སུམ་ཅུ་པའི་རྒྱན་སྡུད་ཀྱི་རྩ་ཚིག་གི་ཚིག་དོན་འགྲེལ་ཚུལ་ལ་ མདོ་ཙམ་དཔྱད་པ།

བསོད་ཆོས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


[གནད་བཏུས] རྩོམ་ཡིག་འདིར་སློབ་དཔོན་ཐོན་མི་སམ་བྷོ་ཊས་མཛད་པའི་བརྡ་སྤྲོད་རིག་པའི་གཞུང་རྩ་བ་སུམ་ཅུ་པའི་རྒྱན་སྡུད་ཀྱི་རྩ་ཚིག་གི་ཚིག་དོན་གཉིས་ལ་རྗེས་འཇུག་གི་མཁས་དབང་ཚོས་གོ་བ་ལེན་ཚུལ་དང་། འགྲེལ་ཚུལ་ལ་དཔྱད་པ་མདོ་ཙམ་ཞིག་བྱས་ནས་རང་ལུགས་གསལ་སྟོན་བྱས་ཡོད།

[གནད་ཚིག] སུམ་ཅུ་པའི་རྩ་བ། རྒྱན་སྡུད་ཀྱི་རྩ་ཚིག ཚིག་དོན་འགྲེལ་ཚུལ། དཔྱད་པ།

དེ་ཡང་རྩ་བ་སུམ་ཅུ་པའི། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། ། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ། ཞེས་པའི་ཚིགས་བཅད་འདི་ལ་གོ་བ་གནད་དུ་མ་ཕྱིན་པའི་རྐྱེན་གྱིས་རྒྱན་སྡུད་ཀྱི་ཕྲད་ཀྱི་གྲུབ་ཚུལ་དང་། གཞུང་གི་ཚིག་དོན་འགྲེལ་ཚུལ་ལ་དམིགས་ནས་ཐོན་མིའི་བརྡ་སྤྲོད་རིག་པའི་གཞུང་འདི་ལ་སྐྱོན་གྱི་དྲི་མས་སྦགས་ཚུལ་གྱི་བཤད་ཡམས་སྣ་ཚོགས་ཤིག་ཡོང་གི་ཡོད་དེ། དཔེར་ན《སུམ་རྟགས་ཀྱི་རྩ་འགྲེལ་ལས་གནད་དོན་འགའ་ཞིག་ལ་དཔྱད་པ》ཞེས་པར། ཐོན་མིས་བརྩམས་པའི་སུམ་རྟགས་ཀྱི་རྩ་བ་དང་། སྔོན་བྱོན་མཁས་པ་དག་གིས་བརྩམས་པའི་འགྲེལ་པ་རྣམས་ལ། རྟོན་པ་བཞི་དང་རིགས་པ་བཞིའི་སྒོ་ནས་རྟོག་ཞིབ་དག་ཐེར་དང་། ཚུལ་གསུམ་ཚང་བའི་རིགས་པ་ཡང་དག་གིས་ཞིབ་དཔྱོད་བྱས་ན། བརྗོད་བྱའི་དོན་མི་ཚང་བ་དང་། བསྟན་དོན་མི་གསལ་བ། ནང་འགལ་དུ་གྱུར་པ། སྒྲ་ཇི་བཞིན་ཁས་བླང་དུ་མི་རུང་བ་སོགས་ཚིག་དོན་གྱི་ཆ་ལ་སྐྱོན་མི་ཉུང་བ་ཞིག་ཡོད།①ཅེས་དང་། ཡང་དེ་ལས་རྩ་བ་ལས། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། ། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ། ཞེས་གསུངས་པ་ནི་འཐད་པར་མི་སེམས་ཏེ། འབྲེལ་སྒྲའི་ཕྲད་ལྔ་ལས་ཕྲད་གང་གི་ཨཱ་ལི་དབྱུང་དགོས་པ་བསྟན་མེད་པའི་ཕྱིར།②ཞེས་དང་། ཚང་མས་མཁྱེན་གསལ་ལྟར། རྒྱན་སྡུད་ཀྱི་ཕྲད་ལ་ཀྱང་ཡང་འང་གསུམ་ཁོ་ན་འཇུག་པ་ལས་ཡག་གྱང་ཡག བཟང་གང་བཟང་ལྟ་བུ་འཇུག་པའི་སྲོལ་ཡེ་ནས་མེད་པས། སློབ་དཔོན་ཐོན་མིས། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། ། ཞེས་འབྲེལ་སྒྲའི་ཕྲད་ལྔའི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་སོ་སོར་རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱར་དགོས་ཞེས་སྤྱི་ཁོག་གིས་བསྟན་པ་ཙམ་ལས། འབྲེལ་སྒྲའི་ཕྲད་ལྔ་ལས་ཀྱི། འི། ཡི་གསུམ་པོ་མ་གཏོགས་གི་གྱི་གཉིས་ཀྱི་ཨཱ་ལི་ཕྱིས་ནས་གཉིས་པ་སྦྱོར་མི་དགོས་ཞེས་གསུངས་པ་མེད་པ་ནི་མངོན་སུམ་ཚད་མས་གྲུབ། དེས་ན་སློབ་དཔོན་ཐོན་མི་དང་སྔོན་བྱོན་མཁས་པ་དག་གིས་འདིའི་སྐོར་ལ་ཞིབ་ཆ་མ་གཏོད་པ་ནི་ཤིན་ཏུ་ནས་མི་རིགས་པར་སེམས།③ཞེས་སྐྱོན་འདོགས་ཀྱི་རྣམ་རྟོག་རྣམ་པ་སྣ་ཚོགས་པ་ཞིག་འཆར་བཞིན་མཆིས། 《བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ》ལས། དེ་བཞིན་གོང་དུ་བཤད་མ་ཐག་པའི་འབྲེལ་སྒྲ་ལྔ་པོ་དེར་ཨཱ་ཕྱིས་ང་སྦྱར་གྱི་ཆོ་ག་དེ་འཇུག་པ་ཚིག་ཟིན་གྱི་དོན་དུ་སོང་ཡོད་དེ། ཆོ་ག་དེ་འབྲེལ་སྒྲའི་ཕྲད་ལྔ་ལས། གང་ལ་འཇུག་པ་དང་། གང་ལ་མི་འཇུག་པའི་ཁྱད་པར་གོང་འོག་ཀུན་ཏུ་མ་ཕྱེ་བའི་ཕྱིར། གསལ་ཁ་དེ་མ་གཏོད་ན་ནོར་འཁྲུལ་གཞན་ཞིག་འབྱུང་སྲིད་དེ།④ཞེས་དང་། ཐེ་ཚོམ་མི་ཆོད་ཅིང་ངེས་པ་བསྐྱེད་མི་ནུས་པ་དེ་ཡང་ཚིག་གི་སྐྱོན་དུ་མི་འགྱུར་ཞེ་ན།⑤ཞེས་སོགས་གཞུང་རྩ་བའི་དགོངས་པ་ཟབ་མོ་ཇི་བཞིན་མ་ལོན་པའི་བཤད་ཡམས་ཇི་སྙེད་ཅིག་ཐོན་ཡོད་པ་འདིའི་གཞི་རྩ་ཐུག་ས་ནི། གཞུང་དོན་འགྲེལ་པའི་མཁས་པ་གོང་མ་རྣམས་ཀྱིས་སློབ་དཔོན་ཐོན་མིའི་དགོངས་པ་རྣལ་མ་ཇི་བཞིན་ཐུགས་སུ་མ་ཆུད་པའི་འཁྲིད་རྒྱུན་ལས་བྱུང་བའི་འབྲས་རྟགས་ལགས་པས། ཚིག་དོན་དེ་ལ་དཔྱད་པ་ཞིབ་ནན་བྱས་ནས་གཞུང་དོན་རྣལ་མར་རེག་པའི་ཚིག་དོན་ཇི་མ་ཇི་བཞིན་འགྲེལ་དགོས་པ་དང་། འགྲེལ་ཚུལ་ཡང་མི་དག་པའི་རིགས་ལ་མཐའ་དཔྱོད་ནན་པོ་བྱེད་པའི་དགོས་པ་ཆེས་ཤིན་ཏུ་ཆེའོ།

གཅིག སྔོན་བྱོན་དམ་པ་གོང་མའི་གཞུང་དོན་འགྲེལ་ཚུལ་གྱི་སྐོར་གླེང་བ།

དེ་ལ་རྩ་བ་སུམ་ཅུ་པ་ལས། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། ། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ཞེས་གསུངས་པ་དེའི་ཚིག་དོན་གཉིས་ཀྱི་འགྲེལ་ཚུལ་ལ། ཚིག་ཕྲད་ཡང་སྒྲ་ཤུགས་བསྟན་ཡིན་མིན་གྱི་གསལ་ཁ་གཏོད་མ་གཏོད་གཉིས་ཀྱི་ཁྱད་པར་ལས་འགྲེལ་ཚུལ་རིགས་གཉིས་སུ་གྱུར་ཡོད།

(གཅིག)དེ་ལ་ཡང་སྒྲ་ཤུགས་བསྟན་ཡིན་པའི་ཚུལ་གྱིས་འགྲེལ་ཚུལ་ནི། གོང་དུ་བཤད་ཟིན་པའི་འབྲེལ་སྒྲའི་ཕྲད་དེ་དག་ལས། ཀྱི་དང་འི་གཉིས་ཀྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས། སོ་སོར་རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱར་བས་ཀྱང་དང་འང་ཞེས་པར་གྲུབ་པ་དང་། འདིར་མ་བསྟན་ཀྱང་དོན་གྱིས་ཐོབ་པའི་ཡང་གི་སྒྲ་དང་བཅས་གསུམ་པོ་དེ་རྣམས་ནི། ཚིག་སྔ་ཕྱི་གཉིས་མཐུན་པར་སྟོན་པའམ་མི་མཐུན་པར་སྟོན་པའི་ཚིག་རྒྱན་གཉིས་དང་། གཞིའམ་དོན་གཞན་ཞིག་སྡུད་ཅིང་སྦྱོར་བའི་སྒྲར་འགྱུར་རོ། །⑥ཞེས་པྲ་ཏི་པཎ་ཆེན་གྱི་དགོངས་པ་འགྲེལ་ཚུལ་དང་མཐུན་པར་སི་ཏུ་པཎ་ཆེན་གྱིས་ཀྱང་རྩ་བའི་དགོངས་པ་འདི་ལྟར་བཀྲལ་གནང་ཡོད་ཅིང་། ཕྱིས་བྱོན་མཁས་དབང་མང་དག་གཅིག་གིས་ཀྱང་ཞིབ་ཆ་མ་ཐོན་པར་སྔ་རྩོམ་ཕྱིས་ཟློས་ཀྱིས་དགོངས་པ་དེ་ལྟར་བཀྲལ་ཡོད།

(གཉིས)ཡང་སྒྲ་ཤུགས་བསྟན་ཡིན་པའི་ཚུལ་གསལ་ཁ་མ་གཏོད་པའི་འགྲེལ་ཚུལ་ནི། གོང་དུ་བཤད་ཟིན་པའི་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྲད་དེ་དག་ལས། ཀྱི་དང་འི་དང་ཡི་གསུམ་གྱི་ཨཱ་ལི་སྟེ་དབྱངས་ཡིག་གུག་གུ་ཕྱིས་ནས་དེའི་དོད་དུ་རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱར་བས། ཕྲད་ཀྱི་ནང་ཚན་ཀྱང་ཡང་འང་ཞེས་གྲུབ་པ་གསུམ་པོ་ནི་ཚིག་མཛེས་བྱེད་ཀྱི་རྒྱན་དུ་འགྱུར་བ་སྟེ། ཚིག་སྔ་ཕྱི་གཉིས་ལས་ཕྱི་མ་མཐུན་པ་དང་མི་མཐུན་པར་སྟོན་པའི་ཚུལ་གཉིས་དང་། གཞིའམ་དོན་གཞན་ཞིག་ལ་སྡུད་པར་འགྱུར་བའི་ཚུལ་གཅིག་སྟེ་ཕྲད་ཀྱི་སྒྲ་རྣམ་པ་གསུམ་དུ་འགྱུར་བ་ཡིན་ནོ། །⑦ཞེས་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་གཞུང་དོན་བཀྲལ་བ་བཞིན་འགྲེལ་ཚུལ་དེ་རིགས་དང་ཡོངས་སུ་མཐུན་པར། རྗེ་བཙུན་དངུལ་ཆུ་ཡབ་སྲས་ཀྱིས་ཀྱང་རྩ་བའི་ཚིག་གི་དགོངས་པ་ཚུལ་དེ་ལྟར་བཀྲལ་སྣང་ངོ་། །ཕྱིས་བྱོན་གྱི་རྩ་བའི་གཞུང་འགྲེལ་མཁན་པོ་དག་གིས་ཀྱང་ཚིག་དོན་དེ་ལྟར་བཀྲལ་གནང་ཡོད།

གོང་གསལ་སུམ་ཅུ་པའི་རྩ་བའི་གཞུང་གི་ཚིག་དོན་འགྲོལ་ཚུལ་དེ་དག་ནི། གནའ་དེང་བོད་ཀྱི་བརྡ་སྤྲོད་རིག་པ་སྨྲ་བའི་མཁས་དབང་ཀུན་གྱི་འགྲེལ་ཚུལ་རྒྱུན་འབྱམས་ཤིག་ཡིན་ཞིང་། དམ་པ་གོང་མ་རྣམས་ཀྱི་གསུང་རྒྱུན་འདི་དག་གཞིར་བཞག་ནས་བརྡ་སྤྲོད་རིག་པའི་དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་གཞུང་དོན་འཆད་ཁྲིད་གནང་གི་ཡོད། སྤྱིར་མ་བརྟགས་མ་དཔྱད་པའི་སྣང་ངོར་དེ་ལ་དོགས་གཞི་ཅི་ཡང་འབྱུང་མི་སྲིད་ཅིང་། གཞུང་དོན་དང་འབྲེལ་ནས་ཕྲད་ཀྱི་རྣམ་གྲངས་ངོས་འཛིན་ཚུལ་སོགས་ལ་གནོད་སྐྱོན་གང་ཡང་མེད་པའི་སྣང་བས་གང་བཤད་བདེན་སྣང་གི་གསུང་ཚུལ་རྒྱུན་འབྱམས་སུ་གྱུར་ཡོད། འོན་ཀྱང་ཕྱི་ཐོགས་རིགས་པ་སྨྲ་བའི་རྣམ་དཔྱོད་ཅན་འགའ་ཞིག་ལ་དོགས་གཞི་འདྲ་མིན་སྣ་ཚོགས་བྱུང་ནས། སུམ་ཅུ་པའི་རྩ་བའི་ཚིག་ལ་སྐྱོན་བརྗོད་སྣ་ཚོགས་བྱེད་པ་ནི་ཤིན་ཏུ་མི་རིགས་ཏེ། སློབ་དཔོན་ཐོན་མི་མཆོག་ནི་བརྡ་སྤྲོད་ཀྱི་གཞུང་རྩོམ་པའི་བློ་གྲོས་ལ་ཐོགས་པ་ཀུན་ནས་མི་མངའ་ཞིང་། ཚིག་གི་སྡོད་མལ་དང་དོན་གྱི་གནད་འབྱིན་ཚུལ་ལ་གཏན་ཚིགས་ཀྱིས་ཡོངས་སུ་ཕྱུག་ཅིང་། ཚིག་དོན་གོང་འོག་འབྲེལ་ཆགས་ལ། ཚིག་དོན་གྱི་གནད་ཅི་ལ་ཡང་འདྲ་དཔེ་རྒྱས་འགེབས་དང་། སྡེབ་སྦྱོར་བྱ་ཚུལ་ཐད་རྡོ་ཆག་སྐམ་པོ་བཙན་གྱིས་བསྒྲིགས་པ། དོན་གྱི་གནད་མི་གསལ་བ། ཚིག་གི་ཞིབ་ཆ་མ་ཐོན་པ། ཚིག་དོན་གྱི་འགལ་འདུ་ལ་སོགས་པའི་སྐྱོན་གྱི་ཆ་ནི་ཅིས་ཀྱང་ཡོད་པ་མ་ཡིན་ནོ། ། དེས་ན་གཞུང་རྩ་བའི་ཚིག་གི་དགོངས་པ་ལེན་ཚུལ་དང་། དོན་གྱི་གནད་འགྲེལ་ཚུལ་གྱི་ཐད་ལ་ཕྱིས་བྱོན་འགྲེལ་བྱེད་མཁན་པོ་ཚོས་རྩ་བའི་ཚིག་གི་དགོངས་དོན་འགྲེལ་བའི་ཚེ་ན། སྐབས་འདིར་མི་འཐད་པའི་སྐྱོན་གྱི་ཆའམ་ཞིབ་ཆ་མ་ཐོན་པ་དང་། སློབ་དཔོན་གྱི་དགོངས་གཞི་ལས་འདས་པའི་འགྲེལ་བརྗོད་གནང་ཞིང་། ཐ་ན་ཨུ་ཚུགས་ཀྱིས་དགོངས་པ་བཀྲལ་བས་རྩ་བའི་བསྟན་དོན་དངོས་ངོ་མ་འཕྲོད་པའི་སྐྱོན་ཕྲན་བུ་མཆིས་ཏེ། བོད་ཀྱི་བརྡ་སྤྲོད་རིག་པ་སྨྲ་བའི་ཁྱུ་མཆོག་མཁས་དབང་མི་ཉག་བུ་ཕྲུག་མཆོག་གིས། ཇི་སྲིད་འདི་ལ་སྐྱོན་དུ་རྟོག་བྱེད་པ། ། དེ་སྲིད་ཐོན་མིའི་དགོངས་པ་རྟོགས་པ་མིན། ། དེ་ཕྱིར་ད་དུང་བརྩོན་པ་བརྒྱ་འགྱུར་གྱིས། ། འཁྲུལ་བྲལ་གཞུང་དོན་འཚོལ་ལ་ཞུགས་ཤོག་གོ ། ཞེས་གསུངས་པ་ལྟར། ཐོན་མིའི་གཞུང་བཟང་པོ་འདི་ལ་དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་དགེ་མཚན་འབུམ་གྱིས་ཕྱུག་པས་རང་ཅག་རྣམས་ཀྱིས་རྟག་གུས་བརྩོན་པ་ལ་བརྟེན་ནས་ཤིན་ཏུ་བརླིང་བའི་གཞུང་དོན་རྣལ་མ་འཚོལ་ཞིབ་བྱ་རྒྱུ་གལ་གནད་ཆེ་ཞིང་། ལུང་ཡང་དག་དང་རིགས་པ་རྣམ་དག་གི་སྒོ་ནས་གཞུང་དོན་ལེགས་པར་བཀྲལ་ཏེ། སློབ་དཔོན་ཐོན་མིའི་བརྡ་སྤྲོད་རིག་པའི་དགོངས་པར་བློ་ཚད་མས་ངེས་པ་རྣམ་པར་དག་པ་རྙེད་སླད་སྒོ་ཀུན་ནས་འབད་པར་རིགས་ཤིང་། གཞུང་དོན་ལ་གོ་བ་ཡང་དག་རྙེད་སླད་རྟོག་དཔྱོད་ཡང་ཡང་བྱེད་པ་ནི་དོན་གྱི་སྙིང་པོ་ཆེས་ཆེར་ལྡན་པའི་བགྱི་བ་གལ་ཆེན་ཞིག་ལགས་སོ། །

གཉིས། གཞུང་དོན་གྱི་དགོངས་པ་འགྲེལ་ཚུལ་དེ་དག་གི་མི་འཐད་པའི་ཆ་ལ་དཔྱད་པ།

དེ་ཡང་སྔོན་བྱོན་དྲན་དབང་དམ་པ་རྣམས་ཀྱིས་རང་རང་གི་བློ་གྲོས་ལ་བརྟེན་ནས་གཞུང་གི་དགོངས་དོན་ལ་འབྱོར་ངེས་པའི་འགྲེལ་ཚུལ་ཅུང་ཟད་མི་འདྲ་བ་རེ་སྣང་མོད། འགྲེལ་ཚུལ་དེ་གཉིས་ཀ་ལ་ཡང་སྒྲ་ཤུགས་བསྟན་ཡིན་ཚུལ་གྱི་ཞིབ་ཆ་ཐོན་མ་ཐོན་ཙམ་ལས་གཞན་གྱི་མི་མཐུན་པའི་ཆ་ཅི་ཡང་མེད། འོ་ན་གཞུང་རྩ་བའི་དགོངས་པ་འགྲེལ་དུས། མི་འཐད་པའི་སྐྱོན་གྱི་ཆ་ཕྲན་བུ་མཆིས་པ་དེ་ཅི་ཡིན་ཞེ་ན། རྒྱན་སྡུད་ཀྱི་ཕྲད་ངོས་འཛིན་པའི་ཚེ་ན་ཕྲད་ཀྱི་གྲུབ་ཚུལ་ངོས་འཛིན་སའི་གཞིའམ་ཕྲད་ཀྱི་དབྱུང་གཞི་ནི་འབྲེལ་སྒྲའི་ཕྲད་ཡིན་ཅིང་དེ་ཡིན་པ་ཡང་འབྲེལ་སྒྲ་འཆད་ཟིན་པའི་རྗེས་ཐོགས་དེ་མ་ཐག དེ་ཉིད་ལ་ནི་བཅུ་པ་སྦྱར། ། བྱེད་པ་པོ་རུ་ཤེས་པར་བྱ། ། ཞེས་བྱེད་སྒྲའི་ཕྲད་འགྲུབ་པའི་གཞི་ཡང་འབྲེལ་སྒྲའི་ཕྲད་དག་ཡིན་ལ། དེར་མཐུད་ནས། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ། ཞེས་གསུངས་པས། གཞུང་རང་གི་ཚིག་དོན་གོང་འོག་གི་འབྲེལ་པ་ལ་ལེགས་པར་བརྟགས་ན། རྒྱན་སྡུད་ཀྱི་ཕྲད་ཀྱི་དབྱུང་གཞི་འབྲེལ་སྒྲའི་ཕྲད་ཡིན་པ་ལ་ཐེ་ཚོམ་ཅི་ཡང་མ་མཆིས་སོ། ། དེ་ལ་གཞིགས་ནས། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། ། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ། ཞེས་གསུངས་པའི་དགོངས་པ་འགྲོལ་དུས། རྣམ་དབྱེ་དྲུག་པ་འབྲེལ་པའི་སྒྲའི་ཕྲད་ཀྱི་ནང་ནས། ཀྱི་དང་འི་དང་ཡི་གསུམ་གྱི་ཨཱ་ལི་སྟེ་དབྱངས་ཡིག་ཕྱིས་ནས། དེ་ལ་རྗེས་འཇུག་གིི་གཉིས་པ་ང་ཡིག་སྦྱར་བས། ཕྲད་ཀྱང་ཡང་འང་ཞེས་གྲུབ་ཅེས་བཀྲལ་ན། འབྲེལ་སྒྲའི་ཕྲད་དག་ལས་གང་དང་གང་གི་དབྱངས་ཡིག་དབྱི་དགོས་པའི་ཚུལ་ལ། སུམ་ཅུ་པའི་རྩ་བའི་གཞུང་རང་ན་ཞིབ་ཆ་ཐོན་པའི་གསལ་འགྲེལ་ཅི་ཡང་མ་བྱུང་ཡང་། གཞུང་རང་གི་ཚིག་འགྲོས་དང་དོན་གྱི་དགོངས་པའི་འབབ་གཞི་དང་མི་མཐུན་པར་འགྲེལ་བྱེད་མཁན་པོ་རྣམས་ཀྱིས་གློ་བུར་དུ་ཕྲད་དེ་དག་ལས། ཀྱི་དང་འི་དང་ཡི་གསུམ་གྱི་དབྱངས་ཡིག་དབྱི་དགོས་པའི་ཚུལ་བརྗོད་པ་ནི། གཞུང་རྩ་བའི་ཚིག་དོན་དང་མི་འབྱོར་བའི་ཨུ་ཚུགས་ཀྱི་འགྲེལ་ཚུལ་ཞིག་ཡིན་པ་གསལ་བར་རྟོགས་ནུས་ཏེ། འབྲེལ་སྒྲའི་ཕྲད་ལྔ་ལས། གི་དང་གྱི་གཉིས་ཚུལ་ཇི་ལྟ་བུས་དམིགས་ཀྱིས་བསལ་ནས་ཕྲད་གཞན་གསུམ་གྱི་ཨཱ་ལི་ཕྱིས་ཤིང་ང་ཡིག་སྦྱོར་བའི་ཆོ་ག་གསལ་བར་མ་བསྟན་པ་དང་། ཆོ་ག་དེ་ཕྲད་གི་དང་གྱི་གཉིས་ལ་མི་འཇུག་པའི་ཚུལ་སུམ་ཅུ་པའི་རྩ་བའི་ཚིག་དེའི་གོ་དོན་འགྲེལ་ཚུལ་རང་ལ་གསལ་ཆ་ཡེ་ནས་མི་འབྱུང་བའི་ཕྱིར། གཞན་ཡང་འགྲེལ་ཚུལ་དེར་འབྲེལ་སྒྲའི་ཕྲད་ལྔ་ལས། ཀྱི་དང་འི་དང་ཡི་གསུམ་ཆེད་དུ་བསལ་ནས། དེ་དག་ལ་ཨཱ་ལི་ཕྱིས་ཤིང་སླར་ཡང་རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱོར་དགོས་པའི་ཆོ་ག་འཇུག་ཚུལ་གྱི་དམིགས་བསལ་ཅི་ཡང་མི་གསལ་བཞིན་དུ། གཞུང་དོན་འགྲེལ་བའི་ཚེ་ན་ཨུ་ཚུགས་དང་རང་འདོད་ཞེ་བཅངས་དང་གྱ་ཚོམ་བཅས་ཀྱི་སྒོ་ནས་གོང་དུ་བཤད་པའི་འབྲེལ་སྒྲའི་དེ་དག་ལས། ཀྱི་འི་གཉིས་ཀྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས། སོ་སོར་རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱར་བས་ཀྱང་འང་ཞེས་པར་གྲུབ་པ་དང་འདིར་མ་བསྟན་ཀྱང་དོན་གྱིས་ཐོབ་པའི་ཡང་གི་སྒྲ་དང་བཅས་གསུམ་པོ་དེ་དག་རྣམས།⑧ཞེས་སམ། ཡང་ན་རྣམ་དབྱེ་དྲུག་པ་འབྲེལ་པའི་སྒྲའི་ནང་གི་ཀྱི་དང་འི་དང་ཡི་གསུམ་གྱི་ཨཱ་ལི་སྟེ། དབྱངས་གུག་གུ་ཕྱིས་ནས་དེའི་དོད་དུ་རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱར་བས། ཕྲད་ཀྱི་ནང་ཚན་གྱི་ཀྱང་ཡང་འང་ཞེས་པ་གསུམ་པོ་ནི།⑨ཞེས་དམིགས་བསལ་ཕྲད་དེ་དག་ལ་ངོས་འཛིན་བྱེད་པའི་སྣང་ཚུལ་ཞིག་གྱ་ཚོམ་དང་གློ་བུར་ཐོལ་གྱིས་ཐོན་པའི་གནད་ཀྱིས་རྩ་བའི་ཚིག་ལ་ཞིབ་ཆ་མ་ཐོན་པ་དང་། གསལ་ཆ་མེད་པའི་སྐྱོན་ཞིག་ངང་གིས་རྣམ་རྟོག་ལ་འཆར་བས་སོ། ། འོ་ན་སྐྱོན་དེ་གཞུང་རྩ་བ་རྩོམ་པ་པོའི་སྐྱོན་ཡིན་ནམ་ཞེ་ན་ཡེ་ནས་མ་ཡིན་ཏེ། གཞུང་དོན་འགྲེལ་བྱེད་མཁན་པོས་རྩ་བའི་ཚིག་འགྲོས་དང་མཐུན་པའི་འགྲེལ་ཚུལ་ཐད་ལ་ཞིབ་ཆ་མ་ཐོན་ཞིང་སློབ་དཔོན་གྱི་དགོངས་པ་དངོས་ཇི་བཞིན་མ་ལོན་པའི་གནད་ཀྱིས་སོ། ། འོ་ན་གཞུང་གི་ཚིག་འགྲོས་ལྟར་བཀྲལ་ན། རྩ་བར། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། ། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ། ཞེས་པའི་དོན་ནི། གོང་དུ་བསྟན་པའི་རྣམ་དབྱེ་དྲུག་པའི་ཕྲད་གི་ཀྱི་གྱི་འི་ཡི་རྣམས་ཀྱི་ཨཱ་ལི་སྟེ། གི་གུ་ཕྱིས་ནས་ག་ཀྱ་གྱ་འ་ཡ་ཞེས་གྲུབ་པ་དེ་དག་སོ་སོར་རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱར་བས། གང་ཀྱང་གྱང་འང་ཡང་ཞེས་གྲུབ་འདི་དག་གིས་ཚིག་རྒྱན་གཉིས་དང་སྡུད་པའི་དོན་སྟོན་ཞེས་བཀྲལ་ན་མི་རིགས་སམ་སྙམ་ན། དེ་ཡང་མི་རིགས་ཏེ། དེ་ལྟར་ན་རྒྱན་སྡུད་ཀྱི་ཕྲད་ལྔ་རུ་འགྱུར་ལ། དེ་དག་རེ་རེས་ཚིག་རྒྱན་གཉིས་དང་སྡུད་པའི་དོན་མི་སྟོན་པའི་ཕྱིར། དེར་ཐལ། གང་དང་གྱང་གཉིས་ཀྱིས་རྒྱན་སྡུད་ཀྱི་དོན་མི་སྟོན་པའི་ཕྱིར་རོ། །ཏུན་ཧོང་གི་གནའ་ཡིག་དང་བོད་ཀྱི་བཙན་པོའི་དུས་སུ་བཙུགས་པའི་རྡོ་རིང་གི་ཡིག་རྙིང་དེང་ལྷག་ལུས་བྱུང་བའི་གནའ་དཔེ་དག་ན། ཀྱང་སྒྲའི་དོད་ལ་གྱང་སྒྲ་སྦྱར་བ་མང་ངོ་ཞེ་ན། དེ་ཡང་འཐད་དཀའ་སྟེ་གནའ་བྲིས་སུ་ ནུ་བོ་ན་རེ་བདག་གྱང་ཐོན། བཀའ་ཆི་སྩལ་པའི་རྣམས་གྱང⑩ལྟ་བུ་གྱང་སྒྲ་ཀྱང་སྒྲའི་དོད་དུ་བྲིས་པ་མང་མོད། ཐོན་མིའི་བརྡ་སྤྲོད་རིག་པའི་རྣམ་གཞག་ལས་འགལ་ནས། ཡིག་འབྲི་བ་རང་གི་ཞེ་འདོད་དང་རང་གི་གོམས་འདྲིས་ཇི་བཞིན་ཡུལ་སྐད་དུ་ཅི་ཐོན་བྲིས་པ་ཙམ་དང་།སྡེ་པ་གཅིག་པའི་མིང་གཞི་སྒྲ་ཉེ་བ་ཕན་ཚུན་བརྗེས་པ་ཙམ་ལས། དེ་རྒྱན་སྡུད་ཀྱི་ཕྲད་དངོས་མ་ཡིན་པ་དང་། དེ་མཚུངས་གང་སྒྲ་རྒྱན་སྡུད་ལ་འཇུག་པའི་དཔེར་བརྗོད་ཡེ་མི་རྙེད་པས་འགྲེལ་ཚུལ་འདི་ཡང་ཤིན་ཏུ་འཐད་དཀའ་འོ། ། འོ་ན་གྱང་སྒྲ་ཀྱང་སྒྲའི་དོད་དུ་བྲིས་པ་ཙམ་ལས། དེ་རྒྱན་སྡུད་ཀྱི་ཕྲད་ལ་འཇུག་ཚུལ་རང་ཚུགས་ཐུབ་པ་ཞིག་མེད་པ་གང་གིས་བསྒྲུབ་ནུས་ཤེ་ན། སྐབས་དེ་དུས་ཐོན་མིའི་ཡིག་སྲོལ་དར་ནས་དུས་ཡུན་དེ་འདྲའི་རིང་པོ་ཞིག་མ་ལོན་པའི་གནད་ཀྱིས། ཡིག་འབྲི་མཁན་པོ་ཚོས་རང་གི་ཞེ་འདོད་ལྟར་གྱ་ཚོམ་དུ་བྲིས་པས་བརྡ་སྤྲོད་རིག་པའི་རྣམ་གཞག་ལས་འགལ་བའི་འབྲི་རྒྱུན་མ་དག་པ་མང་དག་ཅིག་དུས་དེར་དངོས་སུ་བྱུང་ཡོད་པ་ཡིན་ཏེ། 《སྒྲ་སྦྱོར་བམ་པོ་གཉིས་པ》ལས། ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་།བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མི་མཐུན་ཏེ་མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོསཞེས་དང་། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་སྒྲ་དང་མཐུན་ཞིང་དོན་དང་ཡང་མི་འགལ་ལ་བོད་ལ་ཡང་གར་བདེ་བར་གྱིས་ཤིགཅེས་ཆོས་སྲིད་ཀྱི་བགྱི་སྒོ་གང་ཅིར་བརྡ་སྤྲོད་རིག་པའི་གཏན་འབེབས་དང་མི་མཐུན་པའི་ཚུལ་དེ་རིགས་རྒྱུན་འབྱམས་དང་ཡོངས་ཁྱབ་ཏུ་གནས་ཡོད་པས། བོད་ཀྱི་སྔོན་བྱོན་ལོ་པཎ་རྣམས་ཀྱིས་སྐད་གསར་བཅད་ཐེངས་གཉིས་པ་མཛད་པའི་དུས་སུ། གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བརྡ་སྤྲོད་རིག་པའི་རྣམ་གཞག་གི་གཏན་འབེབས་དང་གཏན་ནས་འགལ་མི་ཆོག་པའི་གཏན་འབེབས་ཡང་དག་གནང་ཡོད། ཅི་སྟེ་འབྲི་རྒྱུན་འདི་རིགས་ཡང་དག་པའི་ཡིག་སྲོལ་ཞིག་ཡིན་ན། སྐད་གསར་བཅད་ཐེངས་གཉིས་པ་དང་གསུམ་པའི་སྐབས་སུ་སོར་འཇོག་གནང་དགོས་ཀྱང་། དེ་ལས་ལྡོག་ནས་བཅོས་སྒྱུར་གནང་བ་ནི་འབྲི་སྲོལ་ཡང་དག་མ་ཡིན་པའི་གནད་དེར་ཐུག་པའི་རྟགས་ཡང་དག་ཡིན་ནོ། །

གསུམ། རྩ་ཚིག་དེའི་གཞུང་དོན་གྱི་དགོངས་པ་འགྲེལ་ཚུལ་སྐོར་གྱི་རང་ལུགས་གླེང་བ།

གོང་གསལ་དགོངས་པ་འགྲེལ་ཚུལ་དེ་དག་ལ་སྐྱོན་གྱི་ཆ་དང་ལྡན་པས། རྩ་བ་སུམ་ཅུ་པ་ལས། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། ། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ། ཞེས་གསུངས་པ་དེའི་ཚིག་དོན་གཉིས་ཀྱི་འགྲེལ་ཚུལ་འཐད་ལྡན་ཇི་ལྟར་ཡིན་སྙམ་ན། དེ་ནི་གོང་དུ་བཤད་མ་ཐག་པའི་འབྲེལ་སྒྲའི་ཕྲད། གི་ཀྱི་གྱི་འི་ཡི་བཅས་ལྔ་པོ་དེ་དག་གི་ཨཱ་ལི་སྟེ་དབྱངས་ཀྱི་མཚོན་རྟགས་གི་གུ་ཕྱིས་ནས། ག་ཀྱ་གྱ་འ་ཡ་ཞེས་གྲུབ་པ་དེ་དག་རྣམས་ལ། སླར་ཡང་རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱར་བས། གང་ཀྱང་གྱང་འང་ཡང་ཞེས་གྲུབ་བོ། །
གྲུབ་དོན་གྱི་ཡི་གེ་དེ་དག་ཡུལ་གངས་ཅན་པའི་བརྡའི་དོན་སྟོན་པའི་ཕྲད་དུ་སྦྱར་བ་ཡིན་ན། ཚིག་རྒྱན་གཉིས་དང་སྡུད་པའི་དོན་སྟོན་པའི་ཕྲད་དངོས་ནི། ཀྱང་དང་ཡང་དང་འང་བཅས་གསུམ་ཡིན་པས། ཕྲད་འདི་གསུམ་ནི་རྒྱན་སྡུད་ཀྱི་དོན་སྟོན་པའི་ཚིག་ཕྲད་དུ་འགྱུར་བ་ཡིན་ཞིང་། གང་དང་གྱང་གཉིས་ནི་གོང་བཤད་འབྲེལ་སྒྲའི་ཕྲད་དེ་དག་གི་ཨཱ་ལི་ཕྱིས་ཤིང་། རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱར་བའང་ཡིན་མོད། བོད་གངས་ཅན་པའི་སྐད་བརྡའི་དོན་སྟོན་པའི་ཕྲད་དུ་སྦྱར་བ་ཡིན་ན། ཚིག་རྒྱན་གཉིས་དང་སྡུད་པའི་དོན་སྟོན་པའི་ཕྲད་དུ་ནམ་ཡང་མི་འགྱུར་བས་རྒྱན་སྡུད་ཀྱི་ཕྲད་ལས་དམིགས་ཀྱིས་བསལ་བ་ཡིན་ནོ། ། ཞེས་ཚིག་འགྲོས་ཀྱི་དངོས་ཤུགས་གཉིས་གསལ་བའི་སྒོ་ནས་འགྲེལ་རིགས་སོ། །

འོ་ན་འདི་ལྟར་བཀྲལ་བ་ལ་དགོས་པ་ཅི་ཡོད་ཅེ་ན། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། ། ཞེས་པའི་ཚིག་དོན་འགྲེལ་བའི་ཚེ་ན། གཞུང་རང་ངོས་ན་འབྲེལ་སྒྲའི་ཕྲད་གང་དང་གང་གི་ཨཱ་ལི་དབྱི་དགོས་པའི་དབྱེ་བ་ཞིབ་ཆ་མ་གསུངས་བཞིན་དུ་གསུངས་པ་ལྟར་གྱ་ཚོམ་དུ་འབྲེལ་སྒྲའི་ཕྲད་ཀྱི་ཡི་འི་གསུམ་གྱི་གི་གུ་དབྱི་དགོས་ཞེས་ཆེད་དུ་བསལ་ནས་བསྟན་པ་ལྟ་བུའི་རང་བཟོའི་རྣམ་རྟོག་དང་། བློ་བཟོའི་འགྲེལ་ཚུལ་ཨུ་ཚུགས་ཅན་དེ་སྤོང་ཐུབ་པའི་དགེ་མཚན་ལྡན་པ་དང་གཅིག ཨཱ་ལི་ཕྱིས་ནས་རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱར་གཞི་གང་དང་གང་ཡིན་པ་གཞུང་རང་གི་ཚིག་འགྲོས་དང་ཡོངས་སུ་མཐུན་པའི་བཤད་པ་ལེགས་པར་བྱས་པའི་དགེ་མཚན་མཆིས་པ་དང་གཉིས། དེ་ལྟར་སྦྱར་བའི་གྲུབ་དོན་གང་ཀྱང་གྱང་འང་ཡང་བཅས་ཡིན་ཡང་། དེའི་རྗེས་སུ་རྩ་བར། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ། ཞེས་གསུངས་པས། ཚིག་འདིས་ཚིག་རྒྱན་གཉིས་དང་སྡུད་པའི་དོན་སྟོན་མི་སྟོན་གཉིས་ཀྱི་ཁྱད་པར་ལས་རྒྱན་སྡུད་ཀྱི་དོན་གསལ་བར་བྱེད་པའི་ཕྲད་དངོས་ནི་གང་ཡིན་པ་དང་། དེའི་ཤུལ་དུ་ལུས་པའི་གང་དང་གྱང་གཉིས་བོད་སྐད་ཀྱི་འཇུག་ཚུལ་ལ། ཚིག་རྒྱན་གཉིས་དང་སྡུད་པའི་དོན་སྟོན་པའི་ཕྲད་དུ་གཏན་ནས་མི་འགྱུར་བའི་འགག་གནད་གསལ་བས། དེ་གཉིས་རྒྱན་སྡུད་ཀྱི་ཕྲད་དུ་ནམ་ཡང་མི་འགྲོ་བའི་ཚུལ་གསལ་བར་བསྟན་ཕྱིར། གང་ཀྱང་གྱང་འང་ཡང་ཞེས་གྲུབ་པ་ལས། གང་ཞིག་རྒྱན་སྡུད་ཀྱི་ཕྲད་ཡིན་མིན་གསལ་ཁ་མེད་པའི་སྐྱོན་མི་འཇུག་ཅིང་ལོག་རྟོག་སེལ་བའི་དགེ་མཚན་ལྡན་པ་དང་གསུམ། ཨཱ་ལི་ཕྱིས་ནས་ཞེས་པའི་སྐབས་སུ། འབྲེལ་སྒྲའི་ཕྲད་ལྔ་ལས་ཕྲད་གང་དང་གང་གི་ཨཱ་ལི་དབྱི་དགོས་པ་བསྟན་མེདསྙམ་སྟེ། རྩ་བ་སུམ་ཅུ་པར་སྐྱོན་འདུག་གོ་སྙམ་པའི་ལོག་རྟོག་ཆེན་པོ་བསལ་བ་དང་བཞི། གཉིས་པ་སྦྱར་ཞེས་པའི་ཚིག་དེ་བྱུང་བས། གོང་དུ་བཤད་མ་ཐག་པའི་འབྲེལ་སྒྲ་ལྔ་པོ་དེར་ཨཱ་ཕྱིས་ང་སྦྱར་གྱི་ཆོ་ག་འཇུག་པ་ཚིག་ཟིན་གྱི་དོན་དུ་སོང་ཡོདཀྱང་། དོན་ཚན་གཉིས་པའི་སྐབས་ཀྱི་དམ་པ་གོང་མའི་འགྲེལ་ཚུལ་ལ་དེ་དག་ལས་ག་དང་གྱ་གཉིས་བཅད་ཡོད་ཀྱང་། རྩ་བ་སུམ་ཅུ་པའི་ཚིག་དོན་རང་ལ་སྐྱོན་དེ་རིགས་ཡེ་ནས་མི་འཇུག་པར་གོ་བའི་དགོས་པ་དང་ལྔ། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ། ཞེས་པའི་སྐབས་སུ། གོང་གི་ཆོ་ག་དེ་དག་དང་ལྡན་པའི་ཡི་གེ་རྣམས་ལས། གང་དག་རྒྱན་སྡུད་ཀྱི་ཕྲད་དངོས་ཡིན་པ་དང་། གང་དག་རྒྱན་སྡུད་ཀྱི་ཕྲད་མ་ཡིན་པའི་རྣམ་དབྱེ་གསལ་བར་བསྟན་པས། གང་དང་གྱང་སོགས་ཀྱང་རྒྱན་སྡུད་ཀྱི་ཕྲད་ཡིན་ནོ་སྙམ་པའི་རྟོག་བཟོ་དོན་མེད་དུ་ཤེས་ཤིང་གཞུང་གི་དགོངས་པ་རྣལ་མར་མི་འབྱོར་བ་གསལ་བར་ཤེས་པའི་དགོས་པ་ཡོད་པ་དང་དྲུག གཞན་ཡང་དེང་དུས་ཡིག་རྙིང་ཞིབ་འཇུག་པ་འགའ་ཞིག་གིས་གྱང་སྒྲ་རྒྱན་སྡུད་ཀྱི་ཕྲད་ཡིན་པ་གནའ་ཡིག་ན་དངོས་སུ་གསལ་ཚུལ་དང་། དེའི་ཐོག་གང་སྒྲ་རྒྱན་སྡུད་ལ་འཇུག་པའི་ཡིག་རྙིང་གི་དཔང་རྟགས་བྱུང་ན། རྒྱན་སྡུད་ལ་ཕྲད་ལྔ་ཡོད་ཚུལ་སོགས་ཀྱང་བོད་ཀྱི་གནའ་ཡིག་གི་ཁྱད་ཆོས་སུ་བསྒྲུབ་འདོད་མཆིས་ཀྱང་། དངོས་དོན་ཕྲད་ཀྱི་རྣམ་གཞག་དེ་དག་ལ་ངེས་པ་ཡང་དག་རྙེད་པའི་དགོས་པ་ལྡན་པ་དང་བཅས་ཁྱད་ཡོན་ཁག་བདུན་ལྡན་ནོ། ། ལྷག་པར་དུ། 《སུམ་རྟགས་ཀྱི་བཤད་སྦྱར་ལེགས་བཤད་གཅེས་བསྡུས》ལས། འདི་ཐད་ཕྱི་འགྲེལ་འགའ་ཞིག་ཏུ་ཨཱ་ལི་ཕྱིས་ནས་ཞེས་པའི་རྩ་བའི་ཚིག་སྡུད་ཀྱི་དོན་མ་གོ་བར། གི་གྱི་གཉིས་ཀྱི་གི་གུ་ཕྱིས་ནས་ང་ཡིག་སྦྱར་བས། གང་། གྱང་ཞེས་གྲུབ་པ་ཚིག་རྒྱན་དང་སྡུད་པའི་དོན་ལ་འཇུག་པ་གཞིར་བྱས་ཀྱི་དཔེར་བརྗོད་བཙལ་ཀྱང་མ་རྙེད་པ་ནི་མོ་གཤམ་གྱི་བུ་མོ་བག་མར་བཙལ་བ་དང་འདྲའཞེས་བཀག་པར་མཛད་ཀྱང་།《སུམ་རྟགས་ཀྱི་བཤད་སྦྱར་ལེགས་བཤད་གཅེས་བསྡུས》ཀྱི་ནང་དུ། རྩ་བའི་ཚིག་སྡུད་ཀྱི་དོན་སྟོན་ཚུལ་ནི། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། ། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ། ཞེས་པ་སྟེ། གོང་གི་འབྲེལ་སྒྲ་དེ་དག་ལས་གི་གྱི་གཉིས་བསལ་བའི་ལྷག་མ་ཀྱི་འི་གཉིས་དང་། ཤུགས་བསྟན་ཡི་བཅས་གསུམ་པོ་དེ་དག་ལ་ཨཱ་ལི་སྟེ་གི་གུ་ཕྱིས་ནས་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས་ཀྱང་ཡང་འང་ཞེས་གྲུབཅེས་གསུངས་ཀྱང་། ཨཱ་ལི་ཕྱིས་ནས་ཞེས་པའི་རྩ་བའི་ཚིག་སྡུད་ཀྱི་དོན་ལ་གོང་གི་འབྲེལ་སྒྲ་དེ་དག་ལས་གི་གྱི་གཉིས་བསལ་བའི་ལྷག་མ་ཀྱི་འི་གཉིས་དང་། ཤུགས་བསྟན་ཡི་བཅས་གསུམ་པོ་དེ་དག་ཡིན་པའི་དོན་གོ་རྒྱུ་ཡོད་མེད་རྩ་བའི་ཚིག་རིས་རང་ལ་བརྟག་ཅིང་དཔྱད་ན་དོན་གྱི་གནད་གསལ་བར་འགྱུར་ཞིང་། 《སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་གསལ་བར་བྱེད་པའི་སྣང་བ》ཞེས་པར། གོང་གི་ཡི་གེ་དེ་རྣམས་ཀྱི་ནང་ནས་གི་གྱི་གཉིས་དོར་བའི་ཀྱི་འི་ཡི་གསུམ་གྱི་ཨཱ་ལི་ཕྱིས་ནས་རྗེས་འཇུག་གི་གཉིས་པ་ང་སྦྱར་བསཞེས་བཀྲལ་མོད། རྩ་བ་སུམ་ཅུ་པའི་གཞུང་རང་གི་ཚིག་འགྲོས་ལ་གི་གྱི་གཉིས་དོར་བའི་ཀྱི་འི་ཡི་གསུམ་གྱི་ཨཱ་ལི་ཕྱིས་དགོས་པའི་དགོངས་གཞི་དང་གསུང་སྒྲོས་གང་ཡང་མེད་བཞིན་དུ་ཡོད་པར་རློམ་པའི་བཤད་ཡམས་མཛད་སྣང་བས་སྔར་བཞིན་འཐད་དཀའ་འོ། ། དེ་ཡང་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་གཞུང་རང་ན་ཚིགས་བཅད་འགྲོལ་ཚུལ་གྱི་གདམས་པ་བསྟན་པ་ལས། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། ། ཅུང་ཟད་བསྡུས་པ་ཡོད་ན་ཡང་། ། དེ་ནི་དེ་བཞིན་སྦྱར་བར་བྱ། ། ཞེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གཞུང་རྣམས་ཀྱི་ཚིགས་སུ་བཅད་པར་རྣམ་དབྱེ་དང་ཕྲད་སོགས་ཀྱི་ཚིག་སྡུད་མང་པོ་འབྱུང་བ་རྣམས་ཇི་ལྟར་འགྲོལ་ཚུལ་གསུངས་པའི་གཞུང་དོན་ལ་གོ་བ་ཇི་ལྟར་རྒྱ་བསྐྱེད་དགོས་ཚུལ་དང་། ཚིག་སྡུད་ཇི་ལྟར་བྱ་ཚུལ། དེ་དག་གི་བསྡུ་བ་བྱ་ཚུལ་སོགས་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་འབྲེལ་ནས་འཆད་འཁྲིད་དང་། ལག་ལེན་ལ་འདེབས་ཚུལ་སོགས་དཔྱད་གཞི་མང་བས་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་ནོར་དང་ལྡན་པའི་སྐྱེས་བུ་དག་གིས་མུ་མཐུད་ནས་དོན་གྱི་གནད་དམ་པ་ཇི་བཞིན་གསལ་བའི་རྟོག་དཔྱོད་ཞིབ་མོ་གནང་རྒྱུའི་དྲན་སྐུལ་ཞུ་རྒྱུ་ཡིན། །


* བསོད་ཆོས། བོད་ལྗོངས་ཞིང་འབྲོག་སློབ་ཆེན་སྤྱི་སྤྱོད་སློབ་ཁྲིད་སྡེ་ཁག་གི་བོད་ཡིག་སློབ་དཔྱོད་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

① ②སུམ་རྟགས་ཀྱི་རྩ་འགྲེལ་ལས་གནད་དོན་འགའ་ཞིག་ལ་དཔྱད་པ། [J] བོད་ལྗོངས་ཞིབ་འཇུག (བོད་ཡིག) 1988 (2).1988 (2)

③ སུམ་རྟགས་ཀྱི་རྩ་འགྲེལ་ལས་གནད་དོན་འགའ་ཞིག་ལ་དཔྱད་པ། [J] བོད་ལྗོངས་ཞིབ་འཇུག (བོད་ཡིག) 1988 (2)

④ ⑤ དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999:343.343

⑥ ཀརྨ་སི་ཏུ། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982:69

⑦གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། གསེར་ཏོག་སུམ་རྟགས། [M] མི་རིགས་དཔེ་སྐྲུན་ཁང་། 1995:61

⑧པྲ་ཏི་རིན་ཆེན་དོན་གྲུབ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:39

⑨ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། གསེར་ཏོག་སུམ་རྟགས། [M] མི་རིགས་དཔེ་སྐྲུན་ཁང་། 1995:61

⑩ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། (སྨད་ཆ) [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:1

11     བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [M] མི་རིགས་དཔེ་སྐྲུན་ཁང་།   2003:70

12    ཆོས་འབྱུང་བསྟན་པའི་པད་མ་རྒྱས་པའི་ཉིན་བྱེད། འབྲུག་པ་པད་མ་དཀར་པོ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013:229

13  དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999:343.342

14  མཁས་མཆོག་དབྱངས་ཅན་ངག་དབང་། སུམ་རྟགས་ཀྱི་བཤད་སྦྱར་ལེགས་བཤད་གཅེས་བསྡུས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989:47.46

15 ཅོ་ནེ་གྲཊ་པ་བཤད་སྒྲུབ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། (པོད༡༢པ) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009:22


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1