ཀན་ལྷོ་ཁུལ་གྱི་བོད་རིགས་སློབ་འབྲིང་སོ་སོས་གཞི་རྩའི་བྱང་ཚད་སློབ་གསོ་ལག་བསྟར་བྱེད་ཚུལ་ཐད་ཀྱི་བསམ་ཚུལ་འགའ།

རྭ་སྒྲོལ་དཀར་སྐྱབས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


[གནད་བཏུས] དུས་རབས་ཉེར་གཅིག་པའི་གཞི་རྩའི་བྱང་ཚད(核心素养)ཅེས་པ་བརྗོད་གཞི་བྱས་པའི་སློབ་གསོ་བཅོས་སྒྱུར་ཐོན་ལ་ཉེ་བའི་དུས་འདིར། ཀན་ལྷོ་ཁུལ་གྱི་བོད་རིགས་སློབ་འབྲིང་སོ་སོར་ཕྲད་པའི“སློབ་གསོ་བཅོས་སྒྱུར”དང་།“སློབ་ཁྲིད་བཅོས་སྒྱུར”“བསླབ་དེབ་བཅོས་སྒྱུར”“ཆ་འཕྲིན་ལག་རྩལ་ནང་འདྲེན་བྱེད་པ”“དགེ་རྒན་གྱི་རྒྱུ་སྤུས་མཐོ་རུ་འདེགས་པ”“བོད་རང་གི་ཁྱད་ཆོས་དང་མཐུན་པའི་ཀུན་སྤྱོད་སློབ་གསོ་སྤེལ་བ”བཅས་གནད་དོན་གཙོ་ཤོས་ཕྱོགས་དྲུག་ཁོལ་དུ་ཕྱུང་བ་དང་ཟུང་འབྲེལ་གྱིས་སློབ་གསོའི་དགོངས་དོན་འདི་ལག་ལེན་མཐིལ་ཕྱིན་དུ་བསྟར་བར་རང་གི་བསམ་ཚུལ་འགའ་བརྗོད་ཡོད།

[གནད་ཚིག] ཀན་ལྷོ་ཁུལ། གཞི་རྩའི་བྱང་ཚད། སློབ་གསོ་བཅོས་སྒྱུར།


དེང་དུས་སུ་དཔལ་འབྱོར་འཛམ་གླིང་ཅན་དང་།ཆབ་སྲིད་དམངས་གཙོ་ཅན། རིག་གནས་སྣ་མང་ཅན། སྤྱི་ཚོགས་ཆ་འཕྲིན་ཅན་བཅས་ཀྱི་འཕེལ་ཕྱོགས་གཞིར་བཟུང་སྟེ་འཛམ་གླིང་རྒྱལ་ཁབ་སོ་སོས་རང་རང་གི་དངོས་ཡོད་གནས་ཚུལ་དང་འཚམ་པའི་སློབ་གསོའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་གིན་ཡོད། རང་རྒྱལ་གྱི་སློབ་གྲྭའི་སློབ་གསོས་ཀྱང་ཆེས་ཐོག་མར་མི་རིགས་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ལས་འགན་ཁུར་དུ་བཞེས་པ་དང་། དེའི་རྗེས་སུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙིགས་སུ་བཟུང་བ་དང་། ད་ལྟ་ཡང་སློབ་གསོ་བཅོས་སྒྱུར་ཐེངས་དགུ་པ་སྟེ་གཞི་རྩའི་བྱང་ཚད་གསོ་སྐྱོང་ཞེས་པ་འདིས་རྒྱལ་སྤྱིའི་འགྲན་རྩོད་དུ་ཞུགས་ཐུབ་ཅིང་ཤེས་འཇོན་ནུས་གསུམ་ལྡན་པའི་ཀྲུང་གོ་པ་གསོ་སྐྱོང་བྱེད་པ་དམིགས་ཡུལ་དུ་བཟུང་ཡོད། སློབ་གསོའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ང་ཚོ་ཡང་བཅོས་སྒྱུར་གྱི་ལམ་དུ་བསྐྱོད་པར་བྱེད་པ་ལ།

གཅིག གཞི་རྩའི་བྱང་ཚད་སློབ་གསོ་མདོ་ཙམ་གླེང་བ།

གཞི་རྩའི་བྱང་ཚད་ཅེས་པ་འདི་ནི་རང་རྒྱལ་གྱི་པེ་ཅིན་དགེ་འོས་སློབ་ཆེན་དང་ཧྭ་ནན་དགེ་འོས་སློབ་ཆེན། ཧོ་ནན་དགེ་འོས་སློབ་ཆེན། ཧྲན་ཏུང་དགེ་འོས་སློབ་ཆེན། ལིའོ་ཉིང་དགེ་འོས་སློབ་ཆེན་བཅས་མཉམ་འབྲེལ་བྱས་ནས་ཞིབ་འཇུག་བྱས་པ་ཞིག་སྟེ། ཞིབ་འཇུག་ཚོགས་པ་འདིས་རྒྱལ་སྤྱིའི་ཚོགས་པ་གསུམ་དང་ཕྱིའི་རྒྱལ་ཁབ21གི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་སྟེང་དུ། 2013ལོར་སྔ་རྗེས་སུ་པེ་ཅིན་དང་ཧྭ་ནན། ཧོ་ནན། ཧྲན་ཏུང་། ལིའོ་ཉིང་བཅས་ནས་ཆེད་མཁས་པ608ལ་བློ་དྲིས་ནས(1)བདེ་ཐང་བདེ་འཇགས་དང་། (2)རྨང་གཞི་ཤེས་བྱ། (3)སློབ་སྦྱོང་དང་འཕེལ་རྒྱས། (4)འབྲེལ་འདྲིས། (5)སྤྱི་དམངས་འདུ་ཤེས་བཅས་ཕྱོགས་ཆེན་པོ་ལྔ་ལ་ནང་གསེས་དབྱེ་བ46ཏུ་ཕྱེ་ནས་ཆེས་ཐོག་མའི་སྒྲོམ་གཞི་བཙུགས་ཏེ་ཞིབ་འཇུག་བྱེད་མགོ་བརྩམས་ཤིང་།མཐར་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་གཞི་རྩའི་བྱང་ཚད་སྐོར་གྱི་དམིགས་ཚད་གཏན་ལ་ཕབ་ཐུབ་པ་བྱུང་ཡོད་དེ། སློབ་གྲྭ་ཆུང་འབྲིང་གི་གཞི་རྩའི་བྱང་ཚད①ནི་རྒྱ་ཡིག་གི་ཡིག་འབྲུ་བརྒྱ་དང་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཡིན་ལ། དེར་ཕྱོགས་ཆེན་པོ་གསུམ་ལ་གཞི་རྩའི་བྱང་ཚད་དྲུག་པོར་གཙོ་གནད་བཅོ་བརྒྱད་དུ་ཕྱེ་ཡོད། (གཤམ་གྱི་དཔེ་རིས་ལས་གསལ)གཞི་རྩའི་བྱང་ཚད(核心素养)ཅེས་པའི་དགོངས་དོན་འདི2017ལོའི་སྟོན་ཁར་སློབ་ཆུང་ནས་མགོ་ཚུགས་ཏེ་ལག་བསྟར་བྱ་འཆར་ཡོད་པ་རེད། མཐོ་འབྲིང་དངོས་ལུགས་ལ་མཚོན་ནས་བཤད་ན་གཞི་རྩའི་བྱང་ཚད་བཞི་ནི། (1)དངོས་ལུགས་ཀྱི་ལྟ་བ(འདིར་དངོས་ལུགས་ཀྱི་མཚན་ཉིད་དང་གཏན་སྲོལ་སོགས་འདུ)དང་། (2)ཚན་རིག་གི་བསམ་གཞིག་བྱེད་ཐབས། (3)ཚན་རིག་འཚོལ་ཞིབ། (4)ཚན་རིག་ཉམས་འགྱུར་དང་འོས་འགན་བཅས་ཡིན་པ་ལས། མཐོ་འབྲིང་དངོས་ལུགས་ཀྱི་ལྟ་བ་ལ་དངོས་པོའི་ལྟ་བ་དང་ནུས་ཚད་ཀྱི་ལྟ་བ། འགུལ་རྣམ་དང་ཕན་ཚུན་བྱེད་ནུས་ཀྱི་ལྟ་བ་བཅས་ཕྱོགས་ཆེན་པོ་གསུམ་ལ་ནང་གསེས་རེ་རེ་བཞིན་དབྱེ་ན་དོན་སྤྱི220དང་།གཏན་སྲོལ27 ངེས་སྲོལ4 ངེས་ལུགས2 ཆོས་ཉིད9 རྩ་བའི་རིགས་པ37 ཆ་རྐྱེན24 མཉམ་བྱ5 ནུས་སྣང5 གཏན་འཁེལ3 སྨྲ་བ5བཅས་ཡོད། ཚན་རིག་གི་བསམ་གཞིག་བྱེད་ཐབས་ལ་དཔེ་དབྱིབས་བཞེངས་པ་དང་ཚན་རིག་རིགས་འདེད། ཚན་རིག་བདེན་དཔང་།དོགས་སློང་གསར་གཏོད་བཅས་ཕྱོགས་ཆེན་པོ་བཞི་ལ་ནང་གསེས་དབྱེ་བ10ཡོད་པར་མ་ཟད། དེ་དག་རེ་རེར་ཡང་དབྱེ་བ་མང་པོ་ཡོད་དེ། དཔེར་ན། འདོད་མཐུན་དཔེ་དབྱིབས་ལ་ཞིབ་འཇུག་བྱ་ཡུལ་གྱི་དཔེ་དབྱིབས10དང་། བརྒྱུད་རིམ་དཔེ་དབྱིབས11 ཆ་རྐྱེན་དཔེ་དབྱིབས10བཅས་བསྡོམས་པས31ཡོད་པ་ལྟ་བུའོ། ། ཚན་རིག་འཚོལ་ཞིབ་ལ་འཚོལ་ཞིབ་གོ་རིམ7དང་། སློབ་མས་ངེས་པར་བསྒྲུབ་དགོས་པའི་དངོས་བཤེར16 དམར་ཁྲིད35བཅས་ཡོད། ཚན་རིག་ཉམས་འགྱུར་དང་འོས་འགན་ལ་ཚན་རིག་གི་ངོ་བོ་དང་ཚན་རིག་ཉམས་འགྱུར། སྤྱི་ཚོགས་འོས་འགན་བཅས་རྒྱུ་གསུམ་ཡོད་པ་རེད། དེ་བཞིན་བསླབ་ཚན་གཞན་པར་ཡང་གཞི་རྩའི་བྱང་ཚད་ཇི་ཙམ་ཡོད་པ་དེ་ཙམ་ཞིབ་ཏུ་བརྟགས་ན། སློབ་གསོ་བཅོས་སྒྱུར་ཐེངས་དགུ་པ་གཞི་རྩའི་བྱང་ཚད་ཀྱི་གསོ་སྐྱོང་ཞེས་པ་འདི་ལག་ལེན་དུ་གདབ་པར་བསླབ་ཚན་རྨང་གཞི་ཡོད་སྙམ། གཞན་ཡང་། ད་ལྟ་སྤྱོད་བཞིན་པའི(མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ)མཐོ་འབྲིང་དངོས་ལུགས་བསླབ་དེབ་ཏུ་གསོ་སྐྱོང་བྱ་རྒྱུའི་གཞི་རྩའི་བྱང་ཚད550འདུས་ཡོད་པས། དངོས་ལུགས་ནི་མཐོ་འབྲིང་བསླབ་ཚན་ཡོངས་ཀྱི་གཙོ་བོ་རུ་གྱུར་ཡོད་པ་དེ་བཞིན་དུ། ང་ཚོས་ཡང་བསྐྱར་བསླབ་ཚན་སོ་སོའི་གཙོ་ཕལ་དབྱེ་བ་དང་དེར་བསྟུན་གྱི་སློབ་ཁྲིད་དུས་ཚོད་བཀོད་སྒྲིག་བྱེད་པ་སོགས་ལ་བཅོས་སྒྱུར་འོས་འཚམ་ཞིག་བྱེད་དགོས་སྙམ།

གཉིས། སློབ་གསོ་བཅོས་སྒྱུར་ནི་སློབ་ཁྲིད་བྱེད་ཚུལ་བཅོས་སྒྱུར་བྱེད་པ་ནས་མགོ་འཛུགས་དགོས།

འདས་པའི་ལོ་ངོ་བཅུའི་རིང་ལ།“བྱང་ཚད་སློབ་གསོ”ནས“བསླབ་གཞིའི་དམིགས་ཚད་གསར་པ”དང་། དེ་ནས“གཞི་རྩའི་བྱང་ཚད”བཅས་སློབ་གསོ་བཅོས་སྒྱུར་ཐེངས་གསུམ་བྱུང་ཞིང་། འདིས་ཀྲུང་གོའི་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པ་མཚོན་ཐུབ་ལ། སློབ་གསོ་ལ་སྤྱི་དམངས་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པ་ཤེས་ཐུབ། ང་ཚོ་བོད་ཡུལ་དུའང་རྒྱལ་ནང་གི་འགྲོས་དང་བསྟུན་ནས་སློབ་མ་ལ་དུས་རབས་ཉེར་གཅིག་གི་གཞི་རྩའི་བྱང་ཚད་སློབ་གསོ་སྤེལ་དགོས་ཤིང་། སྤེལ་ནས་ཀྱང་བོད་རང་གི་ཁྱད་ཆོས་ལྡན་ཞིང་མ་འོངས་རྒྱལ་སྤྱིའི་འགྲན་རྩོད་ལ་ཞུགས་ཐུབ་པའི་མི་རབས་གསར་པ་ཞིག་གསོ་སྐྱོང་བྱེད་དགོས་པ་དུས་རབས་ཀྱི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཟིན། དུས་མཚུངས་སུ། ང་ཚོ་བོད་ཡུལ་གྱི་སློབ་གྲྭ་མང་པོ་ཞིག་ཀྱང་བཅོས་སྒྱུར་བྱེད་མིན་དང་བཅོས་སྒྱུར་ཇི་ལྟར་བྱ་རྒྱུ་ཡིན་མིན་སོགས་གནད་དོན་མང་པོར་ཕྲད་ཡོད། སློབ་གྲྭ་ལ་ལས་ང་ཚོ་ལ་བཅོས་སྒྱུར་མི་འཚམ་ཞེས་སྔར་སྲོལ་རྒྱུན་བསྐྱངས་པས་འཕེལ་རྒྱས་ཀྱི་འགྲོ་ལམ་འགགས་པ་དང་།སློབ་གྲྭ་ཁ་ཤས་ཀྱིས་གཞན་གྱི་འཁྲིད་ཐབས་ལེགས་པོ་ཞིག་བཙན་ཤེད་ཀྱིས་ལག་བསྟར་བྱས་པས། རང་གི་ཁྱད་ཆོས་དང་མཐུན་པའི་བཅོས་སྒྱུར་རྣམ་དག་ཅིག་འཁྱོངས་མེད་པ་རེད། བཅོས་སྒྱུར་བྱ་རྒྱུ་དེ་ཧ་ཅང་དཀའ་མོ་ཞིག་ཡིན་ཡང་བཅོས་སྒྱུར་མི་བྱེད་ཀ་མེད་ཡིན་ཏེ། བཅོས་སྒྱུར་མ་བྱས་ན་དུས་རབས་ཀྱི་དགོས་མཁོ་བསྐང་མི་ཐུབ་ལ། གསར་གཏོད་ཀྱི་བློ་སྤོབས་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་མི་ཐུབ།སློབ་གསོ་བཅོས་སྒྱུར་ནི་སློབ་ཁང་སློབ་གསོ་ནས་མགོ་ཚུགས་དགོས་ཤིང་། སློབ་ཁང་ནས་སློབ་ཁྲིད་བྱེད་ཚུལ(教学模式)བཅོས་སྒྱུར་བྱས་པ་ལ་བརྟེན་ནས་ལག་བསྟར་བྱེད་དགོས་པ་རེད། ང་ཚོ་བོད་རང་ཉིད་ཀྱི་སྲོལ་རྒྱུན་ལ་འཆད་ཁྲིད་དང་དམར་ཁྲིད། མྱོང་ཁྲིད②བཅས་དགེ་རྒན་གྱིས་གཙོ་ཁྲིད་ནུས་པ་འདོན་པའི་སློབ་ཁྲིད་བྱེད་ཐབས་མ་གཏོགས་མེད་ལ། འདིས་ཤེས་རྟོགས་དང་བཀོལ་སྤྱོད་ཀྱི་ནུས་པ་མ་གཏོགས། དེའི་ཡན་ཆད་ཀྱི་དབྱེ་ཞིབ་དང་གསར་གཏོད་ཀྱི་ནུས་པ③གསོ་སྐྱོང་བྱེད་ཁག་པོ་རེད། དེའི་ཕྱིར། སློབ་ཁང་སློབ་ཁྲིད་བྱེད་ཚུལ་ཐད་ཐོག་མར་གཞན་གྱི་སྔོན་ཐོན་བྱེད་ཐབས་ལ་སློབ་སྦྱོང་བྱང་ཆུབ་པ་ཞིག་བྱ་རྒྱུ་དང་།དེ་ནས་རང་གི་ཁྱད་ཆོས་དང་ཆ་རྐྱེན་ལ་མཐུན་པའི་འཁྲིད་ཐབས་ཤིག་གསར་གཏོད་བྱེད་དགོས་པ་རེད། དཔེར་ན། དབྱང་སི་སློབ་འབྲིང④གི་སྔོན་སྦྱོང་རྗེས་ཁྲིད་དུས་ཐོག་སྦྱོང་བརྡར(先学后教,当堂训练) དང་། ཏོན་ལོའུ་སློབ་འབྲིང⑤གི་འཁྲིད་སློབ་ཡི་གེ(讲学稿)ཁྲང་ལི་སློབ་འབྲིང་དང་པོའི⑥སྔོན་སྦྱོང་གཉིས་དང་གྲ་སྒྲིག་བཞི། བརྒྱུད་རིམ་བཅུ(二段四前十环节)ཞེས་པ་སོགས་སློབ་ཁྲིད་བྱེད་ཚུལ་བཅོས་སྒྱུར་བྱས་པ་ལ་བརྟེན་ནས་སློབ་གསོའི་རྒྱུ་སྤུས་ཇེ་ལེགས་སུ་སོང་བ་ལྟ་བུ་རེད། བདག་གིས་བརྙན་ཁྲིད(微课)བཀོལ་ཏེ་གོ་ལྡོག་སློབ་ཁྲིད(翻转课堂)སྤེལ་བ་ནི་མ་འོངས་པའི་སློབ་ཁྲིད་བྱེད་ཚུལ་གྱི་འཕེལ་རྒྱས་ཁ་ཕྱོགས་ཡིན་པར་མ་ཟད། འདི་ནི་ང་ཚོ་ཀན་ལྷོའི་གནས་ཚུལ་དང་ཆ་རྐྱེན་ལ་འཚམ་པ་ཞིག་རེད་སྙམ། དེ་ལ་ཁྱེད་རང་ཚོས་ཁྲུན་ཆིན་ཅོས་ཁོས་སློབ་འབྲིང་དང་། ཨ་རིའི་ཁི་ཧན་སློབ་གླིང⑦གི་གོ་ལྡོག་སློབ་ཁྲིད་སོགས་ལ་ཞིབ་ཏུ་གཟིགས་དང་ངེས་ཤེས་འདྲོང་ཐུབ།

གསུམ། སློབ་གྲྭའི་བསླབ་དེབ་ནི་བཅོས་སྒྱུར་གྱི་ལག་ཆ་མེད་དུ་མི་རུང་བ་ཞིག་རེད།

སློབ་གསོ་འཕེལ་རྒྱས་འགྲོ་བར་ནམ་ཡང་མུ་མཐའ་མེད་པའི་བཅོས་སྒྱུར་གྱི་བགྲོད་ལམ་དུ་བསྐྱོད་དགོས་ལ། བཅོས་སྒྱུར་ནི་བསླབ་དེབ་ལ་བརྟེན་ནས་མངོན་འགྱུར་འབྱུང་དགོས་པ་ཡིན། ང་ཚོ་བོད་ཡུལ་གྱི་སློབ་གསོས་བོད་མིའི་འཇོན་ནུས་ག་འདྲ་གསོ་སྐྱོང་བྱེད་པ་དང་། མ་འོངས་པའི་སྤྱི་ཚོགས་སུ་ཇི་ལྟར་འཚོ་གནས་བྱེད་པ། མིའི་རིགས་ཀྱི་རིན་ཐང་བྲལ་བའི་རིག་གནས་ཇི་ལྟར་རྒྱུད་འཛིན་དར་སྤེལ་བྱེད་པ། བོད་མིར་རིན་ཐང་ལྟ་ཚུལ་ག་འདྲ་འཇོག་པ་སོགས་ནི་བསླབ་དེབ་ལ་བརྟེན་ནས་གསོ་སྐྱོང་བྱེད་དགོས་པ་རེད།

ད་ལྟ་བོད་ཡུལ་དུ་བཀོལ་བཞིན་པའི་བསླབ་དེབ་ཚང་མ་ན(སྐད་ཡིག་ཕུད)སྲིད་གཞུང་གིས་རྩོམ་སྒྲིག་བྱས་པའི་བསླབ་དེབ(མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ)བོད་འགྱུར་མ་ཡིན་ལ། བསླབ་དེབ་འདི་རིགས་ཀྱི་སྤྱིའི་ལམ་ཕྱོགས་མ་ནོར་བས་ང་ཚོས་དང་ལེན་བྱས་ཆོག་ཆོག་ཡིན་མོད། འོན་ཀྱང་། སྲིད་གཞུང་གིས་དཔེ་སྐྲུན་བྱས་པའི་བསླབ་དེབ་བོད་འགྱུར་མའི་རྨང་གཞིའི་སྟེང་དུ། བོད་རང་གི་རིག་གནས་ཀྱིས་ཟུར་རྒྱན་བྱེད་ཐུབ་ན་བཟང་ཁར་རྒྱན་ཡིན་སྙམ། དཔེར་ན། སློབ་གཙོ་ཁྲིན་ཁང་ཅིན་ལགས་ཀྱིས1989ལོར་ཁོ་ཚོའི་སློབ་གྲྭ་ནི་དེབ་ཀྱི་བྲན་གཡོག་ཏུ་གྱུར་འདུག་ཅེས་པའི་ལྟ་བ་བཏོན་ཏེ། དེབ་ཀྱི་བྲན་གཡོག་བཅིངས་འགྲོལ་བྱེད་པ་ལ“ཁྲིད་སློབ་ཡི་གེ”ཞེས་པའི་སློབ་གྲྭའི་བསླབ་དེབ་རྩོམ་སྒྲིག་གནང་བ་དང་། པེ་ཅིན་རི་ཐན་སློབ་འབྲིང(北京日坛中学)གིས་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སློབ་གྲྭའི་བསླབ་དེབ(校本教材)60རྩོམ་སྒྲིག་བྱས་ཡོད། ལན་གྲུ་དགེ་འོས་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་གཉིས་པར་སློབ་གྲྭའི་བསླབ་དེབ60ལྷག་ཡོད་པ་རེད། དོན་དམ་པར་སློབ་གྲྭ་ཞིག་ལ་མཚོན་ན་སྦྱང་གཞི་ལྷན་ཐབས་དང་རྒྱུགས་ཤོག་སོགས་རང་ལ་མེད་པར་གཞན་ནས་ཉོ་བ་ནི་རྗེས་ལུས་ཀྱི་མཚོན་རྟགས་ཤིག་གོ །

དཔེ་ཞིག་བཞག་ནས་བཤད་ན། མཐོ་འབྲིང་གི་ལོ་རྒྱུས་བསླབ་དེབ་ནི་ངེས་སྦྱོང་དང་འདེམ་སྦྱོང་གཉིས་ཀྱིས་གྲུབ་པ་ཡིན་ལ། མཐོ་རྒྱུགས་ལའང་ངེས་རྒྱུགས་དང་འདེམ་རྒྱུགས་གཉིས་ཡོད། གལ་ཏེ་ང་ཚོས་འདེམ་སྦྱོང་བསླབ་དེབ་ཏུ་བོད་ཀྱི་ལོ་རྒྱུས་བསྡུས་པ་ཞིག་ཟུར་སྣོན་བྱེད་ཐུབ་པར་མ་ཟད། ད་དུང་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་བོད་འགྱུར་མའི་འདེམ་རྒྱུགས་ཀྱི་ཁག་ལ་བོད་ཀྱི་ལོ་རྒྱུས་སྐོར་གྱི་འདྲི་གཞི་གསར་དུ་སྣོན་ཐུབ་ན། བོད་ཀྱི་ལོ་རྒྱུས་ལ་སྤྲོ་སྣང་ཡོད་མཁན་དག་གིས་དེ་བདམས་ནས་སྦྱངས་ན་ཆོག དོན་དུ་རང་གི་ལོ་རྒྱུས་ནི་ངེས་པར་སྦྱང་དགོས་པ་ཞིག་ཡིན་པར་མ་ཟད། ད་དུང་དེའི་ཐད་ལ་ཁྲིམས་ཀྱི་ཁེ་དབང་ཡོད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས་དོན་ཚན་བདུན་པར། སློབ་གསོས་ངེས་པར་དུ་ཀྲུང་ཧྭ་མི་རིགས་རིག་གནས་ལོ་རྒྱུས་ཀྱི་སྲོལ་རྒྱུན་བཟང་པོོ་དང་། མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་སྔོན་ཐོན་གྲུབ་འབྲས་ཚང་མ་རྒྱུན་འཛིན་དང་དར་སྤེལ་བྱ་དགོས་པར་ཐག་བཅད་ཡོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གི་ས་བཅད་དྲུག་པའི་དོན་ཚན་ང་གཅིག་པར། ཀན་ལྷོ་བོད་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་རིགས་སློབ་ཆུང་དང་སློབ་འབྲིང་། ཡང་ན་བོད་ཡིག་གཙོ་བོ་ཡིན་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་ཆེད་ལས་འཛིན་གྲྭ་ལ་བསླབ་དེབ་དང་སློབ་ཁྲིད་ཚང་མར་བོད་སྐད་བོད་ཡིག་བཀོལ་དགོས་ཞེས་བསྟན་ཡོད་ལ། རང་སྐྱོང་ཁུལ་གྱི་རིགས་སོ་སོའི་སློབ་གྲྭར་མི་རིགས་སྲིད་ཇུས་སློབ་གསོ་དེ་སློབ་གྲྭའི་སློབ་གསོའི་ནང་དུ་འཇོག་དགོས་པར་མ་ཟད། བོད་རིགས་སློབ་འབྲིང་གི་ལོ་རྒྱུས་སློབ་ཚན་ནང་དུ་བོད་ཀྱི་ལོ་རྒྱུས་ཁ་གསབ་བྱ་དགོས་ཞེས་བསྟན་ཡོད། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་ཡིག་ཟུར་གཏོགས་བསླབ་དེབ་དང་། སློབ་ཞོལ་ཀློག་དེབ་སྒྲིག་རྩོམ་དང་དཔེ་སྐྲུན་བྱ་བར་མཐོང་ཆེན་བྱ་དགོས་ཞེས་བསྟན་ཡོད།

གཞན་ཡང་། སློབ་འབྲིང་དངོས་ལུགས་ཀྱི་བསླབ་དེབ་ལ་འགྱུར་མ་དག་པའི་སྐྱོན་མང་པོ་ཡོད་དེ། དཔེར་ན། དུས་སྐབས་ལ་དུས་མཚམས་ཟེར་བ་དང་། དུས་ཡུན་ལ་དུས་ཚོད་ཀྱི་བར་ཆོད་ཟེར་བ། གཡས་འཁོར་ལ་དུས་ཁབ་འཁོར་ཕྱོགས་དང་མཐུན་ཟེར་བ་དང་གཡོན་འཁོར་ལ་དུས་ཁབ་འཁོར་ཕྱོགས་དང་ལྡོག་པ་ཟེར། སྒྲའི་སྦོམ་ཕྲ་ལ་སྒྲ་གདངས་དང་སྒྲའི་མཐོ་དམའ་ལ་སྒྲའི་གྲག་ཚད་ཟེར་བ་ལྟ་བུ་ཡོད་ལ། ཐ་སྙད་འགྱུར་མ་དག་པ་འདི་རིགས་བོད་འགྱུར་མའི་བསླབ་ཚན་གཞན་ནའང་ཡོད་པ་རེད། སྒོར་མཐའི་འགུལ་སྐྱོད་ཀྱི་དཔེ་ལ་འུར་རྡོ་འཕེན་པ་དང་མ་ཎི་ཆུ་འཁོར་དང་རླུང་འཁོར་ལྟ་བུ་བཀོད་ན་སློབ་མའི་འཚོ་བ་དང་ཐག་ཉེ་བས་སྤྲོ་སྣང་འཕེལ་བར་ཕན། དེའི་ཕྱིར། སྲིད་གཞུང་གིས་དཔར་བའི་བསླབ་དེབ་ཚད་གཞིར་བཟུང་སྟེ་སློབ་གྲྭའི་བསླབ་དེབ་ལ།“རང་སྐད་སོར་འཇོག་གིས་གོ་སླ་བ་དང་འཚོ་བར་ཐག་ཉེ་བས་སྤྲོ་སྣང་སྟེར་བ”ཞིག་སྒྲིག་རྩོམ་བྱེད་པ་ནི་སློབ་གསོ་བཅོས་སྒྱུར་བྱེད་པའི་ལག་ཆའོ། །

བཞི། སློབ་གསོ་བཅོས་སྒྱུར་བྱེད་པ་ལ་ཐོག་མར་དགེ་རྒན་གྱི་སློབ་གསོའི་ལྟ་བ་བསྒྱུར་དགོས།

ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས། 2012ལོ་ནས་བཟུང་སྟེ་དབྱང་སི་སློབ་འབྲིང(ད་ལྟའི་ཡོན་ཝེ་སློབ་འབྲིང)གི་སློབ་གཙོ་ཚེད་ལིན་སིན་གྱི“སྔོན་སྦྱོང་རྗེས་ཁྲིད་དུས་ཐོག་སྦྱོང་བརྡར”ཞེས་པར་ལད་ཟློས་བྱས་པ་ཡིན་མོད། འོན་ཀྱང་། དེ་དུས་ང་ཚོས་འཁྲིད་ཐབས་དེའི་མ་ལག་ནང་གི་ཡན་ལག་ཅིག་སྟེ། སློབ་ཁང་སློབ་ཁྲིད་ཁོ་ན་ལག་བསྟར་བྱས་པ་རེད། དྲང་མོར་བཤད་ན། ད་ལྟའང་ང་ཚོར་འཁྲིད་ཐབས་དེའི་ཕྱིའི་རྣམ་པ་ཙམ་པོ་མ་གཏོགས། འཁྲིད་ཐབས་དེའི་གཞི་རྟེན་བཅོལ་སའི་སློབ་སྦྱོང་གི་གཞུང་ལུགས་དང་བསླབ་ཚན་གྱི་རིགས་པ། རིན་ཐང་ལྟ་ཚུལ། འགྲིག་ལམ་གྱི་ནང་རྐྱེན་སོགས་ལྐོག་གྱུར་གྱི་དོན་དེ་ཧ་གོ་མཁན་ཧ་ཅང་ཉུང་ངུ་ཡིན། ཆེས་གལ་ཆེ་བ་ནི་ལྐོག་ཏུ་གྱུར་པ་དེ་དག་རེད།སྤྱིར་མདོ་སྡེ་རྒྱན་ལས།“བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག།། དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། ། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །”ཞེས་པ་ནི། ཐེག་ཆེན་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཡིན་པ་དང་།ད་ལྟའི་དུས་འདིར། དགེ་རྒན་ཆེན་མོ་ལིང་ཞི་ལགས་ཀྱིས།“གསུམ་འཛོམས་དགེ་རྒན་བྱས་ནས་ལྔ་འཛོམས་ལམ་དུ་བསྐྱོད་པ”ཞེས་བསྟན་ཡོད་པ་དེ་ཧ་ཅང་དོན་དངོས་དང་མཐུན་སྙམ། “གསུམ་ལྡན”ཞེས་པ་ནི(1)སེམས་ན་སློབ་མ་ཡོད་པ་དང་། (2)ཁོག་ན་ཤེས་སྒྲོམ་ཡོད་པ། (3)ལག་ན་ཐབས་ཤེས་ཡོད་པ་བཅས་རེད། “ལྔ་འཛོམས”ནི། (1)སློབ་ཁྲིད་ལ་དམིགས་ཚད་ཡོད་པ་དང་།(2)ཤེས་བྱ་ལ་རྣམ་གྲངས་ཡོད་པ། (3)འཁྲིད་ཐབས་ལ་སྒྲུབ་བྱེད་ཡོད་པ། (4)འཁྲིད་རིམ་ལ་གཏན་ཚིགས་ཡོད་པ། (5)ཁྲིད་རྗེས་སུ་རྒྱ་ཆེར་བསྐྱེད་པ་བཅས་རེད། རྒྱལ་ནང་གི་སློབ་གསོ་ཞིབ་འཇུག་པ་ལ་ལས། དུས་རབས་ཉེར་གཅིག་པའི་དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་ནི། (1)སློབ་ཚན་ཁོང་དུ་ཆུད་པ་དང་། (2)སློབ་ཁྲིད་བྱེད་རྩལ་ལྡན་པ། (3)ཆ་འཕྲིན་བཀོལ་བར་བྱང་བ། (4)སློབ་སྦྱོང་བྱེད་ཤེས་པ། (5)མི་གཞི་ལེགས་པས་འབྲེལ་འདྲིས་ཤེས་པ། (6)བྱ་གཞག་གསར་གཏོད་བྱེད་པའི་སྙིང་སྟོབས་ལྡན་པ། (7)རྩོམ་རྩལ་ལ་མཁས་པ་བཅས་རེད་ཅེས་གཏན་ལ་ཕབ་ཡོད།བྱེ་བྲག་ཏུ་ང་ཚོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ན། ད་ལྟའི་དུས་འདིར་སློབ་གཙོ་དང་དགེ་རྒན། སློབ་གསོ་དོ་དམ་པ་བཅས་ཀྱི་སློབ་གསོའི་ལྟ་བ་བསྒྱུར་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་རེད། མི་དགེ་བ་བཅུ་ལས། རྣམ་སྨིན་གྱི་ཆ་ནས་སྡིག་སྒྲིབ་ཆེས་ཆེ་བ་ནི་ལོག་ལྟ་ཡིན་པ་དེ་བཞིན་དུ་སློབ་གསོའི་ལྟ་བ་མ་བསྒྱུར་ན་སློབ་གསོ་བཅོས་སྒྱུར་བྱེད་སར་མི་འགྲོ་བ་རེད། བདག་གིས་སློབ་གསོའི་ལྟ་བ་བསྒྱུར་བར་རང་གི་བསམ་ཚུལ་འགའ་བཏོན་ཡོད་དེ།

(1)སློབ་སྦྱོང་གི་ལྟ་བའི་ཐད་ནས། བྱ་སྤྱོད་རིང་ལུགས(行为主义)སམ། ཡང་ན་གོམས་འདྲིས་སུ་གྱུར་པའི་ལྟ་བ་རྙིང་བ་དོར་ཏེ། ཤེས་རྟོགས་རིང་ལུགས(认知主义)ཀྱི་ལྟ་བ་རྨང་གཞི་བྱས་པའི་རྩ་འཛུགས་རིང་ལུགས(建构主义)ཀྱི་ལྟ་བ་འཛིན་དགོས་པ་རེད།⑧

(2)དེང་སང“བསླབ་དེབ་འཁྲིད་རྐྱང་མི་བྱེད་པར་བསླབ་དེབ་གཞིར་བཟུང་ནས་འཁྲིད་པ”ཞེས་བཤད་ཚུལ་ཞིག་ཡོད་པ་དེ་བཞིན་དུ། ས་གནས་ཀྱི་བསླབ་དེབ་དང་སློབ་གྲྭའི་བསླབ་དེབ་སོགས་དགོས་མཁོ་ལྟར་སྒྲིག་རྩོམ་དང་ལག་བསྟར་བྱེད་དགོས་པ་རེད།

(3)སྤྱིར་སློབ་གསོ་ལ་གཙོ་བོ་གསུམ་ཡོད་པ་ནི། ཀུན་སྤྱོད་གཙོ་བོ་དང་ཤེས་བྱ་གཙོ་བོ། ནུས་པ་གཙོ་བོ་བཅས་རེད། དེ་ལས་ཀུན་སྤྱོད་ནི་ནམ་ཡང་གཙོ་བོ་རེད། ནུས་པ་དང་ཤེས་བྱ་ལས་སྔོན་ཆད་ཤེས་བྱ་གཙོ་བོ་ཡིན་ན་ཡང་དེང་སང་ནུས་པ་གཙོ་བོ་ཡིན་པ་རེད།

(4)རྒྱུགས་འབྲས་བཟང་པོ་ལེན་པའི་ཆེད་དུ་རྒྱུགས་ལེན་སློབ་གསོར་གཙིགས་ཆེན་བྱེད་མི་འོས་ཏེ། རྒྱུགས་འཕྲོད་པར་བྱེད་པ་ནི་སློབ་གསོའི་སྐུལ་སློང་བྱེད་ཐབས་ཤིག་ཡིན་པ་ལས། སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་མ་ཡིན་ནོ། ། དེའི་ཕྱིར། བྱང་ཚད་སློབ་གསོ་སྤེལ་བ་ལ་བརྟེན་ནས་རྒྱུགས་འབྲས་མཐོ་རུ་འདེགས་པ་ནི་ལམ་ཡང་དག་པ་ཡིན་ལ། སློབ་གསོའི་ངོ་བོ་ངོ་མའང་དེ་ཡིན།⑨

(5) སློབ་འབྲིང་སློབ་མའི་གཞི་རྩའི་བྱང་ཚད་ཀྱི་ཕྱོགས་ཆེན་པོ་གསུམ་དུ།“རང་འགུལ་འཕེལ་རྒྱས”དང་། བྱང་ཚད་དྲུག་ལས།“སློབ་སྦྱོང་བྱེད་ཤེས་པ”ལྟ་བུའི་དགོངས་དོན་ལག་བསྟར་བྱེད་པར“སྔོན་ཁྲིད་རྗེས་སྦྱོང”གི་ལམ་ལུགས་དོར་ཏེ།“སྔོན་སྦྱོང་རྗེས་ཁྲིད”ཀྱི་ལམ་ལུགས་སྤེལ་དགོས་པ་རེད།

(6) ཕན་ནུས་ཆེས་བཟང་པོའི་སློབ་ཁྲིད་ནི། དགེ་རྒན་གཅིག་གིས་སློབ་མ་གཅིག་ལ་འཁྲིད་རྒྱུ་དེ་ཡིན་པས། འཛིན་གྲྭ་ཧྲིལ་བོར་སློབ་ཁྲིད་བྱ་རྒྱུ་ཇེ་ཉུང་དུ་བཏང་ནས་སློབ་མ་རེ་རེར་སོ་སོའི་གནས་ཚུལ་དང་དགོས་མཁོ་ལྟར་གང་ལ་གང་འཚམ་དང་དེ་ལ་དེར་བསྟུན་གྱི་སློབ་ཁྲིད་བྱེད་དགོས།⑩

(7) སློབ་ཁྲིད་ཀྱི་མྱུར་ཚད་གཏན་ཁེལ་བྱས་པ་དང་།

སློབ་ཁྲིད་གྲོལ་བའི་ཅོང་བརྡ་གྲགས་པ་དང་མཉམ་དུ་སློབ་ཁྲིད་མཚམས་བཞག་པས། རྨང་གཞི་ཞན་པའི་སློབ་མ་རང་ཤུགས་ཀྱིས་གཞུག་ཏུ་ལུས་པའི་སྣང་ཚུལ་ཚབས་ཆེན་རེད། དེའི་ཕྱིར། འདིའི་ཐད་ཀྱི་བཀོད་སྒྲིག་དབང་ཆ་སློབ་མ་ལ་སྤྲོད་དགོས་ཤིང་། སློབ་མའི་ཁམས་དང་མོས་པར་བསྟུན་པ་ཧ་ཅང་གལ་ཆེན་རེད། འདིའི་སྐོར་པེ་ཅིན་སློབ་འབྲིང་བཅུ་གཅིག་པའི་སློབ་མ་སྐྱོང་སྟངས་ལ་ལྟོས་དང་ཧ་གོ་རྒྱུ་ཞིག་ཡོད་དོ། །

ལྔ། ཆ་འཕྲིན་ལག་རྩལ་གྱིས་སློབ་གསོ་སྤེལ་བར་སྟབས་བདེ་བསྐྲུན་ཡོད།

སྤྱིར་འགྲོ་བ་མིའི་རིགས་ཀྱི་སློབ་གསོ་ནི་དང་ཐོག་ཁ་རྒྱབ་གསོ་ཚུལ་གྱི་སློབ་གསོ་ཡིན་ལ། སྐབས་དེར་ལག་རྩལ་དགེ་རྒན་གཅིག་གིས་དགེ་ཕྲུག་རེ་གཉིས་གསོ་སྐྱོང་བྱེད་བཞིན་ཡོད་པ་རེད། དེ་ནས་རིམ་བཞིན་སྤྱི་དམངས་ཀྱི་འཚོ་བ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་སློབ་གསོའི་དགོས་མཁོ་ཇེ་ཆེར་སོང་བས། ལག་རྩལ་དགེ་རྒན་གཅིག་གིས་འཛིན་གྲྭ་རེ་གཉིས་ལ་སློབ་ཁྲིད་བྱེད་པའི་ཐོན་སྐྱེད་སློབ་གསོབྱུང་། འདས་པའི་ལོ་ངོ་བཅུའི་ཡར་སྔོན་དུ་ཀན་ལྷོ་ཁུལ་གྱི་བོད་རིགས་སློབ་འབྲིང་སོ་སོས་ཐོན་སྐྱེད་ལ་ལས་ཕྱོད་མཐོན་པོ་འཐོབ་དགོས་པའི་བླང་བྱ་བཏོན། ད་ལྟ་ཆ་འཕྲིན་གྱི་དུས་རབས་ཡིན་པས། ལས་ཕྱོད་ཇེ་མཐོར་གཏོང་བ་ལ་ཆ་འཕྲིན་ལག་རྩལ་མང་པོ་བཀོལ་དགོས་བྱུང་འདུག མདོར་ན་སློབ་གསོ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་ཁ་རྒྱབ་གསོ་བ་ལ་ཐོན་སྐྱེད་དང་ཐོན་སྐྱེད་ལ་ལས་ཕྱོད། ལས་ཕྱོད་ལ་ལག་རྩལ་བཅས་བཞི་བྱུང་སྟེ་དེང་དུས་ཀྱི་ཆ་འཕྲིན་ལག་རྩལ་ལ་ཐུག་པ་རེད། རང་རྒྱལ་གྱིས་ཚོགས་ཆེན་བཅུ་དགུ་པར་སློབ་གསོ་དེང་རབས་ཅན་དང་ཆ་འཕྲིན་ཅན་དུ་འགྱུར་བར《སློབ་གསོ་ཆ་འཕྲིན་ཅན2.0གི་འགུལ་སྐྱོད་འཆར་གཞི》 (教育信息化2.0行动计划)ཞེས་པ་བཏོན་ཡོད། ཡིན་ནའང་། ང་ཚོ་ཀན་ལྷོའི་བོད་རིགས་སློབ་འབྲིང་མང་ཆེ་བར་སྨྱན་མང་གཟུགས་བཀོལ་བར་བྱང་ཆ་ལྡན་པའི་སློབ་གྲྭའམ་དགེ་རྒན་ཉུང་ཤས་མ་གཏོགས་མེད་ལ། དེ་ལས་མང་ཤོས་ནི་ཆ་འཕྲིན་ལག་རྩལ1.0གི་ཚད་ཙམ་ཡིན་པ་དང་། བརྙན་ཁྲིད(微课)དང་གློག་རྡུལ་དཔེ་ཁུག་སོགས་ཆ་འཕྲིན་ལག་རྩལ2.0བཀོལ་ཏེ་སློབ་ཁྲིད་བྱེད་མཁན་མེད་ཅེས་སྨྲས་ཆོག དེ་བས་ང་ཚོས་མགྱོགས་མྱུར་ངང་སྨྱན་མང་གཟུགས་ཀྱི་གློག་རྡུལ་འཁྲིད་ཐོ་དང་བརྙན་ཁྲིད། གློག་རྡུལ་བསླབ་དེབ། གློག་རྡུལ་སྦྱང་གཞི་ལྷན་ཐབས། གློག་རྡུལ་རང་རྒྱུགས་རང་ལེན་སོགས་གློག་རྡུལ་དཔྱད་ཡིག་སྣ་ཚོགས་སྒྲིག་རྩོམ་བྱས་ཏེ། སྐད་གཉིས་སློབ་གསོ་རུ་དུས་རབས་དང་མཐུན་པའི་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་འདོན་བྱེད་ཐུབ་ན། བོད་རིགས་སློབ་མ་ཚོས་ཀྱང་གཞན་དང་འདྲ་བར་སློབ་གསོ་ཕུན་སུམ་ཚོགས་པ་མྱོང་ཐུབ་པར་མ་ཟད། ད་དུང་སློབ་གསོ་བཅོས་སྒྱུར་བདེ་བླག་ངང་ལེགས་འགྲུབ་ཡོང་བར་ཕན་པ་ཧ་ཅང་ཆེ། ད་ལྟ་རང་རྒྱལ་གྱི་དར་རྒྱས་ཆེ་བའི་སློབ་གྲྭ་མང་པོ་ཞིག་དྲ་རྒྱའི་དུས་རབས་ལས་ཐོལ་བརྒལ་བྱས་ཏེ་སྤོ་འགུལ་དུས་རབས་ལ་བསླེབས་ཟིན། དཔེར་ན། པེ་ཅིན་དགེ་འོས་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་ལ་མཚོན་ན། ཆ་འཕྲིན་ལག་རྩལ2.0ནས3.0ལ་བར་བརྒལ་བྱེད་པའི་དུས་རིམ་ལ་བསླེབས་ཡོད་པ་ལྟ་བུ་རེད། སློབ་གསོ་པ་ལ་ལས། དུས་རབས་ཉེར་གཅིག་པར་ཆ་འཕྲིན་ལག་རྩལ4.0ལ་བསླེབ་ངེས་ཞེས་ལུང་བསྟན་པ་ལའང་གནས་ལུགས་དང་བདེན་དཔང་ཡོད་པ་ཞིག་རེད།

དྲུག བོད་ཀྱི་སྲོལ་རྒྱུན་སློབ་གསོ་ནི་ཀུན་སྤྱོད་སློབ་གསོའི་ཡང་རྩེ་ཡིན།

ཀུན་སྤྱོད་ནི་གནའ་ནས་ད་བར་དུ། རྒྱལ་ཁབ་ཕྱི་ནང་གང་ཡིན་ཡང་སློབ་གསོ་ལས་གལ་ཆེན་ནང་གི་འགངས་ཆེན་ཡིན་མོད། འོན་ཀྱང་། དེང་གི་དུས་སུ་མི་གཤིས་ཇེ་ངན་དུ་འགྲོ་བཞིན་པ་རེད། དེ་ལ་སློབ་གསོ་མཁས་ཅན་འགའ་ཡིས། ད་སྐབས་འཛམ་གླིང་ཧྲིལ་བོའི་ཀུན་སྤྱོད་དེ་དཀའ་ངལ་ཞིག་ལ་ཕྲད་ཡོད་ཟེར། དེའི་ཐད་ལ་རང་རྒྱལ་གྱིས2012ལོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྟེང་དུ་མི་གཞི་གསོ་སྐྱོང་ནི་སློབ་གསོའི་ལས་འགན་ཐོག་མ་ཡིན་ཞེས་བསྒྲགས་ཡོད་པར་མ་ཟད། ཁུང་ཙིའི་རོའུ་ལུགས་པའི་ལྟ་བས་མཚོན་པའི་སྲོལ་རྒྱུན་རིག་གནས་བསླབ་དེབ་ཏུ་བཀོད་དེ་རྒྱུད་འཛིན་དང་དར་སྤེལ་བྱེད་འཆར་ཡོད་ལ། མཐོ་རྒྱུགས་སོགས་སུ་རང་རྒྱལ་གྱི་སྐད་ཡིག་གི་སྐར་གྲངས་ཇེ་མཐོར་བཏང་སྟེ། མི་གཞི་ཀུན་སྤྱོད་གཙིགས་སུ་འཛིན་འཆར་ཡོད་པ་རེད།

རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཀུན་སྤྱོད་སློབ་གསོ་སྟེ། རང་རེའི་བོད་ཀྱི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཀྱི་ཐོག་ནས་ཀུན་སྤྱོད་ཀྱི་རིགས་པ་དྲི་མ་མེད་ལ་བསམ་སྦྱོར་ཐུན་མོང་མ་ཡིན་པ་དེ་ནི་ངལ་བ་ལ་མ་བརྟེན་པར་རང་གྲུབ་ལྟ་བུ་ཡིན་པ་རེད། ལྷག་པར་ལས་རྒྱུ་འབྲས་ཀྱི་རྣམ་གཞག་དང་བྱང་ཆུབ་ཀྱི་སེམས། རྒྱུ་འབྲས་མན་ངག་བདུན་དང་ཚད་མེད་བཞི་སོགས་དཔེར་དྲངས་ནས་བཤད་ན། སྔར་བས་ཀྱང་ཕན་ནུས་ལྡན་ཞིང་ཡིད་དབང་འགུག་ཐུབ་པ་ཞིག་ཡིན་ཏེ། མཁས་དབང་སྡེ་རོང་ཚེ་རིང་དོན་འགྲུབ་ལགས་ཀྱིས།“བོད་ཀྱི་ཀུན་སྤྱོད་རིན་ཐང་ནི་རྒྱུ་འབྲས་རྨང་གཞི་བྱས་པའི་ངན་སེམས་མི་བཅངས་པ་དང་བྱམས་སེམས་ཀྱིས་དམངས་ལ་ཕན་པ། གཞན་ལ་རོགས་སྐྱོར་བྱེད་པ། དྲིན་ལན་འཇལ་ཤེས་པ། བསོད་ནམས་གསོག་པ་བཅས་རེད”ཅེས་གསུངས་འདུག་ལ། མི་ཞིག་ལ་ཀུན་སྤྱོད་འདི་འདྲ་ལྡན་ན་དེའི་མ་ཆོག་པ་མེད་དོ། །


* རྭ་སྒྲོལ་དཀར་སྐྱབས། ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ཕྱག་ལས་གནང་བཞིན་ཡོད།

① 林宗德主编 21世纪学生发展核心素养研究[M]北京师范大学出版社2017

② ཞལ་ལྕེ་ལྷག་པ་ཚེ་རིང་གིས་བསྒྲིགས། བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་རྣམ་བཤད། [M] མི་དམངས་དཔེ་སྐྲུན་ཁང་། 2012

③ 罗伯特.J.马扎诺约翰.S.肯德尔著 高凌飚吴有昌苏峻主译 教育目标的新分类学[M]教育科学出版社2012

④ 倪高扬 见证洋思中学[M]河南大学出版社2006

⑤ 陈康金 我与讲学稿一个中学校长的创新之路[M]大厦出版社2009

⑥ 张福涛主编 翻转课堂理论研究与实践探索[M]山东友谊出版社2014

⑦ 萨尔曼 可汗著 刘静译 翻转课堂的可汗学院:互联网时代的教育革命[M] 浙江人民出版社2014

⑧ 施良方 学习论[M]人民教育出版社2001

⑨ 国家中长期教育改革和发展规划纲要(2010-2020年)[M]人民出版社2010

⑩ 李建平 嫁接十一学校:六位教育者的寻变之旅[M]中国人民大学出版社2017

11李希贵 学生第一[M]教育科学出版社2011

12 施良方 催允漷主编 教学理论:课堂教学的原理、策略与研究[M]华东师范大学出版社1999


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1