མཐོ་རྒྱུགས་སྐད་ཡིག་རྒྱུགས་གཞིའི་ཐད་ཀྱི་གནད་དོན་འགའ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


[གནད་བཏུས] རྩོམ་འདིར་ལོ་ལྔའི་རིང་གི་མཐོ་རྒྱུགས་སྐད་ཡིག་རྒྱུགས་གཞི་བཅའ་སྟངས་དང་། མཐོ་རྒྱུགས་སྐད་ཡིག་རྒྱུགས་གཞིའི་ནང་དུ་བྱུང་བའི་ནོར་འཁྲུལ། མ་འོངས་པར་མཐོ་རྒྱུགས་སྐད་ཡིག་རྒྱུགས་གཞི་བཅའ་ཚུལ་ཐད་ལ་བཏོན་པའི་བསམ་ཚུལ་ལམ་བགྲོ་གླེང་གི་ཚུལ་གྱིས་བྲིས་ཡོད།

[གནད་ཚིག] མཐོ་རྒྱུགས། སྐད་ཡིག རྒྱུགས་གཞི། ནོར་འཁྲུལ། རྒྱུགས་བཅའ་བ།

གླེང་གཞི།

རྒྱུགས་གཞི་ཚད་ལྡན་ཞིག་བཅའ་དགོས་ན་རྒྱུགས་གཞི་བཅའ་མཁན་ལ་ངེས་པར་དུ། སློབ་འབྲིང་སློབ་མའི་སྐད་ཡིག་གི་སློབ་དེབ་ལ་ཆ་རྒྱུས་ཟབ་དགོས་པ་དང་གཅིག བོད་རང་གི་སྐད་ཡིག་ལ་དུངས་ཤ་ཟབ་ཅིང་འགན་འཁུར་གྱི་འདུ་ཤེས་ལྡན་དགོས་པ་དང་གཉིས་སོ། ། དེ་ལྟར་མ་བྱུང་ན་ལོ་འདི་དག་ལ་སྐད་ཡིག་རྒྱུགས་གཞིའི་ཐད་ནས་གནད་དོན་རབས་དང་རིམ་པ་ཞིག་འབྱུང་བཞིན་པ་ལ། ངས་འདི་ནས་ཕྱོགས་གསུམ་ནས་གླེང་བར་བྱའོ། །

གཅིག བོད་སྐད་ཡིག་རྒྱུགས་གཞིའི་རྩ་གནད་ཚད་ལྡན་ཞིག་མེད་པ།

རྒྱའི་སྐད་ཡིག་ལྟ་བུ་ལ་མཚོན་ན་རྒྱུགས་གཞི་བཅའ་བའི་ནང་དོན་དང་ཁྱབ་ཁོངས་ནི་འདི་ལྟ་སྟེ།

དང་པོ། རྒྱ་ཡིག་གི་རྨང་གཞིའི་ཤེས་བྱ་དང་དེའི་བེད་སྤྱོད།

(1) སྤྱི་སྤྱོད་བསླབ་གཞིར་ཁྱབ་པའི་རྒྱུན་སྤྱོད་རྒྱ་ཡིག་གི་སྒྲ་དང་གཟུགས། ནང་དོན།

(2) རྒྱུན་སྤྱོད་མིང་ཚིག་གི་གོ་བ་དང་དེའི་བེད་སྤྱོད།(སྤྱིར་བཏང་བའི་མིང་དང་ཚིག དཔེ་ཆོས། ཚིག་ཕྲད་འདུ)

(3) ཚིག་སྐྱོན་གྱི་ངོས་འཛིན་དང་དག་བཅོས།

(4) ཚིག་གྲུབ་ཀྱི་རྣམ་པའི་ངོས་འཛིན་དང་བརྗེ་སྒྱུར།

(5) ཚིག་སྒྲིག་དང། རྒྱས་འབྲི། བསྡུས་འབྲི།

(6) བརྗོད་པ་ཡི་གོ་རིམ་སྒྲིག་པ་དང་སྡེབ་པ།

(7)རྒྱུན་མཐོང་ཚིག་རྒྱན་གྱི་ངོས་འཛིན་དང་དེའི་བེད་སྤྱོད(དཔེ་འཇོག་པ་དང་། འུད་བརྗོད། རྣམ་པ་བསྐོར་བ། དྲི་བ་འདྲི་བ། ལྡོག་འདྲི་བྱེད་པ་བཅས་འདུ)

(8) ཚེག་ཤད་ཀྱི་བཀོལ་སྤྱོད།

གཉིས་པ། རྩོམ་རིག་རྒྱུན་ཤེས་དང་རྩོམ་ལུས་རྒྱུན་ཤེས།

(1)སྤྱི་སྤྱོད་སློབ་དེབ་དང་འབྲེལ་པའི་རྒྱལ་ཁབ་ཕྱི་ནང་གི་རྩོམ་པ་པོ་དང་བརྩམས་ཆོས་གྲགས་ཅན། མ་ཟད་དེ་དག་གནས་པའི་དུས་རབས་སོགས་ཀྱི་རྒྱུན་ཤེས་ཁོང་དུ་ཆུད་པ།

(2) ཇི་བཞིན་བརྗོད་པའི་རྩོམ་ཡིག གསལ་བཤད་རྩོམ་ཡིག དཔྱད་བརྗོད་རྩོམ་ཡིག་སོགས་རྩོམ་ལུས་རྒྱུན་ཤེས་ཁོང་དུ་ཆུད་པ།

(3) བསླབ་གཞིར་བློར་འཛིན་དགོས་པའི་བླང་བྱ་ཡོད་པའི་སྙན་ངག་དང་། རྩོམ་ཡིག་གི་ཚིག་ཡག་དང་ཚན་དུམ་ཡག་པོ་ཁོང་དུ་ཆུད་དགོས་པ།

གསུམ་པ། དེང་རབས་རྩོམ་ཡིག་གི་ལྟ་ཀློག

ཇི་བཞིན་བརྗོད་པའི་རྩོམ་ཡིག གསལ་བཤད་རྩོམ་ཡིག དཔྱད་བརྗོད་རྩོམ་ཡིག ལྷུག་རྩོམ། བརྩམས་སྒྲུང་བཅས་ལ་ལྟ་ཀློག་དང་དབྱེ་ཞིབ་བྱེད་དགོས།

(1) རྩོམ་ཡིག་གི་རྒྱུན་སྤྱོད་ཀྱི་མིང་ཚིག་གཙོ་བོ་ལ་གོ་བ་ལོན་པ།

(2) རྩོམ་ཡིག་གི་ཚིག་གྲུབ་གཙོ་བོ་ལ་གོ་བ་ལོན་པ།

(3) རྩོམ་ཡིག་གི་བརྗོད་སྙིང་དང་ཚན་དུམ་གྱི་མདོར་དོན་ཕྱོགས་སྡོམ་བྱེད་ཤེས་དགོས་པ།

(4) རྩོམ་ཡིག་གི་གྲུབ་གཞིའི་གོ་རིམ་ལ་དབྱེ་ཞིབ་བྱེད་ཤེས་དགོས་པ།

(5) རྩོམ་ཡིག་གི་རྩོམ་འབྲིའི་ཁྱད་ཆོས་གཙོ་བོ་གསལ་བཤད་བྱེད་ཤེས་དགོས་པ།

(6) རྩོམ་ཡིག་གི་ཚིག་རྒྱན་མཚོན་ཐབས་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་ཐུབ་པ།

བཞི་པ། རྩོམ་ཡིག

ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་། སྟབས་བདེའི་དཔྱད་བརྗོད་རྩོམ་ཡིག གསལ་བཤད་རྩོམ་ཡིག རྒྱུན་སྤྱོད་ཉེར་སྤྱོད་རྩོམ་ཡིག་བཅས་འབྲི་ཐུབ་དགོས་ལ། གཤམ་གྱི་རེ་འདུན་དང་མཐུན་དགོས།

(1) རྩོམ་བྱང་དང་མཐུན་དགོས་ལ། རྩོམ་ལུས་ཀྱི་བླང་བྱ་དང་མཐུན་དགོས།

(2) འདུ་ཤེས་གཙང་མ་དང་། བརྗོད་དོན་གསལ་པོ་ཡིན་དགོས།

ང་ཚོ་བོད་སྐད་ཡིག་གི་རྒྱུགས་གཞི་ནི་དེ་ལྟ་བུ་ཞིག་མ་ཡིན་པར། རྒྱུགས་གཞིའི་ཁྱབ་ཁོངས་ནི་ཡོངས་ཁྱབ་རང་བཞིན་མི་ལྡན་པར། བོད་ཀྱི་ཁ་དཔེ་ལ། ར་བྲག་འདོད་ཀྱིས་བྲག་དང་། ལུག་སྤང་འདོད་ཀྱིས་སྤང་ཞེས་པ་ནང་བཞིན། རྒྱུགས་གཞི་བཅའ་མཁན་གྱི་འདོད་མོས་བཞིན་སྙན་ངག་ལ་དགའ་མཁན་ཞིག་ཡིན་ན་སྙན་ངག་གི་སྐོར་མང་བ་དང་། ཚད་མ་ལ་དགའ་བ་ཞིག་ཡིན་ན་ཚད་མའི་སྐོར་ནས་མང་བ། བརྡ་སྤྲོད་གཙོ་བོར་འཛིན་མཁན་ཞིག་ཡིན་ན་བརྡ་སྤྲོད་ཀྱི་སྐོར་ནས་མང་བ་སོགས་གང་ཡིན་འདི་ཡིན་མ་ངེས་ཏེ། དཔེར་ན། ཉིས་སྟོང15-18བར་གྱི་དྲིས་ལན་འདེམ་པའི་སྐོར་གྱི་སྐར་གྲངས་ཟིན་ཚད་རེའུ་མིག

ད་དུང་བསྐྱར་ཟློས་ཀྱི་ཆ་མང་སྟེ། དཔེར་ན། 2013ལོ་དང2018ལོ་ལ་མིང་གཅིག་བསྐྱར་བ། འཆར་ཀ མགལ་དུམ། བྱུར་གྱི་སྣ་འདྲེན། ཀོ་གྱོང་ལག་མཉེས། དྲུངས་ནས་འབྱིན་པ། ལྷ་ལུང་འདྲེ་ལག ཁ་འདོན་གྲེ་སྐྱིལ། འཆང་གཟུང་། ཁ་སྨྲས་གླེང་གཞི། 2014ལོ་དང2018ལོ་ལ་མིང་གཅིག་བསྐྱར་བ། རུ་སྤོ་སྐྱས་འགེལ། དྲུངས་ནས་འབྱིན་པ་ལྟ་བུ། 2015ལོ་དང2017ལོ་ལ་བསྐྱར་བ་ལྡིང་ཁང་དང་ཁས་འཆེས་སོགས་ལྟ་བུ། མིང་འགྲེལ་བསྐྱར་བ། 2015ལོ་དང2017ལ། མཐོ་འཚམ་པ། ལོང་གཏམ་ལྟ་བུ། དུས་གསུམ་གྱི་སྐོར་ནས་བསྐྱར་བ། 2014ལོ་དང2015ལོར་གནས་སོགས་བཅའ་བྱ། འཆའ་བྱེད། བཅས་ཟིན། ཆོས་ཤིག་ལྟ་བུ་མང་པོ་འདུག་པས་རེ་རེ་ནས་མི་གླེང་བར་བྱའོ། །

གཉིས། རྒྱུགས་གཞིར་བྱུང་བའི་ནོར་འཁྲུལ།

ཉིས་སྟོང་བཅོ་བརྒྱད་ལོའི་རྩིས་ཚན་ཕྱོགས་སྡོམ་གྱི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་གཞིའི་དྲི་བ་བརྒྱད་པ་རྫས་འགྱུར་གྱི་དྲི་གཞི(རྫས་འགྱུར་གྱི་ནང་དོན་ལྟར་ན་གདམ་བྱ་འོས་འཚམ་ཡིན་ནའང་། སྐྱེ་དངོས་ཀྱི་རིག་པ་ལྟར་ན་གདམ་བྱ་གཞན་ཞིག་འབྱུང་བས)དེ་ལ་ལན་རིགས་གཉིས་བྱུང་བས་རྒྱལ་ཡོངས་མི་དམངས་ལ་གླེང་གཞི་ཆེན་པོ་བཟོས། འོན་ཀྱང་ང་ཚོའི་སྐད་ཡིག་གི་རྒྱུགས་གཞི་ལ་ནོར་བ་བརྒྱ་སྟོང་བྱུང་ན་ཡང་། དེ་ལ་སྣང་དོགས་དང་ཕྱི་ནས་གཟབ་གཟབ་བྱེད་པའི་འདུ་ཤེས་ནི་ཡེ་ནས་བོར་འདུག དཔེར་ན། 2014ལོའི་དྲི་བ་ཉེར་གཅིག་པ①གཤམ་གྱི་ཐལ་འགྱུར་ལས་རྟགས་གསལ་རྩོད་གཞི་གསུམ་ངོས་འཛིན་ཡང་དག་ཡིན་པའི་ཁག་གཅིག་ནི། རི་བོང་རྭ་ཆོས་ཅན། མེད་པར་ཐལ། ཚད་མས་མ་དམིགས་པའི་ཕྱིར། ཞེས་པར་མཚོན་ན། རི་བོང་རྭ་ནི( )དང་། མེད་པ་ནི( )དང་། ཚད་མས་མ་དམིགས་པ་ནི( )ཡིན། ཞེས་པ་འདིའི་གདམ་བྱ། A.རྟགས། རྩོད་གཞི། གསལ་བ། B.རྩོད་གཞི། རྟགས། གསལ་བ། C.རྩོད་གཞི། གསལ་བ། རྟགས། D. གསལ་བ། རྩོད་གཞི། རྟགས་སོགས་ཡིན། དྲི་བ་འདི་ལ་མཚོན་ན་ནོར་དགོས་པ་ཞིག་མ་ཡིན་པར། སློབ་མ་བརྒྱ་ཆའི་དགུ་བཅུའི་ཡན་གྱིས་འབྲི་ཐུབ་པ་གདོན་མི་ཟ་བར། ཡང་དག་པའི་དྲིས་ལན C. ཡིན་པ་ལ། ཁོ་ཚོས་ཚད་ལྡན་དྲིས་ལན་དུ A.②ཡིན་པར་བྱས་འདུག

2017ལོའི་དྲི་བ་དང་པོ་མིང་གི་དག་ཆའི་སྐོར་ནས་གཤམ་གྱི་མིང་དང་ཚིག་ཁག་བཞི་ལས། ཡིག་ནོར་ཡོད་པའི་ཁག་ནི A.ལྡིང་ཁང་། ཚང་ཚིང་། གློག་འགྱུ་བ། ལྭ་འདབས་སྡོག B.ཀླན་ཀ ངན་རེངས། སྐྱོན་མཚང་བྲུས། བྱེས་དྲན་ཡུལ་དྲན། C.གཅམ་གསག ཁས་འཆོས(འཆེས)། སྐྱི་བསེར་རླུང་། རྟག་བརྟན་ཐར(ཐེར)ཟུག D.རིགས་ལམ། སྨྱུང་གནས། འབྲི་ཐུལ་མ། གཟི (གཟུ) ཟན་མགོ་རྡུང་།③དྲི་བ་བཅུ་བཞི་པ་གཤམ་གྱི་རིགས་སྤྱི་དང་ཚོགས་སྤྱིའི་མུ་བཞི་ལས་ནོར་བའི་ཁག་ནི། A.རིགས་སྤྱི་ཡིན་ལ་ཚོགས་སྤྱི་མ་ཡིན་པའི་མུ་ནི། ཤེས་བྱ་ལྟ་བུ། B.ཚོགས་སྤྱི་ཡིན་ལ་རིགས་སྤྱི་མ་ཡིན་པའི་མུ་ནི། བུམ་པ་ལྟ་བུ། C. རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་ཡིན་པའི་མུ་ནི། སྨྱུ་གུ་ལྟ་བུ། D.རིགས་སྤྱི་དང་ཚོགས་སྤྱི་གང་ཡང་མ་ཡིན་པའི་མུ་ནི། རྟག་དངོས་གཉིས་ལྟ་བུ།④དྲི་བ་འདིས་དྲིས་ལན་ལ་ཚད་ལྡན་དྲིས་ལན་དུ C.ཡིན་པར་བྱས་འདུག⑤འོན་ཀྱང་སྨྱུ་གུ་ཆོས་ཅན། ཁྱོད་རིགས་སྤྱི་ཡིན་པ་གང་ཞིག་ཚོགས་སྤྱི་ཡང་ཡིན་ཏེ། ཁྱོད་རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྨྱུ་གུ་ཆོས་ཅན། ཁྱོད་རིགས་སྤྱི་ཡིན་ཏེ། ཁྱོད་རང་གི་རིགས་ཅན་དུ་མ་རྗེས་སུ་འགྲོ་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། ཁྱོད་རང་གི་རིགས་ཅན་དུ་མ་རྗེས་སུ་འགྲོ་བའི་ཆོས་ཡིན་ཏེ། གསེར་གྱི་སྨྱུ་གུ་དེ་དེ་ཡིན་པའི་ཕྱིར། དངུལ་གྱི་སྨྱུ་གུ་དེ་དེ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རང་གི་རིགས་ཅན་དུ་མ་རྗེས་སུ་འགྲོ་བའི་ཆོས་དེ་རིགས་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། སྨྱུ་གུ་ཆོས་ཅན། ཁྱོད་ཚོགས་སྤྱི་ཡིན་ཏེ། ཁྱོད་རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། སྨྱུ་གུ་ཆོས་ཅན། ཁྱོད་རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་པ་དེ་ཡིན་དེ། ཁྱོད་རང་གི་ཆ་ཤས་སུ་གྱུར་པའི་སྨྱུག་རྩེ་དང་སྨྱུག་ཤུབས་སོགས་དུ་མ་ཚོགས་པའི་གཟུགས་རགས་པ་ཡིན་པའི་ཕྱིར། ཞེས་རྟགས་རེ་རེ་ནས་སླའོ། ། དེས་ན་དྲི་བ་འདིའི་གདམ་བྱ་དག་གི་ཁྲོད་དུ་ཡང་དག་པ་ཞིག་ཡོད་དམ་ཞེ་ན། ཡོད་པ་གང་ཞིག་གདམ་བྱ B. དེ་ཡིན་པའི་ཕྱིར། བུམ་པ་ཆོས་ཅན་ཚོགས་སྤྱི་ཡིན་པ་གང་ཞིག་རིགས་སྤྱི་ཡང་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་རིགས་སྤྱི་ཡིན་ཏེེ། ཁྱོད་རང་གི་རིགས་ཅན་དུ་མ་རྗེས་སུ་འགྲོ་བའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་རང་གི་རིགས་ཅན་དུ་མ་རྗེས་སུ་འགྲོ་བའི་ཆོས་ཡིན་ཏེེ། གསེར་གྱི་བུམ་པ་དེ་དེ་ཡིན་པའི་ཕྱིར། དངུལ་གྱི་བུམ་པ་དེ་དེ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རང་གི་རིགས་ཅན་དུ་མ་རྗེས་སུ་འགྲོ་བའི་ཆོས་དེ་རིགས་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། ཞེས་རྟགས་རེ་རེ་ནས་སླའོ། །

དྲི་བ་བཅོ་ལྔ་པ་གཤམ་གྱི་རྟགས་སྦྱོར་སོ་སོ་རྟགས་ཀྱི་ནང་གསེས་གང་ཡིན་པ་ངོས་བཟུང་བ་ནོར་བའི་ཁག་ནི། A. ཅོག་ཙེ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། རྟགས་ཡང་དག་བཀོད་པ། B. མེ་ཏོག་ཆོས་ཅན། དཀར་པོ་ཡིན་ཏེ། ཁ་དོག་ཡིན་པའི་ཕྱིར། མ་ངེས་པའི་རྟགས་བཀོད་པ། C. གསེར་གྱི་རྒྱན་ཆ་ཆོས་ཅན། རྣ་ཤེས་ཀྱི་མཉན་བྱ་ཡིན་ཏེ། ཕྱིའི་གཟུགས་ཡིན་པའི་ཕྱིར། འགལ་བའི་རྟགས་བཀོད་པ། D. ཟླ་བའི་ཁ་དོག་ཆོས་ཅན། ཁ་དོག་ཡིན་ཏེ། དམར་པོ་ཡིན་པའི་ཕྱིར། མ་དམིགས་པའི་རྟགས་བཀོད་པ།⑥གོང་གི་དྲི་བ་འདིར་གདམ་བྱ་ཡང་དག་པ་ནི D ཁོ་ན་མ་ཡིན་པར། གདམ་བྱ B དང C ཡང་ནོར་ཡོད་དེ། གདམ་བྱ B ནི་མེ་ཏོག་ནི་ཁ་དོག་མ་ཡིན་པས་མ་གྲུབ་པའི་རྟགས་ལྟར་སྣང་ཡིན་ལ། གདམ་བྱ C ནི་རྣ་ཤེས་ཀྱི་མཉན་བྱ་དང་ཕྱིའི་གཟུགས་ཀྱི་གཞི་མཐུན་ཡོད་པས་མ་ངེས་པའི་རྟགས་ལྟར་སྣང་ཡིན་ནོ། ། དེ་བས་དྲི་བ་འདི་ཡང་སྣ་མང་གདམས་གསེས་སུ་གྱུར་འདུག

ད་དུང་བོད་སྐད་ཀྱི་བརྗོད་པ་དང་མི་མཐུན་པ་ཡང་ཡོད་དེ། དྲི་བ་ཉི་ཤུ་པ་སྐར་ཆུང་རྡོ་རིང་གི་བསྟན་བྱ་ཕྲིས་ཟེར་བ(མིང་ལ་བསྟན་དོན་འབྲི་རྒྱུ་ཡོད་ན། འོ་ན་རྒྱུགས་བཅའ་མཁན་སྐུ་ཉིད་ཀྱིས་བསྟན་དོན་གང་ཡིན་པ་གསུང་རོགས་ཞུ)སོགས་མང་ངོ། །

2018ལོའི་ལྟ་ཀློག་གི་དྲི་བ་ཉེར་གསུམ་པ་གོང་གི་རྩོམ་འདི་ལས་མིང་དག་ལ་འགྲེལ་བཤད་བྱས་པ་ཡང་དག་མིན་པ་ནི། A. པར་སིག་ནི་རྒྱ་གར་གྱི་ཡུལ་ཀ་ཤི་སྨིར་གྱི་མིང་། ཏ་ཟིག་དང་སྟག་གཟིག་ཀྱང་ཟེར། B.སིནྡྷུ་ནི་ཆུ་བོ་སིནྡྷུ་སྟེ། རྒྱ་གར་ནུབ་ཕྱོགས་ཀྱི་བྱང་ནས་ལྷོ་རུ་འབབ་པའི་ཆུ་ཆེན་ཞིག C. ཁམས་ནི་ཡུལ་དབུས་དང་ཐག་རིང་བའི་མཐའ་མཚམས་ས་ཆའི་མིང་། D. བྲང་ས་ནི་རྒྱལ་པོ་དང་བླ་མ་སྡོད་སའི་ཕོ་བྲང་གི་བརྡ་རྙིང་།⑦གོང་གི་དྲི་བ་འདིར་མཚོན་ན་དྲི་བ A. པར་སིག་ནི⑧ཏ་ཟིག་དང་སྟག་གཟིག་ཅེས་ཀྱང་འབྲི། སྔ་དུས་ཀྱི་ཨ་རབ་ཕྱེད་གླིང་གི་རྒྱལ་ཁབ་ཅིག་གི་མིང་ཡིན། ཞེས་བྲིས་འདུག་པ་དང་། དྲི་བ B.སིནྡྷུ་ཞེས་པ་འདི་གོང་གི་ལྟ་ཀློག་ཏུ། དེང་སང་རྒྱ་གར་ལ་ཧིན་སི་ཐན་དུ་གྲགས་པ་འདི་ཡང་པར་སིག་གི་ཐ་སྙད་ཡིན་ཞིང་། དེ་དག་གི་སྐད་ལ་སིནྡྷུ་ལ་ཧིན་དུ་སོགས་སུ་འབོད་པས། ཧིན་དུ་བྱ་བ་ཡང་ཐོག་མར་རྒྱ་གར་ནུབ་ཕྱོགས་ཀྱི་སིནྡྷུའི་ཡུལ་གཅིག་པུའི་མིང་ཡིན་ལ། རིམ་གྱིས་རྒྱ་གར་སྤྱིའི་མིང་དུ་འཇགས་པ་ཡིན་ནོ། །ཞེས་ཁ་གསལ་བའི་སྒོ་ནས་སིནྡྷུ་ནི་ཡུལ་ལུང་ཞིག་གི་མིང་ཡིན་པར་བཤད་འདུག་ལ། གཞན་ཡང་དུང་དཀར་ཚིག་མཛོད་ཀྱི་ཤོག་ངོས821ན། 《ལྷོ་རུང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས724ཡིག་ཆུང་ལས། ཆུ་བོ་དེའི་འགོ་ནི་ཏི་སེའི་རྒྱབ་བྲག་སེང་གེ་ལྟ་བུའི་ཁ་ནས་འབབ་སྟེ། མར་ཡུལ་གྱི་གཞུང་ནུབ་བྱང་བརྒྱུད་ཟངས་དཀར་དང་པུ་རང་གི་ཆུ་རྣམས་བརྒྱུད་ནས་ཁ་ཆེའི་བྱང་ངོས་ཐཱ་ལི་དང་བྲུ་ཤའི་ཀླུང་དུ་ཁྲིད་དེ་ཏཱ་ཟིག་གི་ཆུ་རྣམས་བསྡུས་ནས་ར་ཙ་ཧུར་གྱི་ཐུར་དུ་འབབ་པ་ཨུ་རྒྱན་གྱི་ནུབ་ནས་ཤར་དུ་འབབ་པ་དང་འདྲེས། དུར་ཁྲོད་གཏུམ་དྲག་རོལ་པ་ཡོད་པའི་བྷ་དྲའི་ཆུ་ནུབ་ཏུ་འབབ་པ་དང་། ཁ་ཆེའི་གཙང་པོ། ཙནྡྲ། བྷ་གའི་ཆུ་རྣམས་འདྲེས་ནས་རྒྱ་གར་ནུབ་ཕྱོགས་སུ་པུར་ཤོ་ནས་ལྷོ་ནུབ་རྒྱ་མཚོའི་མཐའ་ལ་འགྲོ་ཞེས་གསལ་བ་དེ་ནི་གངས་རི་ཏི་སེའི་གནས་ཡིག་རྒྱས་བསྡུས་གཉིས་ལས་གསལ་བར་མ་ཟད། དེང་སྐབས་རང་རྒྱལ་གྱིས་དཔེ་སྐྲུན་བྱས་པའི་འཛམ་གླིང་ས་བཀྲ་དང་། ཀྲུང་གོའི་ས་ཁྲ་བཅས་ཀྱི་ནང་འཁོད་པའི་ཆུ་འགོ་དང་ཆུའི་འབབ་ཡུལ། ཆུ་གཞན་དག་གི་འདྲེས་མཚམས་བཅས་པ་དང་ཡོངས་སུ་མཐུན་པར་སྣང་བས། འདིར་དེ་བཞིན་བཀོད་པ་ལགས་ཞེས་པར་གསུངས་པ་ལ་གཞིགས་ན། གོང་གི་གདམ་བྱ་འདིའི་དྲིས་ལན་ཡང་དག་པ་ནི B ཡིན་མོད། འོན་ཀྱང་ཟུར་ལྟའི་དྲིས་ལན་དུ A⑨བཞག་འདུག་གོ །

གསུམ། སླད་ནས་རྒྱུགས་གཞི་བཅའ་སྟངས་སྐོར་གྱི་གྲོས་གཞི།

དང་པོ། སྐད་ཡིག་གི་རྨང་གཞིའི་ཤེས་བྱ།

(1) མིང་ཚིག་གི་དག་ཆ། དམའ་འབྲིང་གི་སྐད་ཡིག་གི་ཀློག་པ་དང་འབྲི་བ་སོགས་ལ་མིང3800ཡོད་པ་དང་། མཐོ་འབྲིང་གི་གསོག་འཇོག་དང་བཀོལ་སྤྱོད་ལ་མིང1500ཡོད་པས། མ་མཐའ་ཡང་ལོ་བཅུའི་ནང་དུ་བསྐྱར་ཟློས་བྱེད་དགོས་མི་འདུག་གོ (ཉམས་འཇོག་དགོས་ས་ཞིག་ལ་མིང་མཐར་པ་བ་ཡོད་པ་ནི་ནོར་འཁྲུལ་དབྱེ་གསེད་བྱེད་དཀའ་བས་མ་བཞག་ན་རིགས)།

(2) མངོན་བརྗོད་དང་མིང་གི་གྲུབ་ཚུལ། མིང་ངམ་ཐ་སྙད་འགྲེལ་པ། དཔེ་ཆོས་དང་གཏམ་དཔེའི་འགྲེལ་པ་དང་དེ་དག་གི་བསྟན་དོན། རྣམ་གྲངས་འདྲེན་པ་སོགས།

(3) བརྗོད་པའི་གོ་རིམ་སྒྲིག་པ་དང་སྡེབ་པ། ཚིག་གྲུབ་ཀྱི་རྣམ་པའི་ངོས་འཛིན་དང་བརྗེ་སྒྱུར།

(4) སུམ་རྟགས་དང་དེའི་འགྲེལ་པ་དཀའ་གནད་གསལ་བའི་མེ་ལོང་དང་། ལེགས་བཤད་ལྗོན་པའི་དབང་པོའི་རྩ་ཚིག་བློར་འབྲི་བ། ལེགས་བཤད་བསླབ་བྱ་བློར་འབྲི་བ།

(5) སུམ་ཅུ་པའི་ཕྲད་ཀྱི་འཇུག་ཚུལ་དང་རྟགས་འཇུག་གི་བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་སོགས།

གཉིས་པ། རིག་གནས་དང་ལོ་རྒྱུས་རྒྱུན་ཤེས།

(1) ཚད་མ་རིག་པའི་མཚན་ཉིད་དང་དབྱེ་བ། དོན་གཅིག་པ་དང་ཐལ་འགྱུར་འཕེན་སྟངས་སོགས། (སློབ་དེབ་གཅིག་པོའི་ངོས་ཀྱི་དཔེར་བརྗོད་ཡིན་མི་དགོས་པ)

(2) ཚིག་རྒྱན་རིག་པའི་ཤེས་བྱ། མཚན་ཉིད་འབྲི་བ། དཔེར་བརྗོད་ངོས་འཛིན་པ། དཔེ་དང་དཔེ་ཅན། མཚུངས་གསལ་སྒྲ་སོགས་ངོས་འཛིན་པ། (ནམ་ཡང་སྙིང་རྗེ་བའི་ཉམས་ཁོ་ན་འཇོག་དགོས་པ་ཞིག་མ་ཡིན་པར་དམའ་འབྲིང་དང་མཐོ་འབྲིང་གི་སློབ་དེབ་ངོས་ནས་དོན་རྒྱན་སོ་ལྔའི་ཁྲོད་ཀྱི་རྒྱན་ཕལ་ཆེར་རྒྱན67བསླབས་ཟིན)

(3) ལོ་རྒྱུས་རྒྱུན་ཤེས།

གསུམ་པ། གནའ་དེང་ཉེ་རབས་ཀྱི་རྩོམ་ཡིག་གི་ལྟ་ཀློག

ཇི་བཞིན་བརྗོད་པའི་རྩོམ་ཡིག གསལ་བཤད་རྩོམ་ཡིག དཔྱད་བརྗོད་རྩོམ་ཡིག ལྷུག་རྩོམ། བརྩམས་སྒྲུང་བཅས་ལ་ལྟ་ཀློག་དང་དབྱེ་ཞིབ་བྱེད་དགོས།

(1) རྩོམ་ཡིག་གི་རྒྱུན་སྤྱོད་ཀྱི་མིང་ཚིག་གཙོ་བོ་ལ་གོ་བ་ལོན་པ།

(2) རྩོམ་ཡིག་གི་ཚིག་གྲུབ་གཙོ་བོ་ལ་གོ་བ་ལོན་པ།

(3) རྩོམ་ཡིག་གི་བརྗོད་སྙིང་དང་ཚན་དུམ་གྱི་མདོ་དོན་ཕྱོགས་སྡོམ་བྱེད་ཤེས་དགོས་པ།

(4) རྩོམ་ཡིག་གི་གྲུབ་གཞིའི་གོ་རིམ་ལ་དབྱེ་ཞིབ་བྱེད་ཤེས་དགོས་པ།

(5) རྩོམ་ཡིག་གི་རྩོམ་འབྲིའི་ཁྱད་ཆོས་གཙོ་བོ་གསལ་བཤད་བྱེད་ཤེས་དགོས་པ།

(6) རྩོམ་ཡིག་གི་ཚིག་རྒྱན་མཚོན་ཐབས་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་ཐུབ་པ།

(7) རྩོམ་ཡིག་གི་རྩོམ་འབྲིའི་རྒྱབ་ལྗོངས་དང་བསྟན་དོན་རྟོགས་དགོས་པ།

བཞི་པ། རྩོམ་ཡིག

ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་། དགག་སྒྲུབ་རྩོམ་ཡིག གསལ་བཤད་རྩོམ་ཡིག རྒྱུན་སྤྱོད་ཉེར་སྤྱོད་རྩོམ་ཡིག་བཅས་འབྲི་ཐུབ་དགོས་ལ། གཤམ་གྱི་རེ་འདུན་དང་མཐུན་དགོས།

(1) རྩོམ་བྱང་དང་མཐུན་དགོས་ལ། རྩོམ་ལུས་ཀྱི་བླང་བྱ་དང་མཐུན་དགོས།

(2) འདུ་ཤེས་གཙང་མ་དང་། བརྗོད་དོན་གསལ་པོོ་ཡིན་དགོས།

(3) མི་རིགས་དང་མེས་རྒྱལ་ལ་དགའ་ཞིང་། སྲོལ་རྒྱུན་རིག་གནས་ལ་དང་དོད་ཡོད་དགོས།

སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་ལ། མི་རིགས་དེ་མཚོན་བྱེད་ཀྱི་ཁྱད་ཆོས་གཙོ་བོའང་ཡིན་པས། ཆུང་དུས་ནས་སློབ་མ་རྣམས་ཀྱི་སྣང་ངོར་ཡང་དག་པ་དང་། སླད་སྐྱོན་མེད་པའི་བག་ཆགས་བཟང་པོོ་ཞིག་འཇོག་དགོས་པ་ལས། འདི་ལྟར་བསམ་བསམ་འདོད་འདོད་དང་རང་སྣང་གང་ཤར་བྱས་ན་ནི། གཅིག་ནས་སྐད་ཡིག་སློབ་སྦྱོང་གི་ཁ་ཕྱོགས་མི་རྙེད་པ་དང་། གཉིས་ནས་ནོར་འཁྲུལ་མང་པོོ་བྱུང་ན་ནི། སློབ་སྦྱོང་ལ་བཟང་བའི་སློབ་མ་དག་ལ་གནོད་པ་ལས། སློབ་སྦྱོང་ཞན་པ་ཚོས་གང་འདོད་དུ་བྲིས་པས་ལན་ཐོག་ལ་འཁེལ་བ་ཡང་ཡོང་སྲིད། གསུམ་ནས་བྱིས་པ་ཚོ་ཡང་ནར་སོན་ན་འགན་འཁུར་གྱི་འདུ་ཤེས་མེད་པར་འགྱུར་བའི་ཤུགས་རྐྱེན་ཐེབས་སྲིད།

དེ་བས་ཁྱེད་རྒྱུགས་བཅའ་བར་འགྲོ་མཁན་དགེ་རྒན་ཚོས་ཐུགས་གཟབ་གཟབ་དང་། འགན་འཁུར་གྱི་འདུ་ཤེས་ཡོད་པའི་ལམ་ནས་རྒྱུགས་གཞི་ཡག་པོ་ཞིག་བཅའ་བའི་རེ་བ་དང་སྨོན་འདུན་སྙིང་ནས་ཞུའོ། །

ཇ་ཁང•བགྲོ་གླེང་།

2014

2015

2016

2017

2018

ཁ་སྐོང

8

12

16

13

10

དྲིས་ལན

7

10

0

0

0

ཚིག་སྦྱོར

20

20

15

15

15

ཚན་པ

སྐར་མ

ལོ

ཚན་པ

སྐར་མ

ལོ

ཇ་ཁང•བགྲོ་གླེང་།

2014

2015

2016

2017

2018

དག་ཡིག

9

6

0

9

12

འགྲེལ་པ

6

6

6

12

12

དཔེ་ཆོས

3

3

0

3

3

སུམ་ཅུ་པ

9

9

6

3

12

རྟགས་འཇུག

12

9

6

15

12

རིག་གནས་ལོ་རྒྱུས

12

21

27

12

6

ཚིག་རྒྱན

9

9

6

12

6

ཚད་མ

12

15

6

6

9

རྩོམ་འབྲི་ཤེས་བྱ

9

0

21

15

3

དྲིས་ལན་འདེམ་པ་མ་ཡིན་པའི་སྐོར་གྱི་རྒྱུགས་གཞིའི་སྐར་གྲངས་ཟིན་ཚད་ཀྱི་རེའུ་མིག

① ② 2014ལོའི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་གཞི་ལས་སྐད་ཡིག་གི་རྒྱུགས་གཞི། [J] བོད་ཀྱི་སློབ་གསོ། 2014 (6)

③ ④ ⑤ 2017ལོའི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་གཞི་ལས་སྐད་ཡིག་གི་རྒྱུགས་གཞི །[J] བོད་ཀྱི་སློབ་གསོ། 2017 (6)

⑥ 2017ལོའི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་གཞི་ལས་སྐད་ཡིག་གི་རྒྱུགས་གཞི། [J] བོད་ཀྱི་སློབ་གསོ། 2017 (6)

⑦ 2018ལོའི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་གཞི་ལས་སྐད་ཡིག་གི་རྒྱུགས་གཞི། [J] བོད་ཀྱི་སློབ་གསོ། 2018 (6)

⑧ ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་སྐད་ཡིག་ངེས་སྦྱོང་དེབ་གཉིས་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016:102

⑨ 2018ལོའི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་གཞི་ལས་སྐད་ཡིག་གི་རྒྱུགས་གཞི། [J] བོད་ཀྱི་སློབ་གསོ། 2018 (6)

སྒྲུང་གཏམ་གྱི་ཁྱད་པར།

མི་དེས་སྐད་གྲགས་ཆེ་བའི་རིག་རྩལ་དཔྱད་བརྗོད་པར་འདྲི་རྒྱུར།“དུས་རབས19པའི་སྒྲུང་གཏམ་དང་དེང་རབས་སྒྲུང་གཏམ་གཉིས་ལ་ཁྱད་པར་ཅི་ཡོད།”ཟེར། ཁོས་ལན་དུ“གནའ་རབས་སྒྲུང་གཏམ་ནང་དུ། ལོ་གཞོན་ཕོ་མོས་འོ་བྱེད་པའི་སྣང་ཚུལ་ནི་སྒྲུང་གཏམ་གྱི་མཇུག་གི་ཤོག་ངོས150པའི་རྗེས་སུ་ཡོད། འོན་ཀྱང་དེང་རབས་སྒྲུང་གཏམ་ལས་ཤོག་ངོས2པ་ནས་ཕོ་མོ་གཉིས་ལ་ཕྲུ་གུ་སྐྱེས་པ་ངོ་སྤྲོད་བྱས་ཡོད།”ཟེར།

ཕོག་མི་ཐུབ་ཁོ་ཐག་ཡིན།

མཚན་ཉིད་རིག་པ་བ་ཞིག་གིས། མདའ་རྩལ་ཞན་པའི་མི་དེར་ཟུར་ཟ་བྱེད་བསམས་ནས། ཁོ་རང་འབེན་གྱི་སྟེང་དུ་བསྡད་དེ་ན་རེ།“འདི་ནི་ཆེས་བདེ་འཇགས་ཀྱི་གནས་ཡིན། ཁོས་ང་ལ་ཕོག་མི་ཐུབ་ཁོ་ཐག་ཡིན།”ཟེར།

རྟོག་ཡིད་ཀྱི་སྐུད་ཐིག་ཅིག

ཐེངས་ཤིག་ལ། འཇར་མན་གྱི་ཆབ་སྲིད་པ་ཝར་ཐེ•ཝུ་པུ་ལེ་ཞི(1839---1973)ཡིས། ཁོ་ཚོའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོད་པར་འུད་སྒྲོག་བྱེད་ཆེད།“སྔ་ན་མེད་པའི་ཞི་བདེ་དང་དར་རྒྱས་ཀྱི་དུས་སྐབས་ཤིག་གནམ་ས་འབྲེལ་མཚམས་ནས་འབྱུང་ངེས།”ཞེས་སྐད་གསེང་མཐོན་པོས་བསྒྲགས།

“ཡག་པོ་འདུག”ལག་གཡོག་པས་ཁོའི་འདོད་པ་བཞིན།“སྔར་མེད་རྫོགས་ལྡན་གྱི་དུས་དེ་གནམ་ས་འབྲེལ་མཚམས་སུ་དངོས་སུ་མངོན་བྱུང་བ་ཡིན་ནམ།”ཟེར།

“དོགས་པ་ཅི་ཡང་ཟ་མི་དགོས།”ཝུ་པུ་ལེ་ཞིས་དེ་ལྟར་ལན་བཏབ།“ཁྱོད་ཀྱིས་ཚིག་མཛོད་དུ་གནམ་ས་འབྲེལ་མཚམས་ལ་འགྲེལ་པ་ཇི་ལྟར་བརྒྱབ་ཡོད་པ་ཤེས་སམ། རྟོག་ཡིད་ཀྱི་སྐུད་ཐིག་དེ། ཉེ་སར་བཅར་ན། དེ་ཉིད་རྒྱང་རིང་དུ་བཀྱེད་འགྲོ་བ་རེད།”ཟེར།

རྒྱག་ནོར་བྱུང་སོང་།

གློག་བརྙན་ཁང་གི་གློག་སྒྲོན་གཟིམ་མ་ཐག རྐུན་མས་ལག་པ་ལྰེ་ཅའི་ཁུག་མར་བསྲིངས། བརྐུས་བྱེད་པ་ཚོར་བས། རྐུན་མས“ངས་ལག་ཕྱིས་ལེན་བསམས་པ་ཡིན། ལེན་པ་ནོར་སོང་། དགོངས་དག་ཞུ།”ཟེར།

“སྐྱོན་མེད།”ལཱེ་ཅས་དེ་ལྟར་ལན་བཏབ། ཅུང་འགོར་རྗེས། རྐུན་མར་འགྲམ་ལྕག་ཚ་བེར་བ་ཞིག་བཞུས།

“དགོངས་པ་མ་ཚོམས། རྒྱག་ནོར་བྱུང་སོང་། ངའི་གདོང་ལ་དུག་སྦྲང་ཞིག་བབས་སོང་།”ལཱེ་ཅས་དེ་ལྟར་བཤད།

ངག་འཇམ་དུ་བསྒྱུར་བ།

ཨ་རིའི་དེ་སྔའི་ཙུང་ཐུང་ཏུའུ་ལུའུ་མོན་གྱིས་མི་ཚོགས་སུ་གཏམ་བཤད་དུས། རང་དབང་མེད་པར་ཚིག་རྩུབ་མང་དུ་སྨྲ་བ་རེད། དམངས་གཙོ་ཏང་གི་སྐད་གྲགས་ཆེ་བའི་བུད་མེད་དེས། ཏུའུ་ལུའུ་མོན་གྱི་ལྕམ་མོར། ཁྱོད་ཀྱི་སྐྱེས་པས་གཏམ་བཤད་གནང་དུས་ངག་འཇམ་དུ་བསྒྱུར་དགོས་པར་རེ་ཞུ་བྱས་ཏེ། རྒྱུན་དུ་ཆབ་སྲིད་པ་ཆེ་གེ་མོའི་གཏམ་བཤད་ནི“རྟ་སྦངས་སྤུང་བ་དང་འདྲ”ཞེས་ཟུར་ཟ་དམའ་འབེབས་བྱས་པ་ཐོས་ཟེར། ལྕམ་མོས་ཉན་རྗེས་སྣང་དོགས་ཅི་ཡང་མེད་པར“ཁྱོད་ཀྱིས་མི་ཤེས། ངས་ལོ་ངོ་མང་པོའི་རིང་གི་དུས་ཚོད་བཀོལ་ནས་ད་ལྟ་ད་གཟོད་ངག་འཇམ་པོ་འདི་ལྟ་བུ་ཞིག་ལ་བསྒྱུར་བ་ཡིན།”ཟེར།

སྙིང་དང་སོ།

བུས་ནང་ཚན་སྐོར་གྱི་ཆེད་ལས་སྨན་པ་སྦྱང་ན་འདོད་ཟེར། “ཁྱོད་དངོས་གནས་གླེན་པ་ཞིག་རེད།”ཨ་ཕས་སྡིགས་མོ་བྱས་ཏེ“ཁྱོད་ཀྱིས་སོའི་སྐོར་གྱི་ཆེད་ལས་སྨན་པར་སྦྱོངས་ཤིག མི་ལ་སྙིང་གཅིག་ལས་མེད། ཡིན་ནའང་དུང་སོ་སུམ་ཅུ་རྩ་གཉིས་ཡོད་པ་རེད། ”ཅེས་བཤད།

བདེ་བ་ཅན་གྱི་ལམ།

གྲོང་རྡལ་ལ་ཐོག་མར་སླེབས་པའི་ཆོས་དཔོན་གྱིས་བྱིས་པ་དེར།“གྲོགས་པོ་ཆུང་ཆུང་ལགས། སྦྲགས་སྲིད་ཁང་ལ་ཇི་ལྟར་འགྲོ་དགོས་སམ།”ཟེར། བྱིས་པ་དེས་ཆོས་དཔོན་ལ་ཞིབ་ཏུ་བཤད།

ཆོས་དཔོན་གྱིས“གྲོགས་པོ་ཆུང་ཆུང་ལགས། ཐུགས་རྗེ་ཆེ། རེད་ཡ། གཟའ་ཉི་མར་ཆོས་ཁང་དུ་ང་བཙལ་ཤོག ངས་ཁྱོད་ལ་བདེ་བ་ཅན་དུ་བགྲོད་པའི་ལམ་སྟོན་ནོ། །”ཟེར།

བྱིས་པས“ཁྱོད་ཀྱིས་སྦྲགས་སྲིད་ཁང་ལ་འགྲོ་བའི་ལམ་ཡང་མི་ཤེས་པས། ང་ལ་བདེ་བ་ཅན་གྱི་ཡུལ་དུ་འགྲོ་བའི་ལམ་ཇི་ལྟར་སྟོན་ནམ།”ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1