེན་བྱེད་པའི་ཐབས་ཤེས་རྒྱ་ཆེར་བསྐྱེད།

བཞི། སློབ་གསོའི་འདུ་ཤེས་རྒྱ་བསྐྱེད་པ། སྲོལ་རྒྱུན་སློབ་གསོས་ཆེས་མཐོང་ཆེན་བྱེད་པ་ནི་ཤེས་བྱ་རྒྱུད་འཛིན་བྱེད་པ་དེ་ཡིན། དེང་རབས་སློབ་གསོ་སྟེ་ཁྱད་པར་དུ་མཐོ་རིམ་སློབ་གསོས་ཆེས་མཐོང་ཆེན་བྱེད་པ་ནི། སློབ་མའི་མཐའ་དཔྱོད་རང་བཞིན་གྱི་བསམ་གཞིག་དང་གསར་གཏོད་ཀྱི་ནུས་པ་དར་སྤེལ་བྱེད་པ་དེའོ། །

དེང་རབས་སློབ་གསོ་དབྱར་མཚོ་རྒྱས་པ་བཞིན་འཕེལ་བ་འདིས་སྲོལ་རྒྱུན་སློབ་གསོར་མཚོན་ན། དེ་ནི་གོ་སྐབས་ཡིན་ལ་འགྲན་སློང་ཡང་ཡིན། དེང་རབས་སློབ་གསོའི་མཐོང་སྣེ་ནས་བོད་ཀྱི་སྲོལ་རྒྱུན་སློབ་གསོར་ཇི་ལྟར་ཞིབ་ལྟ་བྱ་རྒྱུ་ནི། ཕལ་ཆེར་བོད་ཀྱི་སློབ་གསོར་ཐུགས་ཁུར་གནང་མཁན་ཐུན་མོང་གིས་བསམ་གཞིག་གཏོང་བའི་གནད་དོན་ཞིག་ཡིན། ང་ཚོས་རྨོངས་ཚོད་རང་རློམ་གྱིས་གནའ་མིས་གནད་དོན་ཡོད་ཚད་ཐག་གིས་བཅད་ཟིན་པར་བསམ་སྟེ། སྔོན་རབས་པའི་བྱས་རྗེས་སྟེང་ཉལ་བསྡད་ནས་ཁ་གསབ་ཀྱི་བྱ་བ་འགའ་བསྒྲུབས་ནས་འདུག་མི་རུང་ལ། རང་མཐོང་རང་གཅོག་གིས་སྲོལ་རྒྱུན་སློབ་གསོ་ནི་དགོས་མེད་ཅིག་ཏུ་མཐོང་སྟེ་ཐབ་གཞི་ལོགས་སུ་འཛུགས་པའི་བསམ་ཚུལ་ཡང་སྐྱེས་མི་རུང་། ཁོ་བོའི་བསམ་ཚུལ་ལྟར་ན། བོད་ཀྱི་སློབ་གསོ་དང་སྒོས་སུ་མཐོ་རིམ་སློབ་གསོའི་མདུན་དུ་ལྷགས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་འགའ་ཡོད་པ་ནི་གཤམ་གསལ་ལྟར།

༡. དེང་རབས་སྤྱི་ཚོགས་སུ་རྐང་ཚུགས་ཏེ། སྔར་ཡོད་ཀྱི་བསམ་གཞིག་བསྒྱུར་བ། གོང་དུ་གླེང་བ་བཞིན། དེང་རབས་སློབ་གསོས་སྐྱེད་སྲིང་བྱས་པའི་མི་ནི་མཐའ་དཔྱོད་རང་བཞིན་གྱི་བསམ་གཞིག་དང་གསར་གཏོད་ཀྱི་ནུས་པ་ལྡན་པའི་མི་གསར་པ་ཡིན་པ་དང་། མིའི་རིགས་སྤྱི་ཚོགས་ཀྱི་མ་འོངས་པར་བྱས་རྗེས་ཆེན་པོ་འཇོག་ཐུབ་མཁན་ཞིག་ཡིན་འོས། ང་ཚོས་སློབ་སྦྱོང་གི་གོ་རིམ་ཁྲོད་རང་འགུལ་གྱིས་བསམ་གཞིག་གཏོང་བ་དང་། དོགས་སློང་གི་སྙིང་སྟོབས་ལྡན་པ། མཐའ་དཔྱོད་རང་བཞིན་གྱི་བསམ་གཞིག་ལྡན་པ་བཅས་དར་སྤེལ་བྱེད་པ་ལས། སྔར་སྲོལ་དམ་སྲུང་དང་ཁ་ཉན་ཚིག་བརྩི་བྱེད་པ་མ་ཡིན་ནོ། ། མཐའ་དཔྱོད་རང་བཞིན་གྱི་བསམ་གཞིག་གི་རིགས་འདི་ནི་མཐའ་གཅིག་ཏུ་མི་བསམ་དགུ་བསམ་དང་སྔར་མེད་གསར་གཏོད་བྱེད་པ་ཞིག་མ་ཡིན་པར། སྔ་རབས་པའི་འབྲས་བུ་ལ་སློབ་སྦྱོང་རྒྱ་ཆེར་བྱེད་པ་དང་གཟབ་ནན་གྱིས་བསམ་གཞིག་དབྱེ་འབྱེད་བྱས་པའི་རྨང་གཞིའི་སྟེང་མ་འོངས་པར་མནོ་བསམ་གཏོང་བ་ཞིག་ཡིན། འདིའི་ཕྱོགས་ནས“བོད་ཀྱི་མི་ཆོས་རིང་ལུགས་ཀྱི་སྔོན་བྱོན་དམ་པ”དགེ་འདུན་ཆོས་འཕེལ་ཀྱིས་ང་ཚོར་སྔར་ལས་ལྷག་པའི་བློ་སྒོ་ཕྱེ་ཡོད།

༢. སྲོལ་རྒྱུན་སློབ་གསོའི་དགེ་མཚན་དང་ཞན་ཆར་དཔྱད་ཞིབ་ནན་མོ་བྱས་ཏེ། དོན་དངོས་སུ་བླང་དོར་སྒོས་འཇུག་ཐུབ་དགོས། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་དགེ་མཚན་ཆེ་ཤོས་ནི་ཤེས་བྱའི་རང་བཞིན་དང་ཀུན་སྤྱོད་རང་བཞིན། འདས་པའི་རང་བཞིན་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་སྟེ་མཁྱེན་རྒྱ་ཡངས་དགོས་ལ་ཀུན་སློང་གཙང་མས་རང་དཔེ་སྟོན་དགོས་པར་མ་ཟད། དེ་བས་ཀྱང་འཁོར་བའི་ཟང་ཟིང་ལས་བྲལ་ཏེ་འཇིག་རྟེན་ཞེན་ཆགས་ཀྱི་འཆིང་རྒྱ་ལས་ཐར་ཐབས་བྱ་རྒྱུ་དེ་རེད། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཞན་ཆ་ཆེ་ཤོས་ནི་ཆོས་ལུགས་རང་བཞིན་གྱི་ལམ་སྟོན་ཚད་ལས་བརྒལ་བ་དང་། འཇིག་རྟེན་འཁོར་བའི་དོ་ཁུར་དང་བྱས་རྗེས་ལ་མཐོང་ཆེན་མི་བྱེད་པ་དེ་རེད། འཛམ་གླིང་གཅིག་གྱུར་ཅན་དུ་འགྱུར་བའི་དུས་འདིར། བོད་ཀྱི་རིག་གནས་དང་སྔོན་ཐོན་རིག་གནས་གཞན་དག་བར་གྱི་འབྲེལ་སྦྱོར་དང་མཉམ་འགུལ་ལ་མི་ཕན་པ་དེ་རེད།

༣. སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོའི་བར་གྱི་མཐུན་གནས་གསལ་བོར་འཚོལ་དགོས། སློབ་གསོའི་རྩ་བའི་དམིགས་ཡུལ་ལ་གཉིས་ལས་མེད་དེ། གཅིག་ནི་མིའི་རིགས་ཀྱི་ཤེས་རིག་རྒྱུན་འཛིན་བྱ་རྒྱུ་དང་། ཅིག་ཤོས་ནི་མིའི་རིགས་ཀྱི་ཤེས་བྱ་གོང་འཕེལ་དང་གསར་གཏོད་བྱ་རྒྱུ་དེ་ཡིན་ཞིང་། སློབ་གསོའི་སྲོག་ཤིང་ཡང་མི་གཤིས་འཐུས་ཚང་དུ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། སྲོལ་རྒྱུན་སློབ་གསོ་ལ་ཤེས་བྱ་རྒྱུད་འཛིན་བྱེད་པའམ་ཡང་ན་ཤེས་བྱ་གསར་གཏོད་བྱེད་པའི་ཐད་གང་ཡིན་རུང་། ང་ཚོས་དཔྱད་གཞིར་བཟུང་ཆོག་པའི་གནས་ཡོད། རྒྱུད་འཛིན་གྱི་ཐད་ནས་སྨོས་མ་དགོས་ཏེ། ཡི་གེ་བྱུང་བ་ནས་བཟུང་བོད་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་རིག་གནས་འཕེལ་རྒྱས་ཀྱིས་དེ་ལ་ར་སྤྲོད་བྱས་ཡོད། གསར་གཏོད་ཁྱད་འཕགས་ཀྱི་མངོན་ཚུལ་ནི་རྒྱ་གར་གྱི་ནང་བསྟན་རིག་གནས་ནང་འདྲེན་དང་བསྡུ་ལེན། མཉམ་འདྲེས་བཅས་བྱས་ཏེ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཉིད་གྲུབ་པ་དེ་ཡིན། དེར་བརྟེན། ང་ཚོས་ཀྱང་ཕྱོགས་གཅིག་ནས་ཤེས་བྱ་རྒྱུད་འཛིན་ཐད་ལ་འབད་བརྩོན་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཤེས་བྱ་གསར་གཏོད་བྱ་རྒྱུའི་ཐད་སྔར་ཡོད་ཀྱི་མཁྲེགས་འཛིན་ལྟ་བ་དོར་ནས་དང་ལེན་གྱི་སེམས་ཁམས་དང་ཁེངས་སྐྱུང་གི་རྣམ་འགྱུར་གྱིས་སྔོན་ཐོན་རིག་གནས་སྣ་ཚོགས་བསྡུ་ལེན་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་རིག་གནས་སྔར་ལས་དར་སྤེལ་དང་ཕུན་སུམ་ཚོགས་པར་གཏོང་དགོས། མི་གཤིས་འཐུས་ཚང་གི་མི་གསོ་སྐྱོང་བྱེད་པའི་ཕྱོགས་ནས། བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལ་ཡང་ཐོན་ཁུངས་མང་པོ་ཞིག་ང་ཚོས་སྔོག་འདོན་དང་བེད་སྤྱོད་གཏོང་དགོས་འདུག། ང་ཚོས་རྟག་ཏུ“སྤུས་དག་གི་རང་ཕན་རིང་ལུགས་པ”གསོ་སྐྱོང་བྱེད་པར་སེམས་ཁྲལ་བྱེད་ཀྱིན་ཡོད་པ་དང“མིག་རྒྱང་མཐོ་ཡང་འཇོན་ཐང་དམན་པའི་མི”གསོ་སྐྱོང་བྱེད་པར་ཡང་སེམས་ཁྲལ་བྱེད་ཀྱིན་ཡོད། གོང་དུ་གླེང་ཟིན་པའི་བོད་ཀྱི་སྲོལ་རྒྱུན་སློབ་གསོས་ཤེས་བྱའི་རང་བཞིན་དང་། ཀུན་སྤྱོད་ཀྱི་རང་བཞིན། འདས་པའི་རང་བཞིན་བཅས་ལག་བསྟར་བྱས་ཚེ། དེའི་ཐད་ལ“ཡོ་བསྲང”གི་ནུས་པ་ཐོན་ཐུབ་ངེས་རེད།

ལྔ། མཇུག་བསྡུ་བ།

དེང་རབས་སློབ་གསོའི་མཐོང་སྣེ་འོག་གི་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ནི་ཞིབ་འཇུག་བྱ་གཞི་ཆེན་པོ་ཞིག་ཡིན་ལ། ད་ལྟ་དངོས་སུ་སྒྲུབ་བཞིན་པའི་དོན་རྐྱེན་ཞིག་ཀྱང་ཡིན། ཁོ་བོ་ནི་སློབ་གསོ་སྒྲུབ་མཁན་ནམ་སློབ་གསོ་མྱོང་མཁན་ཞིག་ཡིན་པའི་ཆ་ནས། ཐོག་མར་རྒྱ་ཡིག་དང་ཕྱི་ཡིག བོད་ཡིག་བཅས་ཀྱི་སྐད་བབ་ནས་སློབ་གསོའི་མཚན་ཉིད་དང་། དེ་མིན་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་མཚན་ཉིད་ལ་འགྲེལ་བཤད་མདོར་བསྡུས་ཤིག་བྱས་ཡོད་པ་དང་། དེ་ནས་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཐབས་ཤེས་དང་ཁྱད་ཆོས་མདོ་ཙམ་གླེང་ཡོད། མཇུག་མཐར་དེང་རབས་སློབ་གསོའི་མཐོང་སྣེ་རུ་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་གོ་སྐབས་དང་འགྲན་སློང་ལ་ཞིབ་ལྟ་བྱས་ཡོད། ཡིག་ཚོགས་མང་བར་དོགས་ནས་གནད་དོན་གང་མང་ཞིག་ལ་ཞིབ་འཇུག་གཏིང་ཟབ་ཅིག་བྱས་མེད་པར། གནད་དོན་ཁ་ཤས་ཤིག་ད་རུང་བསམ་གཞིག་གི་དུས་རིམ་དུ་ཡོད་ཅིང་། དོན་དངོས་བརྟག་དཔྱད་ཀྱི་རྒྱབ་རྟེན་མེད་པས་ཅུང་ཙམ་ཉམ་ཆུང་བར་མངོན་འདུག

གང་ལྟར། རྩོམ་ཡིག་འདི་འབྲི་བའི་དམིགས་ཡུལ་ནི《བོད་ཀྱི་སློབ་གསོའི》སྟེགས་བུ་འདི་སྤྱད་ནས། བོད་ཀྱི་སློབ་གསོར་ཐུགས་ཁུར་དང་རྒྱབ་སྐྱོར་རེ་བྱེད་པ་དང་མཉམ་དུ། བོད་ཀྱི་སློབ་གསོའི་འཕེལ་རྒྱས་ལ་རང་ཉིད་ཀྱི་ནུས་ཤུགས་འདོན་རྒྱུར་འབོད་སྐུལ་བྱས་པ་ཡིན། །

(རྟ་མགྲིན་ཚེ་རིང་གིས་བསྒྱུར)



རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1