[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་བགྲང་བྱ་སྟོང་ཕྲག་གཅིག་ཡས་མས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པའི་གླིང་སྒྲུང་འདི་དུས་ནམ་ཞིག་ལ་ཇི་ལྟར་བྱུང་བའི་སྐོར་དང་གླིང་སྒྲུང་གི་པར་གཞི་ཐོག་མ་ལག་བྲིས་མ་དང་དེ་ནས་ཤིང་དཔར་མ་བཅས་པ་དུས་ནམ་ཞིག་ལ་གྲུབ་པའི་སྐོར། ད་དུང་པར་གཞི་སྣ་ཚོགས་ཀྱི་ཁྱབ་ཡུལ། ཁྱབ་སྟངས། ཡིག་གཟུགས་དང་དེབ་ཚད་ཤོག་བུ་སྣག་ཚ། བརྗོད་བྱའི་དོན། རྗོད་བྱེད་ཀྱི་ཚིག གཏམ་རྒྱུད་ཀྱི་གྲུབ་ཚུལ། དེ་མིན་གླིང་སྒྲུང་འདི་ཡི་གེར་བཀོད་མཁན་སུ་ཡིན་པ་ལ་སོགས་དོན་ཚན་བརྒྱད་དུ་དབྱེ་ནས་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] གླིང་སྒྲུང་། པར་གཞིའི་བྱུང་འཕེལ། ཞིབ་འཇུག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.409.7
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-04-0105-16
དེ་ཡང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བགྲང་བྱ་སྟོང་ཕྲག་གཅིག་རིང་ལ་ཁ་བའི་ལྗོངས་སུ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་རྒྱ་ཆེར་སྤེལ་ཞིང་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་སུས་ཀྱང་མཁྱེན་གསལ་ལྟར་རོ།། གླིང་སྒྲུང་འདི་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པའི་ཐབས་ལམ་གཙོ་བོ་དེ་ཡང་ངག་ཐོག་དང་ཡིག་ཐོག་གཉིས་ཡིན་ལ། དེ་ལས་ཁྱབ་ལམ་གཙོ་བོ་སྟེ་ངག་ཐོག་ཡིན་ན་ཡང་ངག་ཐོག་གི་གཏམ་རྒྱུད་རྒྱུན་འཛིན་གྱི་ནུས་པ་འབའ་ཞིག་སྟེ་ཡིག་ཐོག་གི་རྒྱུན་འཛིན་ཡིན་པ་གོར་མ་ཆག ཡིག་ཐོག་གི་རྒྱུན་འཛིན་ལའང་གཉིས་ཏེ་ལག་བྲིས་མ་དང་ཤིང་དཔར་མ་ཡིན། དུས་ཡུན་རིང་པོའི་ནང་དུ་ལག་བྲིས་མ་དང་ཤིང་དཔར་མའི་པར་གཞི་བགྲང་གིས་མི་ལངས་པ་དེ་དག་རང་མི་རིགས་ནས་མི་རིགས་གཞན་པ་དང་དེ་ནས་རྒྱལ་མཚམས་བརྒལ་ནས་ཡ་གླིང་དང་ཨོ་གླིང་མེ་གླིང་བཅས་སུ་རིམ་གྱིས་ཁྱབ་ནས་ཡིག་སྒྱུར་དང་ཞིབ་འཇུག་གང་ལེགས་མཛད་ཅིང་གྲུབ་འབྲས་མངོན་གསལ་བླངས་ཡོད།
བོད་ཀྱི་ལོ་རྒྱུས་སྟེང་དུ་གླིང་སྒྲུང་འདིའི་པར་གཞི་ག་ཚོད་ཡོད་པ་སུས་ཀྱང་ཞིབ་བཤེར་དང་སྡོམ་རྩིས་བགྱིས་མ་མྱོང་། ཡིན་ནའང་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་འབྲེལ་ཡོད་ཞིང་ལྗོངས་དང་ལས་ཁུངས་ཀྱིས་མི་སྣ་རྩ་འཛུགས་བྱས་ནས་གླིང་སྒྲུང་འཚོལ་སྡུད་དང་དག་སྒྲིག་ཡིག་སྒྱུར་དཔར་སྐྲུན་ཞིབ་འཇུག་བཅས་ཀྱི་བྱ་བ་སྒྲུབ་མྱོང་། གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། འབྲེལ་ཡོད་ཡིག་ཆ་ལས་གསལ་བ་ལྟར་ན་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་དུ་ཉར་ཚགས་བགྱིས་པའི་གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མ་ལྔ་ཅུ་ང་བདུན་ཡོད་ཅིང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གླིང་སྒྲུང་གཞུང་ལས་ཁང་དུ་ཉར་ཚགས་བགྱིས་པའི་གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མ་བདུན་ཅུ་དོན་ལྔ་ཡོད་ལ། དེ་དག་ལས་ཤིང་དཔར་མ་བཞི་ཡོད། ད་དུང་ཆབ་མདོ་དང་ནག་ཆུ། དཀར་མཛེས། རྔ་བ། བདེ་ཆེན། མགོ་ལོག ཡུལ་ཤུལ། མཚོ་ལྷོ། རྨ་ལྷོ།མཚོ་བྱང་། གཙོད། རྨ་ཆུ། ཀླུ་ཆུ། དཔའ་རིས་བཅས་སུ་ཡང་གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མ་ཉར་ཚགས་བགྱིས་ཡོད་པ་གདོན་མི་ཟ། ཡང་སྙིང་ག་ཚོད་ཡོད་པ་ཁ་ཚོན་གཅོད་དཀའ་མོ་འདུག དེར་ད་དུང་ཞིབ་མོས་རྟོག་དཔྱོད་ལེགས་པོ་བྱ་དགོས། ད་ལྟ་འབྲེལ་ཡོད་ཡིག་ཆ་ལས་མངོན་པ་ལྟར་ན། མདོ་དབུས་ཁམས་གསུམ་དུ་གླིང་སྒྲུང་ཤིང་དཔར་མ་སྡོམ་པས་ཉེར་ལྔ་ཡོད་ཅིང་དེ་དག་ལས་བསྐྱར་པར་ཕྱིར་བླངས་ན་སྒྲུང་དཔེ་བདུན་ལུས་ཡོད། ཤིང་དཔར་མ་བདུན་ཡོད་པ་ཐམས་ཅད་དཔར་སྐྲུན་བྱས་ཟིན། ཤིང་དཔར་མ་དེ་དག་ནི་སྡེ་དགེ་དང་གླིང་ཚང་འཇོ་མདའ་བཅས་སུ་ཐོག་མ་བྱུང་བ་དང་ཕལ་ཆེར་དགོན་པས་ཉར་ཚགས་བྱས་འདུག ཤིང་དཔར་མ་འདི་དག་རྐོ་མཁན་ཕལ་མོ་ཆེ་ནི་དགོན་པའི་གྲྭ་བ་ཡིན།
འདིར་བློ་ཕངས་པ་ཞིག་སྟེ་ད་ལྟའི་བར་དུ་གླིང་སྒྲུང་གི་རྒྱུ་ཆ་ཡང་སྙིང་ག་ཚོད་ཡོད་པ་དང་ཁྱད་པར་དུ་གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མའི་པར་གཞི་ག་ཚོད་ཡོད་པ་སུས་ཀྱང་གསལ་བོ་མི་ཤེས་ཤིང་དེར་རྟོག་དཔྱོད་དང་ཞིབ་འཇུག་བྱེད་མཁན་གྱི་ལས་ཁུངས་དང་མི་སྒེར་ཕལ་ཆེར་གཅིག་ཀྱང་བྱུང་མེད་ཅེས་བཤད་ཆོག་སྙམ། ངེད་ཅག་གི་ཁྱིམ་ཚང་ཆེན་པོ་འདིར་གླིང་སྒྲུང་པར་གཞིའི་རྒྱུ་ནོར་ག་ཚོད་འདུག་པ་ད་ལྟའི་བར་དུ་ཁྱིམ་བདག་གང་གིས་ཀྱང་བློ་ངོས་སུ་གསལ་བོ་མི་ངེས། དེ་བས་ཁོ་བོའི་བསམ་པར་གླིང་སྒྲུང་པར་གཞིར་རྟོག་དཔྱོད་ཞིབ་འཇུག་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་འགན་གལ་འགངས་ཆེ་བ་ཞིག་རེད། དེའི་རྒྱུ་མཚན་གཙོ་བོ་སྟེ་གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མ་འབོར་ཆེན་དེ་དག་ཡུལ་ཕྱོགས་གང་དུ་ཡོད་པ་དང་དཔེ་མཛོད་ཁང་དང་མི་སུས་ཉར་ཚགས་གནང་ཡོད་པར་རྟོག་དཔྱོད་བརྒྱུད་ནས་ཕྱོགས་སོ་སོར་ཐོར་པ་དང་ཉམས་ལ་ཉེ་བའི་པར་གཞི་རིན་ཐང་ཅན་དེ་དག་མྱུར་སྐྱོབ་དང་སྲུང་སྐྱོང་ལེགས་པོ་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ཡིན་ཞིང་། འཛམ་གླིང་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་རྩ་ཆེན་མྱུར་སྐྱོབ་ཐད་དུ་ངོས་འཛིན་ལེགས་པོ་དང་གྲུབ་འབྲས་ལེགས་པོ་ལེན་རྒྱུ་རྣམས་ཀྱང་དམིགས་འབེན་ཡིན་ནོ།། གཤམ་དུ་ཁོ་བོས་སྐབས་སུ་བབ་པའི་བརྗོད་བྱའི་དོན་དེ་གླིང་སྒྲུང་དུས་ནམ་ཞིག་ལ་བྱུང་བའི་སྐོར་དང་གླིང་སྒྲུང་གི་པར་གཞི་ཐོག་མ་དུས་ནམ་ཞིག་ལ་གྲུབ་པའི་སྐོར། གླིང་སྒྲུང་པར་གཞིའི་ཁྱབ་ཡུལ། གླིང་སྒྲུང་པར་གཞིའི་ཡིག་གཟུགས་དང་དེབ་ཚད་ཤོག་བུ་བཅས་ཚན་པ་འགར་བགོས་ནས་རིམ་གྱིས་བརྗོད་པར་བྱ་སྟེ།
གཅིག གླིང་སྒྲུང་དུས་ནམ་ཞིག་ལ་བྱུང་བའི་སྐོར་བཤད་པ།
གླིང་སྒྲུང་གི་ཐོག་མའི་བྱུང་བ་དེ་གང་ཡིན་ནམ་ཞེ་ན།ལོ་རྒྱུས་ཀྱི་མི་སྣ་གཙོ་བོ་གླིང་རྗེ་གེ་སར་རྒྱལ་པོ་ཁོང་ཉིད་སྐུ་འཁྲུངས་ཏེ་ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ་ཅིང་། ཁམས་གསུམ་བདེ་ལ་བཀོད་པ་ལྟར་རིམ་གྱིས་གྲུབ་པ་ཡིན་པར་འདོད་ལ། དེ་ཡང་གླིང་སྒྲུང་གི་ཐོག་མའི་གཏམ་རྒྱུད་དེ་འགོ་ཚུགས་པའི་དུས་ནི་ཤིན་ཏུ་སྔ་ནའང་དེ་འདྲའི་ཁ་ཚང་སྤུས་ལེགས་ཤིག་མིན་པ་གནས་ལུགས་སུ་མཐུན་ནོ།། འོ་ན་གླིང་སྒྲུང་གི་གཏམ་རྒྱུད་འགོ་ཚུགས་པའི་དུས་དེ་ནམ་ཞིག་ཡིན་ནམ་ཞེ་ན། གེ་སར་མཆོག་གི་སྐྱེས་རབས་ལོ་རྒྱུས་ལ་དམ་པོར་འབྲེལ་ཡོད་སྟབས།འདིར་ཁོང་གི་སྐྱེ་ཡུལ་དང་འཁྲུངས་འདས་བཅས་ཅུང་ཙམ་མ་བརྗོད་ན་གླིང་སྒྲུང་གི་འབྱུང་ཁུངས་གསལ་བོ་ངོ་སྤྲོད་ཁག་པོ་འདུག་གོ། གནའ་དེང་བོད་རིག་པའི་ཞིབ་འཇུག་མཁས་པ་རྣམ་པའི་གསུང་སྒྲོས་ལྟར་ན། སུམ་པ་ཡེ་ཤེས་དཔལ་འབྱོར་ལགས་ཀྱིས་“གེ་སར་དེ་སྐྱེས་ཡུལ་ནི། བར་ཁམས་སྟོང་དུ་མས་ནས་ཡར་ལ་རྨ་ཆུ་རྫ་ཆུ་འབྲི་ཆུ་གསུམ་ཡོད་པའི་ནང་ནས། བར་བ་རྫ་ཆུ་ལ་སྐྱིའི་གཞུང་དང་ཚུ་ལུང་བའི་ཆུ་གཉིས་དང་གསུམ་འདུས་ཀྱི་མདོ་ཡིན་ཞིང་། དེ་ནི་སྡེ་དགེའི་ཕོ་བྲང་གི་གཡོན་དངོས་ཀྱི་སྡེ་དགེའི་སའི་ཆར་གཏོགས་ལ། དེ་སྐྱེས་ས་དངོས་ནི་ཕུ་ན་མཚོ་ཆུང་མེ་ལོང་འདྲ་བ་དང་མདོ་ན་ཆུ་གཉིས་འདུས་པ་དང་བྲག་རི་ཆུང་ངུ་ཟུར་བཞི་བ་ཡོད་པའི་བར་དུ་སྤང་ཐང་གདན་བཏང་ཡོད་དེ།དེ་ན་ལྗོན་པ་ཆིག་སྐྱེས་དང་དེའི་ཕ་མའི་རེ་སྦྲ་ཕུབས་ཤུལ་ཀྱི་བྲག་ལེབ་ཡོད་ཅིང་གནས་དེ་ལ་སྐྱིད་ཉི་མ་ཀུན་འཁྱིལ་ཟེར་སྐད།”①ཅེས་གེ་སར་ཉིད་འཁྲུངས་ས་གང་དང་ཁྱད་ཆོས་ཅི་མཆིས་ཐམས་ཅད་གསལ་ལེར་བརྗོད་ཡོད་པ་མ་ཟད།གནས་ཡུལ་ཁྱད་པར་ཅན་དེ་དག་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད་པ་ཁོ་བོས་ཀྱང་དངོས་སུ་མཇལ་མྱོང་། བྲག་དགོན་པ་མཆོག་གིས། “དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་རྗེ་གེ་སར་རྒྱལ་པོས་དབང་བསྒྱུར། དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་བཀོལ་དང་། སྨྲི་ཏི་ཛྙ་ན་ཀིརྟི་སྤྱན་དྲངས་ཏེ་ཆོས་ཞུས་དང་།གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ནུས། འཁྲུངས་ས་ཡང་ཚབ་ཚ་དགོན་གྱི་ཉེ་འདབས་རྫ་སྲིབ་ངོས་རྫ་ཆུའི་རྒྱུད་མཚོ་གོར་ཁ་ཡིན་ཟེར་བ་དང་། རྒྱུ་དར་གྱི་དར་ས་ནག་ལུང་ཡིན་ཡང་ཟེར།”②ཞེས་གེ་སར་མཆོག་དུས་ནམ་ཞིག་ལ་ས་གང་དུ་འཁྲུངས་པའི་སྐོར་ལ་དོན་དང་གནས་པའི་དཔྱད་གཏམ་བརྗོད་འདུག མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས། “རབ་བྱུང་གཉིས་པ། མེ་ཡོས། ས་སྐྱ་3221ཙནྡན་2114ཕུག་1968དགེ་1920གནས་1631སྤྱི་ལོ་1087རླངས་བྱང་ཆུབ་འདྲེ་བཀོལ་གྱི་ལུང་བསྟན་ལྟར་ན། ལོ་འདིར་གླིང་རྗེ་གེ་སར་འདས་”③ཞེས་གསུངས་ཡོད། གླིང་གི་རིགས་རུས་གདུང་རྒྱུད་ཀྱི་སྐོར་ལ་གྱི་ལིང་བཀྲ་ཤིས་དང་ཐུགས་མཆོག་རྡོ་རྗེ་ལགས་ཀྱིས་གསུང་དོན། “སྤྱིར་ལྡོང་འདིའི་མིང་ལ་ཨ་སྤོ་ལྡོང་དང་ལྷ་ལྡོང་སོགས་ཟེར། འདི་ནི་ཕུ་བོ་ལྡོང་དང་ཡུམ་མཆོག་འབྲི་སྣ་མ་ཞེས་བྱ་བ་ལས་བྱུང་བའི་རིགས་ཡིན་ལ། འདི་ལ་དཀར་བོ་ལྡོང་དང་།ནག་པོ་ལྡོང་། ཁྲ་བོ་ལྡོང་དང་། སྨུག་པོ་ལྡོང་གི་རིགས་དང་བཞི་ཡོད་ལ། རིགས་འདི་རྣམས་ལས་འཁྲུངས་པའི་སྤྲུལ་བའི་སྐྱེས་བུ་དཔའ་རྩལ་དགུ་ལྡན།”④ ཞེས་གསུངས་ཡོད། མཁས་དབང་དམུ་དགེ་བསམ་གཏན་མཆོག་གིས།“གླིང་གི་མི་རྒྱུད་ནི། བོད་མིའུ་ལྡོང་དྲུག་གི་ནང་ཚན་ལས། སྨུག་པོ་ལྡོང་གི་རིགས་རྒྱུད་རེད། ལྡོང་ར་ཁྲ་རྒན་པོ་ལ་བུ་གསུམ་བྱུང་བ་རྣམས་ཀྱིས་རྨ་ཆུའི་སྟོད་སྨད་བར་གསུམ་དུ་གཞི་བཟུང་ནས་བསྡད་པ་ལ་མི་རྒྱུད་མང་དུ་འཕེལ་ཏེ་སྡེ་ཆེན་པོར་ཆགས། དེ་ནས་བཟུང་བུ་སྐྱེས་པ་སྟག་ཤར་དཔའ་བོ་ཤ་སྟག་བྱུང་། ལྡོང་ཆོས་འཕེལ་ནག་པོ་ལ་མ་མི་གཅིག་པའི་བུ་གསུམ་བྱུང་བ་ལས། གླིང་ཆེ་རྒྱུད། འབྲིང་རྒྱུད།ཆུང་རྒྱུད་གསུམ་བྱུང་ནས་མི་རྒྱུད་རབ་ཏུ་འཕེལ་ཏེ། སྡེ་ཤོག་ཆེ་ཞིང་བཙན་ཕྱུག་འཛོམས་པས་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་།”⑤ཞེས་གླིང་གི་གདུང་རྒྱུད་བྱུང་འཕེལ་གསལ་བོར་གསུངས་འདུག མཁས་མཆོག་དམུ་དགེ་བསམ་གཏན་ལགས་ཀྱིས། “གླིང་གེ་སར་འདི་ནི་མདོ་ཁམས་སུ་སྐུ་འཁྲུངས་ཏེ། དཔལ་རྩལ་རབ་ཏུ་རྒྱས་ནས་ཕྱོགས་བཞིའི་དགྲ་འདུལ་མཁན་གྱི་བོད་ཀྱི་མི་དཔའ་བོ་ཞིག་ཡིན་པས་སྙན་པའི་གྲགས་པ་ཡོངས་སུ་ཁྱབ། དེ་ནི་མི་ངོ་མ་ཡིན་མིན་གྱི་དོགས་པ་སྔོན་གྱི་མཁས་མཆོག་སུ་ལའང་སྐྱེས་མ་མྱོང་། འོན་ཀྱང་བར་སྐབས་ཤིག་ནས་བཟུང་། དངོས་དོན་ལ་ཞིབ་འཇུག་མེད་པའི་གཏམ་སྣ་ཚོགས་ཤིག་སྨྲ་བ་རྣ་བའི་ལམ་དུ་སོན།”⑥ཞེས་གསུངས་པ་དག་ལས། གླིང་རྗེ་གེ་སར་རྒྱལ་པོ་ནི། ལོ་རྒྱུས་ཀྱི་མི་སྣ་དངོས་ཤིག་ཡིན་པ། གནའ་དེང་གི་མཁས་པ་ཐམས་ཅད་ཀྱི་གསུང་སྒྲོས་གཅིག་མཐུན་བྱུང་ཡོད་པ་སུས་ཀྱང་བསྙོན་དུ་མེད་དེ། ཁྱད་པར་དུ་ཡིད་རྟོན་ཆོག་པ་ཞིག་སྟེ། ཁམས་བདུད་འཇོམས་རིན་པོ་ཆེའི་སྔ་འགྱུར་རྙིང་མའི་ཆོས་འབྱུང་《ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་》ལས།“སངས་རྒྱས་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ་1332ལོར་སྲོང་བཙན་སྐུ་འཁྲུངས། སྲོང་བཙན་དགུང་ལོ་གྱ་གཉིས་ལ་བཞུགས་པ་ལྟར་ན་འདས་ལོ་1414ལོར་སྲོང་བཙན་སྐུ་གཤེགས། དེ་ནས་ལོ་325འདས་པའི་བོད་རབ་བྱུང་དང་པོའི་འབྲུ་མང་པོའམ་རྒྱ་གར་བའི་བ་ཧུ་ཀྐནྱ་ཞེས་པའི་ས་ཕོ་སྟག་གི་ལོ་སྟེ། རྒྱ་ནག་གི་སུང་རྒྱལ་རབས་ཀྱི་གོང་མ་པོ་ཡིན་ཁྲི་ལོ་དང་པོ། སྤྱི་ལོ་ལྟར་ན་1038ལོ་ལ་ས་སྐྱིད་སོས་ཡག་གི་ཁ་མདོ་རུ་གེ་སར་སྐུ་འཁྲུངས། ལོ་འདི་ལ་མཉམ་མེད་ཇོ་བོ་རྗེ་དགུང་ལོ་56ལ་སོན། བོད་ཙོང་ཁའི་རྒྱལ་པོ་ཁྲི་ནམ་ལྡེའི་བཙན་དགུང་ལོ་42ལ་ལོན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལོ་14ལོན། གཏེར་སྟོན་གྲྭ་བ་མངོན་ཤེས་ཅན་དགུང་ལོ་2ལོན་པ་དང་། སྒྲ་སྒྱུར་སྨྲ་བ་དགུང་ལོ་2ལོན་ཡོད།”⑦ཅེས་པ་སོགས་ཀྱིས་ཁོང་གེ་སར་རིན་པོ་ཆེའི་འཁྲུངས་ལོ་དང་། དེའི་སྐབས་སུ་དངོས་སུ་ཡོད་པའི་བླ་སྤྲུལ་དང་རྗེ་བློན་རྣམས་ཀྱི་ལོ་ཚིགས་གསལ་བོར་བསྟན་ཡོད་པ་དང་། གཞན་ཡང་རབ་བྱུང་གཉིས་པའི་རྒྱུར་བྱེད་ཅེས་པ་ས་མོ་ཕག་དང་། རྒྱ་གར་བའི་བི་ཀ་རི་ཞེས་པ་སྟེ་སྤྱི་ལོ་ལྟར་ན་1119ལོར་རྨ་རྒྱལ་གངས་ཀྱི་རི་བོའི་ཉེ་འདབས་སུ་སྐུ་གཤེགས་ལོ་འདི་ལ་རྗེ་བཙུན་མི་ལ་དགུང་ལོ་79ལོན། མངའ་བདག་ཉང་རལ་དགུང་ལོ་54ལོན། རྒྱ་ནག་སུང་རྒྱལ་རབས་གོང་མ་ཤོན་ལ་རྒྱལ་པོ་ཁྲི་ལོ་དང་པོ་ཞེས་གསུངས་པ་འདི་དག་ལ་བདག་ནས་ཀྱང་འདི་ཉིད་ཚད་མར་སེམས།
ལར་གླིང་རྗེ་གེ་སར་རྒྱལ་པོ་ཉིད་མདོ་ཁམས་ཀྱི་ཕྱོགས་འདིར་དབང་སྒྱུར་བའི་རྒྱལ་པོ་ཡིན་པར་མཁས་པ་རྣམས་ལ་བཤད་ཚུལ་མི་འདྲ་བ་ཅུང་ཙམ་མེད་མོད། འོན་ཏེ་འདིའི་འཁྲུངས་ལོ་ཆུ་སྦྲུལ་དང་། ལྕགས་བྱི། ས་སྟག་སོགས་སུ་བཞེད་མཁན་འདུག གང་ཡིན་ཡང་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་མི་ཞིག་ཡིན་པར་མི་མཐུན་པ་མེད་དོ།། གེ་སར་མཆོག་འཁྲུངས་པའི་ལོ་ཚིགས་ནི། ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཀྱང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་བཀོལ་དང་སྨྲི་ཏི་ཛྙ་ན་ཀིརྟི་སྤྱན་དྲངས་ཏེ། ཆོས་ཞུས་པ་དང་། གཙུག་ལག་ཁང་བཞེངས་པས་ཀྱང་ཤེས་ནུས། ཞེས་སྒྲུབ་བྱེད་ནུས་ལྡན་བཀོད་པ་ལྟར་རོ།། ཡང་རབ་བྱུང་དང་པོའི་ས་སྟག་ལ་འཁྲུངས་པར་འདོད་མཁན་བྱུང་བ་དང་དེ་གཉིས་ཀྱི་བར་དུ་སྔ་མའི་ལྕགས་བྱི་དང་དེའི་བར་ལ་ལོ་ངོ་38དང་། སྔ་མའི་ཆུ་སྦྲུལ་དང་དེའི་བར་ལ་45ཙམ་ལས་ཁྱད་པར་ཆེན་པོ་མེད། དེའི་ཕྱིར་བདུད་འཇོམས་རིན་པོ་ཆེའི་ས་སྟག་ལ་འདོད་པའི་ལྟ་བ་འདི་དཔྱད་གཞི་ཚད་མར་འཛིན་པར་རིགས་སོ།། གླིང་རྗེ་གེ་སར་རྒྱལ་པོ་ལགས་རབ་བྱུང་དང་པོའི་ལྕགས་ཕོ་སྟག་གི་ལོ་སྟེ། སྤྱི་ལོ་1038ལོར་སྐུ་བལྟམས་པ་དང་རབ་བྱུང་གཉིས་པའི་ས་ཕོ་སྟག་གི་ལོ་སྟེ། སྤྱི་ལོ་1119ལོར་སྐུ་ཚེ་འདས་པར་གསུངས་པ་ལྟར་ཡིན་ན་གླིང་སྒྲུང་གི་ཐོག་མའི་བྱུང་བ་དེ་རབ་བྱུང་དང་པོའི་སྔོན་ལ་བརྒལ་ཐབས་མེད་པ་སུས་ཀྱང་བསྙོན་དུ་མེད། གླིང་གེ་སར་རྒྱལ་པོ་འདི་རབ་བྱུང་དང་པོ་ནས་རབ་བྱུང་གཉིས་པའི་སྟོད་ལ་འཚོ་བཞུགས་གནང་པའི་བདེན་དོན་འདིར་གཞིགས་ཚེ། གླིང་སྒྲུང་འདི་རབ་བྱུང་དང་པོའི་རྗེས་སུ་རིམ་གྱིས་གྲུབ་པ་བདེན་དཔང་བྱེད་ཐུབ་ཅིང་། དུས་སྐབས་དེའི་གླིང་སྒྲུང་གི་རྣམ་པ་ག་འདྲ་ཞིག་ཡིན་པ་ད་ལྟ་མཐོང་ཐབས་མེད་པར་སེམས། ཡིན་ནའང་གླིང་སྒྲུང་རྙིང་པ་སྐོར་ཞིག་གི་ནང་དོན་དང་གྲུབ་ཚུལ་ལ་བརྟག་ན་ཐོག་མའི་ངག་རྒྱུན་དེ་གླིང་གེ་སར་རྒྱལ་པོའི་ཐེངས་རེའི་གཡུལ་འགྱེད་ཀྱི་གཏམ་རྒྱུད་ཐུང་ངུ་རེ་དང་ཡང་ན་ཁ་ཐོར་རེ་བརྗོད་པ་མ་གཏོགས་ཆ་ཚང་ཞིང་ཡུན་རིང་པའི་གཏམ་རྒྱུད་ཅིག་གྲུབ་མེད་པ་སྨྲས་མ་དགོས་སོ།།
ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་སྙན་རྩོམ་རིང་མོའི་རིགས་པའི་གཞུང་ལུགས་ཐད་དུ་བཤད་ན། སྙན་རྩོམ་རིང་མོ་ཐམས་ཅད་མི་རིགས་ཤིག་གི་བྱིས་པའི་དུས་སྐབས་སུ་བྱུང་བ་དང་། དེས་སྙན་ངག་གི་ལམ་དུ་མི་རིགས་སོ་སོའི་རང་རིགས་ཀྱི་གནམ་སའི་ཆགས་རིམ་དང་། མིའི་རིགས་ཀྱི་འབྱུང་ཁུངས། མི་རིགས་བར་གྱི་འཐབ་རྩོད་ཀྱི་གཏམ་རྒྱུད། ད་དུང་དགྲ་འདུལ་གཉེན་སྐྱོང་གི་དཔའ་བོའི་ལོ་རྒྱུས་ཀྱི་བསྟོད་པ་བཅས་འདུས་པ་ཞིག་ཡིན་སྐད། དེ་ཡང་ཡོ་རོབ་གླིང་གི་མཁས་པ་གྲགས་ཅན་ཧེ་ཀོར་ལགས་ཀྱིས་“མ་རྩ་རིང་ལུགས་ཀྱི་སྙན་རྩོམ་རིང་མོ་དེ་བརྩམས་སྒྲུང་རིང་གྲས་ཀྱིས་ཚབ་བྱས་པ་ཡིན་པར་”གསུངས། དུས་སྐབས་དེའི་རྗེས་སུ་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་འབྱུང་རྒྱུ་མེད་པ་ཁ་ཚོན་བཅད་འདུག འོན་ཏེ་གླིང་སྒྲུང་ལ་མཚོན་ན་གོང་ཞུའི་སྙན་རྩོམ་རིང་མོའི་བྱུང་རིམ་དང་གྲུབ་ཚུལ་གཏན་ནས་མི་མཚུངས།རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། གླིང་སྒྲུང་འདི་བྱུང་བའི་དུས་རབས་བོད་མི་རིགས་ཀྱི་གདོད་མའི་སྤྱི་ཚོགས་སྐབས་སུ་མིན་པ་དང་། གླིང་སྒྲུང་གི་མི་སྣ་གཙོ་བོ་གེ་སར་རྒྱལ་པོ་ནི་ཤ་ཁྲག་གཉིས་འཛོམས་ཀྱི་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་ལ། ད་དུང་ཁོང་ཉིད་ཀྱི་འཁྲུངས་འདས་ལོ་ཚིགས། རིགས་རུས་ཆོ་འབྲང་ཡང་གསལ་བོར་མཆིས། གླིང་སྒྲུང་འདི་གསར་རྩོམ་པ་དང་རྒྱུད་འཛིན་པ་སྒྲུང་པ་སྣ་ཚོགས་རྒྱུན་ཆད་མེད་པར་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་ལ། སྒྲུང་དཔེ་གསར་པའང་གཅིག་རྗེས་གཉིས་མཐུད་ངང་བྱུང་དང་འབྱུང་བཞིན་འདུག དེའི་ཕྱིར་གླིང་སྒྲུང་གི་རིགས་པའི་གཞུང་ལུགས་དང་གཞན་པའི་རྒྱལ་ཁབ་ཀྱི་སྙན་རྩོམ་རིང་མོའི་རིགས་པའི་གཞུང་ལུགས་བར་དུ་ཁྱད་པར་ཆེན་པོ་ཡོད་པ་སྨྲས་མ་དགོས་སོ།།
གཉིས། གླིང་སྒྲུང་པར་གཞིའི་ཐོག་མ་དུས་ནམ་ཞིག་ལ་གྲུབ་པའི་སྐོར་བཤད་པ།
གོང་གསལ་གྱི་ཚན་པ་ལས་གླིང་སྒྲུང་འདི་དུས་ནམ་ཞིག་ལ་གྲུབ་པའི་སྐོར་ལ་དབྱེ་ཞིབ་ཅུང་གསལ་བོ་ཞིག་བགྱིས་པ་ཡིན། འོ་ན་གླིང་སྒྲུང་གི་པར་གཞི་ཐོག་མ་དེ་དུས་ནམ་ཞིག་ལ་གྲུབ་པ་ཡིན་ནམ་ཞེ་ན། ད་ལྟ་ངེད་ཅག་གི་མིག་ལམ་དུ་བཤམས་ཡོད་པའི་གླིང་སྒྲུང་དེ་དག་གི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གང་ཅི་ཐད་ནས་བརྟག་ན་དུས་རབས་བཅོ་ལྔའི་སྔ་གཞུག་ཏུ་གྲུབ་པ་ཡིན་པར་འདོད་པའི་ཆེད་མཁས་པ་མང་པོ་མཆིས། གང་ལྟར་ཡིན་ཡང་སྔོན་ན་གེ་སར་རྒྱལ་པོ་ཁོང་ཉིད་སྐུ་འཁྲུངས་དགོས་པ་དང་། ཕྱིས་སུ་རིམ་གྱིས་གླིང་སྒྲུང་བྱུང་པ་འདི་འཇིག་རྟེན་གྱི་ཆོས་ཉིད་དང་འགྲོ་རིམ་ལ་མཐུན་པས་སུས་ཀྱང་ཁས་ལེན་བཞིན་འདུག འོ་ན་དེང་ཅག་གི་གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མ་ཐོག་མ་དུས་ནམ་ཞིག་ལ་དར་ཁྱབ་ཏུ་སོང་བ་ཡིན་ནམ་ཞེ་ན། ལག་བྲིས་མར་མཚོན་ན་ཐོག་མའི་དུས་ངེས་ཅན་ཞིག་གཏན་འཁེལ་དཀའ་མོ་ཡིན་ནའང་ལག་བྲིས་མ་ཚད་ལྡན་ཅན་བྱུང་བའི་དུས་ནས་བོད་པའི་ཤོག་བུ་བཟོ་བའི་ལག་རྩལ་དང་ཡི་གེར་བཀོད་མཁན་གྱི་ཤེས་ཡོན་པ་མང་པོ་འཚར་ལོངས་བྱུང་བའི་དུས་དང་འབྲེལ་བ་དམ་པོ་མཆིས་པས་དུས་ཧ་ཅང་སྔ་བར་གོ་བ་ལངས་ན་སྒྲུབ་བྱེད་ཚད་ལྡན་པ་བརྗོད་དཀའ་མོ་འདུག ཡིན་ནའང་ལག་བྲིས་མ་དང་ཤིང་དཔར་མ་ལས་ལག་བྲིས་མ་དུས་སྔ་བ་བསྙོན་དུ་མེད། “ཤིང་དཔར་མར་མཚོན་ན་བོད་པའི་མཁས་པ་མང་པོས་དུས་རབས་བཅུ་གསུམ་པར་བཅོམ་ལྡན་རིག་རལ་བཅས་ཀྱིས་དཔལ་སྣར་ཐང་གཙུག་ལག་ཁང་ནས་བཀའ་བསྟན་བསྡུ་བསྒྲིགས་གནང་བ་ངོ་བཤུས་ཀྱིས་ཡུལ་ནན་ཅིན་ནས་པར་དུ་བསྐྲུན་པ་དེ།བོད་ཡིག་གི་པར་སྐྲུན་ལག་རྩལ་རྙེད་པའི་ཐོག་མ་ཡིན་པར་གླེང་བ་དང་། འགའ་ཞིག་གིས་རྗེ་ཙོང་ཁ་པའི་རིང་ལ་《ས་སྐྱའི་གསུང་འབུམ་》པར་སྐྲུན་གནང་བ་དེ་བོད་ཡིག་ཤིང་ལ་རྐོ་བའི་ཐོག་མ་ཡིན་པར་གླེང་། ལ་ལས་རྒྱལ་བ་ཙོང་ཁ་པས་ཤིང་གི་སྒང་ལ་པར་བརྐོས་ནས་དཔེ་ཆར་བརྒྱབ་པའི་ལུགས་སྲོལ་ཞིག་བཙུགས་པ་དེ་བོད་ལ་པར་སྐྲུན་ལག་རྩལ་བྱུང་བའི་ཐོག་མ་ཡིན་པར་གླེང་།”⑧ “སྤྱིར་བཙན་པོའི་རྒྱལ་རབས་དུས་སུ་པར་རྐོ་ལག་རྩལ་དེ་ཡོད་པར་གསུངས་ཀྱང་པར་འདེབས་ཀྱི་ལག་རྩལ་ཁྱབ་བརྡལ་དུ་སོང་མེད། དུས་རབས་བརྒྱད་པའི་སྐབས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མངའ་ཁོངས་རྒྱ་བསྐྱེད་དང་སངས་རྒྱས་ཆོས་ལུགས་དར་སྤེལ་མཛད་པའི་ལས་དོན་ལ་དམིགས་ནས་རྒྱལ་བའི་གསུང་རྟེན་གླེགས་བམ་མང་པོ་འབངས་མིའི་དུད་ཁྱིམ་སོ་སོའི་དད་པའི་རྟེན་དུ་འགྱུར་བའི་སྲོལ་བཏོད་སྐབས། དུད་ཁྱིམ་རེར་གླེགས་བམ་རེ་རྟེན་དུ་བཞག་ན་དཀའ་ཁག་ཆེན་པོ་མཆིས་པར་བརྟེན། གནའ་བོའི་པར་རྐོའི་ལག་རྩལ་དེ་ཐོག་མར་བཀོལ་སྤྱོད་བགྱིས་པར་གསུང་ཡོད་ཀྱང་ད་ལྟའི་བར་དུ་དེ་རིགས་ཀྱི་རྒྱུ་ཆ་ཏིལ་ཙམ་ཡང་མཐོང་མ་བྱུང་ངོ་།། ཡིན་ནའང་མ་མཐོང་བ་ཐམས་ཅད་མེད་ཅེས་ཁ་ཚོན་བཅད་ནས་བརྗོད་ན་གནས་ལུགས་སུ་མི་མཐུན་པས་ད་དུང་འཚོལ་སྡུད་དང་སྔོག་འདོན་གང་ནུས་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་སེམས།”⑨ ཅི་ལྟར་ཡང་གོང་གསལ་གྱི་དཔྱད་གཏམ་ལས་གླིང་སྒྲུང་ཤིང་དཔར་མ་བྱུང་བའི་ལོ་ཚིགས་ནི་དུས་རབས་བཅོ་ལྔའི་རྗེས་སུ་ཡིན་པ་ར་སྤྲོད་གསལ་བོ་བགྱིས་འདུག ཡིན་ནའང་གླིང་སྒྲུང་ཤིང་དཔར་མ་རེ་རེ་དུས་ནམ་ཞིག་ལ་ཤིང་སྟེང་དུ་བརྐོས་པའི་ལོ་ཚིགས་བརྗོད་དཀའ་མོད། དེའི་རྒྱུ་མཚན་གཙོ་བོ་ཡང་ཤིང་དཔར་གྱི་ལག་རྩལ་ཐོག་མ་དར་བའི་སྐབས་སུ་མི་རྣམས་ཀྱིས་དེའི་རིན་ཐང་དང་ཁྱད་ནུས་ཧ་མ་གོ་པར་ཐོག་མའི་བྱེད་པ་པོ་དང་བྱུང་བའི་ཡུལ་དུས་སོགས་ཡིག་ཐོག་ཏུ་བཀོད་ནས་མཐོང་ཆེན་མ་གནང་པའི་རྐྱེན་གྱིས་ད་ལྟ་སྟོང་ཆ་རུ་གྱུར་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རོ།། དེའི་ཕྱིར་གླིང་སྒྲུང་པར་གཞིའི་འགོ་ཚུགས་པ་ནས་བར་དུ་ཇི་ལྟར་བརྒྱུད་པ་དང་མཐའ་མར་ཇི་ལྟར་ཁ་ཚང་འཛོམས་པོའི་གླེགས་བམ་ཞིག་ཏུ་གྱུར་བ་ལ་སོགས་གསལ་ཁ་འཁྲུལ་མེད་ཅིག་བརྗོད་པའི་ཐབས་མ་མཆིས་སྟབས་དེ་ཡང་གཙོ་བོ་ཡིག་ཚང་ཀློག་པ་དང་རིག་འདེད་བགྱིད་པའི་ཐབས་ལམ་ལ་བརྟེན་པ་ལགས། ད་ལྟ་གླིང་སྒྲུང་ཤིང་དཔར་མ་《ལྷ་གླིང་གབ་ཙེ་དགུ་སྐོར་》དང་། 《གེ་སར་འཁྲུངས་རབས་》 《རྟ་རྒྱུག་རྒྱལ་འཇོག་》 《སྟག་གཟིག་ནོར་རྫོང་》《ཁ་ཆེ་གཡུ་རྫོང་》 《དམྱལ་གླིང་རྫོགས་པ་ཆེན་མོ་》 《ཨ་སྟག་ལྷ་མོ་》བཅས་པ་དུས་ནམ་ཞིག་གམ་མི་སུས་བརྐོས་པ་སོགས་ཅུང་ཙམ་རྒྱུས་ལོན་ཐུབ་ནའང་གོ་འཛོལ་ཅི་ཡང་མེད་པ་ཞིག་ཁ་ཚོན་གཅོད་ཁག་པོ་འདུག ཡིན་ནའང་གླིང་ཚང་རྒྱལ་པོའི་ཁྱིམ་གཞིས་ནས་པར་བརྐོས་གནང་བའི་གླིང་སྒྲུང་ལས་ཐེངས་གང་མང་ལ་འཇུ་མི་ཕམ་ཚང་གི་མཚན་དང་ཕྱག་རྗེས་གླེང་ཡོད་པར་བརྟག་ན་གངས་ཅན་མཁས་ཆེན་དམ་པ་འཇུ་མི་ཕམ་ཚང་གི་དུས་སྐབས་ཤིག་ཡིན་པའམ་ཡང་ན་དེའི་རྗེས་སུ་ཡིན་པ་གོར་མ་ཆག དེ་ལྟར་ཡིན་ན་འཇུ་མི་ཕམ་ཚང་སྤྱི་ལོ་1846ལ་སྐུ་འཁྲུངས་ཤིང་1912ལོར་སྐུ་གཤེགས་པས་ཤིང་དཔར་མ་དེའི་གྲུབ་སྐབས་ནས་དུས་རབས་བཅུ་དགུ་མཇུག་ནས་ཉི་ཤུའི་འགོ་ཡིན་པ་བདེན་དཔང་གསལ་བོ་བྱེད་ཐུབ་བོ།། དེ་ཡང་གླིང་སྒྲུང་ཤིང་དཔར་མ་གཞན་དག་ཚང་མ་འཇུ་མི་ཕམ་ཚང་སྐུ་འཁྲུངས་པའི་རྗེས་ཡིན་ཟེར་ན་ཁ་ཚོན་གཅོད་དཀའ་བས་མུ་མཐུད་དུ་རྟོག་དཔྱོད་ཟབ་མོ་དགོས་པ་ལགས། འདིར་ངེས་པར་དུ་གླེང་དགོས་པ་ཞིག་སྟེ། འཇུ་མི་ཕམ་ཚང་གི་མི་ཚེ་གང་ལ་གེ་སར་སྒྲུང་གི་འཕེལ་རྒྱས་དང་རྒྱུད་འཛིན་བཅས་ལ་མཛད་འཕྲིན་བླ་ན་མ་མཆིས་པ་བཞག་ཡོད། ཁོང་གིས་གནང་པའི་གླིང་སྒྲུང་ཐད་ཀྱི་ཞལ་གསུང་མང་པོ་ཡིག་ཐོག་ཏུ་བཀོད་ཡོད་ཅིང་། ལག་བྲིས་མ་ཡང་གང་ལེགས་མིག་གིས་མཐོང་རྒྱུ་ཡོད་ལ་ད་ལྟ་ལྕགས་དཔར་བཏབ་ནས་དངོས་སུ་པར་སྐྲུན་ཡང་གནང་ཡོད། འདི་ནི་ལག་བྲིས་མ་ཐོག་མ་མིན་པ་སུས་ཀྱང་རྟོགས་ནའང་ལག་བྲིས་མ་ཚད་ལྡན་ཅན་དུ་འགྱུར་བར་གསར་གཏོད་རང་བཞིན་གྱི་ནུས་པ་ཐོན་ཡོད་པ་སྨྲས་མ་དགོས་སོ།།
རང་རེའི་བོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བརྟག་ན་དུས་རབས་བདུན་པ་སྟེ་སྤྱི་ལོ་633ཡས་མས་སུ་སྲོང་བཙན་སྒམ་པོའི་དུས་སུ་བློན་པོ་སམ་བྷོ་ཊས་བོད་ཡིག་ཐོག་མ་གསར་བཟོ་གནང་ནའང་བོད་ཁུལ་བྱིངས་ལ་དར་ཁྱབ་ཆེན་པོ་བྱུང་མ་ཐུབ་པའི་རྐྱེན་གྱིས་རིག་གནས་ཡོད་པའི་འབངས་མི་ཤིན་ཏུ་ཉུང་། དེ་བས་སྒྲུང་པ་རྣམས་ཀྱིས་གྱེར་བཤད་མཛད་པའི་གླིང་སྒྲུང་ཡང་ཡིག་ཐོག་ཏུ་བཀོད་མ་ཐུབ་ཅིང་ངག་ཐོག་ནས་རྒྱུན་འཛིན་ཙམ་བགྱིས་ཀྱང་གླིང་སྒྲུང་མང་པོ་ཞིག་བོར་བརླག་གི་གྱོང་གུད་རེག་པའང་སྨྲས་མ་དགོས་སོ།། འདིའི་ཐད་དུ་བརྟག་ན་གླིང་སྒྲུང་འདི་ངག་ཐོག་ནས་ཡིག་ཐོག་ཏུ་བཀོད་པའི་དུས་ཡུན་ནམ་བར་ཐག་ཤིན་ཏུ་རིང་བར་སེམས། གཙོ་བོ་ཡང་གཅིག་ནི་སྐབས་དེའི་སྒྲུང་པ་ཚོས་སྒྲུང་གྱེར་བཤད་ཐུབ་ཀྱང་ཡི་གེ་མི་ཤེས་ཤིང་། གཉིས་ནི་ཁོར་ཡུག་གི་འབངས་མི་རྣམས་ལས་ཀྱང་ཡི་གེ་ཤེས་མཁན་ཤིན་ཏུ་དཀོན། གསུམ་ནི་དགོན་པའི་བླ་གྲྭ་ལས་ཀྱང་ཡི་གེ་ཤེས་མཁན་ཉུང་ཙམ་ཡིན་སྟབས། ཚད་ལྡན་གྱི་ལག་བྲིས་མའི་པར་གཞི་བྱུང་བ་འཕྱི་པ་དང་ཤིང་དཔར་མའི་པར་གཞི་བྱུང་བ་དེ་ལས་འཕྱིའོ།།
ཕྱིས་སུ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྒྲུང་དཔེ་ཡི་གེར་བཀོད་མཁན་གྱི་ཡོན་ཏན་པ་རིམ་གྱིས་ཇེ་མང་དུ་སོང་ཞིང་། ལག་བྲིས་མའི་གྲངས་ཀ་ཇེ་མང་དུ་སོང་པ་མ་ཟད་རྒྱུ་སྤུས་ཀྱང་རིམ་གྱིས་ཇེ་མཐོར་སོང་ཡོད། ད་དུང་གླིང་སྒྲུང་བཤུ་འབྲི་གནང་མཁན་གྱི་ཆེད་ལས་མི་སྣ་ཡང་ཡུལ་ཁམས་སོ་སོ་ན་རེ་འགའ་བྱུང་ཞིང་བཤུ་འབྲིའི་རིན་གོང་ཡང་ཇེ་མཐོར་སོང་། གནའ་རབས་ཀྱི་རྒན་པ་ཚོས་བཤད་པ་ལྟར་ན། སྐབས་དེར་སྒྲུང་དཔེ་སྣ་རིང་མ་གཅིག་བཤུ་འབྲི་གནང་བའི་རིན་གོང་ཆེས་ཉུང་ཡང་འབྲི་གཡག་གཅིག་རེ་ཙམ་ཡིན་པར་སྐད། དེ་བཞིན་བགྲང་བྱ་མང་པོ་འདས་པའི་ལོ་ཟླའི་ཁྲོད་དུ་སྒྲུང་དཔེ་ལག་བྲིས་མའི་པར་གཞི་ཚད་ལྡན་ཅན་ཡང་མི་ཉུང་བ་ཐོན་བྱུང་ཞིང་། སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་ཁྱབ་བརྡལ་གྱི་རྒྱ་ཇེ་ཆེར་འགྲོ་འགོ་བརྩམས་སོ།།
གཅིག གླིང་སྒྲུང་པར་གཞིའི་མགོ་རྔ་བར་གསུམ་གྱི་གོ་རིམ་ཇི་ལྟར་གྲུབ་པ་ཡིན་ཞེ་ན། དེར་ཡང་གེ་སར་མཆོག་གི་སྐྱེས་རབས་ལོ་རྒྱུས་ལྟར་ཁག་གསུམ་དུ་དབྱེ་ནས་བརྗོད་ན་འགྲིག་པར་སྙམ། དང་པོ་སྟེ་《ལྷ་གླིང་གབ་ཙེ་དགུ་སྐོར་》ནས་《འཁྲུངས་གླིང་》 《རྟ་རྒྱུག་རྒྱལ་འཇོག་》 《འདན་མའི་ནས་རྫོང་》 《ཚ་བ་རོང་གི་མདའ་རྫོང་》བཅས་དང་། དེའི་རྗེས་སུ་《བདུད་འདུལ་》དང་《ཧོར་གླིང་གཡུལ་འགྱེད་》 《འཇང་གླིང་གཡུལ་འགྱེད་》 《མོན་གླིང་གཡུལ་འགྱེད་》བཅས་ཕྱོགས་བཞིའི་བདུད་བཞི་འདུལ་བའི་གཏམ་རྒྱུད་ཀྱི་པར་གཞི་གྲུབ་པ་ཡིན་ལ། དེ་ནས་《སྟག་གཟིག་ནོར་རྫོང་》དང་《ཁ་ཆེ་གཡུ་རྫོང་》 《མི་ནུབ་དར་རྫོང་》 《ཞང་ཞུང་མུ་ཏིག་རྫོང་》《ཤང་ཤང་སྨན་རྫོང་》 《ལྷོ་རོང་འབྲས་རྫོང་》 《གྲུ་གུ་གོ་རྫོང་》 《སྨུག་གུ་དྲེལ་རྫོང་》 《ཨ་གྲགས་གཟི་རྫོང་》《མངའ་རིས་གསེར་རྫོང་》བཅས་པའི་རྫོང་ཆེན་བཅོ་བརྒྱད་ནས་མཐའ་མཇུག་《ཁམས་གསུམ་བདེ་བཀོད་》བཅས་ཀྱི་པར་གཞི་གྲུབ་ཅིང་མཇུག་རྫོགས་སོ།། གཉིས་ཏེ་རྫོང་ཕྲན་གྲངས་མང་ཕབ་པའི་གཏམ་རྒྱུད་ཀྱི་པར་གཞིའི་སྐོར་གྲུབ་པ་ཡིན། དེ་ཡང་《སྡེ་དགེ་ཆོས་རྫོང་》དང་《ཁྱུང་ཆེན་སྒོ་རྫོང་》 《སྤྱི་དཔོན་ཤེལ་རྫོང་》 《གོ་གུ་ཁྱི་རྫོང་》 《ཁྲོ་ཐུང་ལྕགས་རྫོང་》 《དགྲ་ལྷའི་ཁྲབ་རྫོང་》 《དམྱལ་གླིང་མུན་པ་རང་གསལ་》《དམྱལ་གླིང་རྫོགས་པ་ཆེན་པོ་》ལྟ་བུ་གྲངས་མེད་པའི་པར་གཞི་གྲུབ་འདུག འདི་རིགས་ཀྱི་སྒྲུང་གསར་གྱི་པར་གཞི་ད་དུང་ཇེ་མང་དང་ཇེ་མང་དུ་འགྲོ་བཞིན་མཆིས། ཐ་ན་ཡ་གླིང་གི་རྒྱལ་ཁབ་ལ་ལ་དང་ཡོ་རོབ་ཀྱི་རྒྱལ་ཁབ་ལ་ལར་གཡུལ་འགྱེད་བགྱིས་པའི་སྒྲུང་གསར་སྐོར་ཞིག་གི་པར་གཞི་ཡང་གྲུབ་དང་འགྲུབ་བཞིན་འདུག གསུམ་སྟེ་གླིང་སྒྲུང་གྲགས་ཅན་ལས་ཚན་པ་འགའ་དང་ལེའུ་རེ་འགའ་ལོགས་སུ་བཀར་ནས་སྒྲུང་དཔེ་གཅིག་ཏུ་གྲུབ་པའི་པར་གཞི་སྐོར་ཡང་།དཔེར་ན། 《སྟག་གཟིག་ནོར་འགྱེད་》ལྟ་བུར་མཚོན་ན་《སྟག་གཟིག་ནོར་རྫོང་》ལས་བཅད་པ་ཡིན་ལ། 《འཇང་ཕྲུག་》ལྟ་བུར་མཚོན་ན《འཇང་གླིང་གཡུལ་འགྱེད་》ལས་བཅད་དེ་པར་གཞི་གྲུབ་པ་ཡིན། 《ཞྭ་བཤད་》ལྟ་བུར་མཚོན་ན་《ཧོར་གླིང་གཡུལ་འགྱེད་》ལས་བཅད་ནས་པར་གཞི་གྲུབ། 《ཧོར་སེར་འགྱོད་པའི་མིག་ཆུ་》ལྟ་བུར་མཚོན་ནའང་《ཧོར་གླིང་གཡུལ་འགྱེད་》ལས་དྲངས་ནས་པར་གཞི་གསར་པ་བསྒྲིགས་པ་རེད། འདི་རིགས་ཀྱི་སྒྲུང་གསར་གྱི་པར་གཞི་ད་དུང་མང་པོ་མཆིས། སྒྲུང་ཐུང་འདིའི་སྐོར་གྱི་དགེ་མཚན་ཡང་གཏམ་རྒྱུད་ཐུང་ལ་ཁྱེར་བདེ་བ་དང་བློར་འཛིན་སླ་བས་ཀུན་གྱིས་དགའ་བསུ་བྱེད་བཞིན་ཡོད།
གཉིས། གླིང་སྒྲུང་དག་སྒྲིག་མའི་པར་གཞི་ཐོག་མ་དེ་དུས་ནམ་ཞིག་ལ་བྱུང་བ་ཡིན་ནམ་ཞེ་ན། ཁོ་བོས་རྟོག་དཔྱོད་བགྱིས་པ་ལྟར་ན། “མི་དབང་བསོད་ནམས་སྟོབས་རྒྱས་(1689—1747)ཀྱི་སྐུ་རིང་ལ་སྟག་རྫོང་བསམ་འགྲུབ་རབ་བརྟན་གྱི་རྫོང་གི་འགན་བཞེས་པ་བསོད་ནམས་དཔལ་ལྡན་དང་བདེ་མཁར་དངོས་གྲུབ་བཀྲ་ཤིས་གཉིས་ཀྱིས་གསུང་ནན་མོ་བསྩལ་བ་སོགས་ལ་བརྟེན་ནས་ཐོས་དོན་ཉམས་ལེན་ལ་ཐུགས་དགྱེས་པའི་བཙུན་པ་ངག་དབང་བསྟན་འཛིན་ཕུན་ཚོགས་མཆོག་གིས་སྒྲུང་གི་ས་བོན་ཙམ་ལས་གླུ་ལེན་གྱི་བར་སྐབས་སོགས་མེད་པའི་སྒྲུང་འབུམ་ཞེས་པ་གཞིར་བཞག་ནས། མདོ་ཁམས་གླིང་གསུམ་གྱི་སྒྲུང་བཤད་མཁས་པ་ཉི་ཤུ་སྐོར་ལ་དངོས་སུ་གསན་ཞིང་། ལྷག་པར་དུ་སྡེ་དགེའི་སྒྲུང་པ་ཚེ་རིང་དོན་གྲུབ་དང་ནང་ཆེན་སྒྲུང་པ་ལྷ་དབང་རིག་འཛིན། ཆབ་མདོ་ཞང་ལུ་ཕུན་ཚོགས། གླིང་བ་ལྷའུ་བཀྲ་ཤིས་བཅས་ཀྱི་ངག་རྒྱུན་ཡིད་ལ་གསལ་བ་རྣམས་ཀྱི་ནང་དོན་ལྟར་བླང་དོར་གང་ལེགས་དང་། ཚིག་དོན་མི་འགལ་བར་ཁ་འགེངས་དགོས་པ་རྣམས་ཀྱིས་ལེགས་པར་ཟུར་བརྒྱན་པར་བརྟེན། སྤུས་ལེགས་ཤིང་ཆ་ཚང་བའི་ཧོར་གླིང་གཡུལ་འགྱེད་སྟོད་སྨད་ཆ་ཞིག་ཤིང་སྟག་ཆུ་འབྲུག་(1734ལོར་)གྱི་ཉ་ནས་སུག་བྲིས་ཀྱི་དབུ་བཙུགས་ཏེ། ཤིང་མོ་ཡོས་(1735ལོར་)ཀྱི་རྒྱལ་ཉི་གྲལ་ཚེས་ལ་ལེགས་པར་གྲུབ་བོ།།”⑩ཞེས་པའི་དོན་ལ་བརྟག་ན་ཧོར་གླིང་གཡུལ་འགྱེད་འདི་གླིང་སྒྲུང་དག་སྒྲིག་ཐོག་མ་དེ་བགྲང་བྱ་ཉིས་བརྒྱ་བདུན་བཅུ་ལྷག་གི་སྔོན་ལ་བྱུང་པ་དང་ཕྱིས་སུ་ཡང་ལོ་རབས་ལྔ་བཅུ་སྐབས་སུ་བོད་པའི་མཁས་པ་ཚེ་ཏན་ཞབས་དྲུང་དང་གསུང་རབ་རྒྱ་མཚོ་སོགས་ཀྱིས་དག་སྒྲིག་བགྱིས་ནས་ལྕགས་དཔར་ལའང་བཏབ་ཡོད། སྒྲུང་དཔེ་པར་གཞི་འདི་ནི་ད་ལྟའི་སྒྲུང་དཔེ་ཡོད་དོ་ཅོག་ལས་རྒྱུ་སྤུས་ཆེ་ལེགས་པོ་ཡིན་པ་ཀུན་གྱིས་ཁས་ལེན་བཞིན་མཆིས། གླིང་སྒྲུང་འདིའི་སྔོན་ལའང་སྒྲུང་དཔེ་གང་མང་ལ་དག་སྒྲིག་རེ་བྱས་ཡོད་པའང་ཚང་མས་ཤེས་ཐུབ་མོད། འོན་ཏེ་གཞི་རྒྱ་ཆེ་བའི་ངང་ནས་དག་སྒྲིག་ཚད་ལྡན་གནང་བ་ནི་《ཧོར་གླིང་གཡུལ་འགྱེད་》ཐོག་མ་ཡིན་པ་ཕལ་ཆེར་ཐག་གཅོད་ཐུབ་བོ།།
གསུམ། གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མའི་པར་གཞི་གང་ཡིན་ཡང་ཐམས་ཅད་རིགས་གཉིས་སུ་གྲུབ་ཡོད་པ་སྟེ། བསྡུས་སྒྲུང་ལེའུ་མ་དང་གླིང་སྒྲུང་དེབ་རྐྱང་མ་གཉིས་ལས་བསྡུས་སྒྲུང་ལེའུ་མ་ནི་སྒྲུང་དཔེ་གྲགས་ཅན་གཅིག་ནས་ལྔ་དྲུག་ཙམ་ལེའུ་འགར་བཀོད་ནས་གླེགས་བམ་གཅིག་ཏུ་གྱུར་ཡོད་པ་དེ་རིགས་ལ་ངོས་འཛིན་པ་དང་། དཔེར་ན། ཁྲི་ཀའི་བསྡུས་སྒྲུང་ལེའུ་མ་དང་ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མ།ལ་དྭགས་གྱི་བསྡུས་སྒྲུང་ལེའུ་མ་ལྟ་བུའོ།། གླིང་སྒྲུང་དེབ་རྐྱང་མ་ནི་གཏམ་རྒྱུད་གཅིག་གླེགས་བམ་གཅིག་ཏུ་གྱུར་ཡོད་པ་དེ་རིགས་ལ་སྐད། དཔེར་ན། 《ལྷ་གླིང་》དང་《འཁྲུངས་གླིང་》《རྟ་རྒྱུག་》 《བདུད་འདུད་》 《ཧོར་གླིང་》ལྟ་བུའོ།། གླིང་སྒྲུང་དེབ་རྐྱང་མ་འདི་རིགས་ཤིན་ཏུ་མང་ལ་ཕལ་ཆེར་སྒྲུང་དཔེ་སྤྱིའི་བརྒྱ་ཆའི་དགུ་བཅུ་ཡན་ཆད་ཟིན་འདུག བསྡུས་སྒྲུང་ལེའུ་མ་དང་གླིང་སྒྲུང་དེབ་རྐྱང་མ་གཉིས་ཀྱི་པར་གཞི་གང་སྔོན་དུ་གྲུབ་པ་ཡིན་ཞེ་ན། བསྡུས་སྒྲུང་ལེའུ་མར་མཚོན་ན་གླིང་སྒྲུང་གཙོ་བོ་སྟེ་འཁྲུངས་གླིང་དང་རྟ་རྒྱུག་ཕྱོགས་བཞིའི་དགྲ་བཞི་རྫོང་ཆེན་བཅོ་བརྒྱད་བཅས་ཀྱི་པར་གཞི་གྲུབ་རྗེས་ད་གཟོད་གྲུབ་པ་ཡིན་པར་སྒྲུང་དཔེའི་ནང་དོན་དང་གོ་རིམ་ཐད་དུ་བརྟག་ན་གསལ་བོར་རྟོགས་ཐུབ། ཡིན་ནའང་གླིང་སྒྲུང་དེབ་རྐྱང་མ་ཡོད་ཚད་ཀྱི་པར་གཞི་བསྡུས་སྒྲུང་ལེའུ་མའི་པར་གཞིའི་སྔོན་ཡིན་པའི་ངེས་པ་གཏན་ནས་མེད། དེའི་རྒྱུ་མཚན་ཡང་བསྡུས་སྒྲུང་ལེའུ་མའི་པར་གཞི་གྲུབ་རྗེས་གསར་དུ་གྲུབ་པའི་གླིང་སྒྲུང་དེབ་རྐྱང་མ་ཡིན་ན་སྔོན་དུ་གྲུབ་ཐབས་མེད་པས་སོ།།
གསུམ། གླིང་སྒྲུང་པར་གཞིའི་ཁྱབ་ཡུལ་གྱི་སྐོར་བཤད་པ།
དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་གནའ་ནས་ད་བར་དུ་དར་ཁྱབ་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་དམངས་ཁྲོད་ཀྱི་རྩོམ་རིག་བརྩམས་ཆོས་ཤིག་ཡིན། བོད་ཀྱི་ཁ་དཔེར་བོད་མི་རེའི་ཁ་ནས་སྒྲུང་རེ་ཡོད་ཟེར་བ་འདི་སྤྱིར་སྒྲོ་བཏགས་ཀྱི་གྲུབ་ཆ་ཅུང་ཙམ་མང་ན་ཡང་། འདི་ལས་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་ཁྲོད་དུ་དར་ཁྱབ་ཀྱི་རྒྱ་ཁྱོན་ཤིན་ཏུ་ཆེ་བ་གསལ་བཤད་གང་ལེགས་གནང་འདུག
གླིང་སྒྲུང་འདི་རྒྱུན་ཆད་མེད་པར་མི་རིགས་རང་ལས་མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པར་དར་ཁྱབ་ཏུ་འགྲོ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་སྟེ། གླིང་སྒྲུང་གི་གསར་རྩོམ་པ་དང་སྒྲོག་སྤེལ་པ་སྒྲུང་བ་ཁྲི་སྟོང་མང་པོ་ཡིན་ལ། ཁོང་རྣམ་པའི་གསར་རྩོམ་བགྱིས་པའི་ངག་རྩོམ་རྣམས་ཡིག་ཐོག་ཏུ་བཀོད་དེ་གླིང་སྒྲུང་པར་གཞི་ལག་བྲིས་མ་དང་ཤིང་དཔར་མས་གྲུབ་ནས་ས་ཁྱབ་རྡོ་ཁྱབ་ཏུ་བཏང་ངོ་།། དེ་བཞིན་དུ་གནའ་རབས་དང་དེང་རབས་ཀྱི་བོད་རིགས་མི་དམངས་རྣམས་ཀྱང་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་ཁ་སྐོང་མཁན་དང་སྒྲོག་སྤེལ་མཁན་ཀྱང་ཡིན་ཟེར་ཆོག་གོ། གལ་སྲིད་མི་དམངས་མང་ཚོགས་ཀྱིས་མི་རབས་དུ་མར་རྒྱུན་འཛིན་དང་སྒྲོག་སྤེལ། དེ་མིན་ཁོ་ཚོའི་སྲུང་སྐྱོབ་དང་འཕེལ་རྒྱས་མེད་ན། གླིང་སྒྲུང་འདི་མི་རབས་ནས་མི་རབས་བར་བརྒྱུད་མི་ཐུབ་ལ། དར་ཁྱབ་འདི་འདྲ་ཆེན་པོ་ཞིག་ཀྱང་ཡོད་ཐབས་མེད། འདིར་གསལ་བྱེད་ཅིག་དགོས་པ་སྟེ། སྒྲུང་རྩོམ་རིང་མོ་རང་ཉིད་ལ་ཡིད་དབང་འཕྲོག་པའི་ནུས་ཤུགས་ལྡན་པའང་སྒྲོག་སྤེལ་རྒྱུན་ཆད་མེད་པར་བགྲོད་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། དེས་ན་སྒྲུང་བས་གསར་རྩོམ་དང་མི་དམངས་ཀྱིས་སྒྲོག་སྤེལ། སྒྲུང་རྩོམ་རིང་མོའི་ཡིད་དབང་འཕྲོག་པའི་ནུས་ཤུགས་བཅས་ཆ་ཚང་ན། ད་གཟོད་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བཞུར་རྒྱུན་མི་ཆད་པའི་རྨ་འབྲི་རིང་མོའི་རྒྱུན་ཇི་བཞིན་དུས་གཏན་དུ་ལང་ལོང་དུ་འཕྱུར་ཐུབ་པ་ལགས།
ད་ལྟའི་གནས་བབ་ལ་བལྟས་ན། གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཀྱི་རྒྱ་ཁྱོན་ཆེ་བ་མ་ཟད། ད་དུང་རྒྱལ་ནང་གི་མི་རིགས་གཞན་པ་ལའང་དར་ཁྱབ་ཅུང་ཆེ། དེང་སྐབས་ང་ཚོས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན། དར་ཁྱབ་ཀྱི་ཡུན་རིང་བ་དང་རྒྱ་ཁྱོན་ཆེ་བ་ནི་སོག་རིགས་ས་ཁུལ་ཡིན། འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ལས་བསྟན་དོན། གླིང་གེ་སར་རྒྱལ་པོའི་སྒྲུང་ནི་དུས་རབས་བཅོ་བརྒྱད་ནས་བཅུ་དགུ་བར་ནང་སོག་ས་ཁུལ་དུ་ཁྱབ་པ་ཡིན་ལ། ས་དེར་ཁྱབ་པ་ནས་བཟུང་། ས་དེའི་སོག་པོ་འབངས་མི་རྣམས་གླིང་གེ་སར་རྒྱལ་པོའི་སྒྲུང་བཤད་པར་ཧ་ཅང་དགའ་སྤྲོ་སྐྱེས་པ་མ་ཟད། ད་དུང་བརྒྱུད་སྒྲོག་ཁྲོད་འཐུས་ཇེ་ཚང་དང་ཁ་སྣོན་བརྒྱབ་སྟེ། རིམ་བཞིན་སྐོར་ཞིག་ཁོང་ཚོའི་སྒྲུང་གཏམ་དུ་གྱུར་ཡོད་པའང་ཁས་ལེན་དགོས། ད་དུང་རང་རྒྱལ་གྱི་ཧོར་རིགས་དང་།འཇང་རིགས། པའེ་རིགས། ཡུས་ཀུའུ་རིགས། ཟ་ལར་རིགས་བཅས་ཀྱི་ཁྲོད་དུའང་དར་ཁྱབ་ཀྱི་རྒྱ་ཁྱོན་ཅུང་ཆེ། ཁོ་ཚོའི་སྒྲུང་བའི་བཤད་ཚུལ་དང་ནང་དོན། སྐད་ཆའི་ཆ་ནས་འགྱུར་ལྡོག་ཅུང་ཡོད་ནའང་། གཙོ་བོ་སྒྲུང་གཏམ་གྱི་བྱུང་རིམ་དང་མི་སྣ་གཙོ་བོ་ལ་འགྱུར་ལྡོག་མེད་ཅིང་། གླིང་གེ་སར་རྒྱལ་པོའི་སྒྲུང་གི་སྔར་གྱི་རྣམ་པ་མང་ཆེ་བ་སོར་བཞག་བྱས་ཡོད། གཞན་ཡང་ཀྲུང་གོའི་མངའ་ཁོངས་ཀྱི་གྲངས་ཉུང་མི་རིགས་ཁྲོད་དུ་དར་ཁྱབ་ཆེ་བ་ལས་གཞན། རང་རྒྱལ་མཐའ་སྐོར་གྱི་རྒྱལ་ཁབ་སྟེ། མོང་གོལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། འཇར་པན། ཨུ་རུ་སུའི་པུའུ་ལེ་ཡ་ཐེ་ས་ཁུལ། ཇོ་མོ་གླང་མའི་ལྷོ་རྒྱུད་ཀྱི་རྒྱ་གར་དང་། ནེ་པ་ལ། ཕ་ཁེ་སི་ཐན། འབྲུག་ཡུལ། འབར་མ། འབྲས་ལྗོངས་བཅས་རྒྱལ་ཁབ་མང་པོར་ཡང་དར་ཁྱབ་ཅུང་ཆེ། ང་ཚོས་རྒྱུས་ལོན་བྱས་པ་ལྟར་ན། ད་ལྟ་ཕྱི་རྒྱལ་དུ་དར་ཁྱབ་ཏུ་སོང་བའི་གླིང་སྒྲུང་པར་གཞི་ཤིང་དཔར་མ་དང་ལག་བྲིས་མ་ནི། འབྲུག་ཡུལ་གྱི་ཐིན་པུའུ་རྒྱལ་ཁབ་དཔེ་མཛོད་ཁང་ཁོ་ནས་ཀྱང་འཚོལ་སྡུད་དང་། དག་སྒྲིག་པར་སྐྲུན་བྱས་པའི་བོད་ཡིག་གི་གླིང་གེ་སར་སྒྲུང་དཔེ་མི་འདྲ་བའི་པར་གཞི་31ཡོད་པ་དང་རྒྱ་གར་རྡ་རམ་ས་ལའི་དཔེ་མཛོད་ཁང་དུ་གླིང་སྒྲུང་26ཉར་ཚགས་བྱས་ཡོད། བཤད་པ་ལྟར་ན་མང་ཆེ་ཤས་ནི་དཔར་སྐྲུན་བྱས་ཚར་བ་ཡིན། སོག་པོའི་གེ་སར་ཆེད་མཁས་པ་འཆི་མེད་རྡོ་རྗེས། “1959ལོར་ཕྱི་སོག་སྤྱི་ཚོགས་ཚན་རིག་ཁང་དུ་《གླིང་གེ་སར་》ཞེས་པའི་སྒྲུང་དཔེ་ཞིག་སོག་པོའི་རྩོམ་རིག་དཔེ་ཚོགས་གྲས་སུ་པར་སྐྲུན་བྱས་ཡོད་དེ། དེ་ནི་བོད་པའི་གླིང་སྒྲུང་ལས་འགྱུར་མ་ཞིག་ཡིན་པ་དཔྱད་བསྡུར་བགྱིས་ན་གསལ་བོ་ཤེས་ཐུབ། སོག་པོའི་འགྱུར་མའི་《གླིང་གེ་སར་》ལ་ལེའུ་ཉེར་དགུ་ཡོད། སྒྲུང་གི་ནང་དོན་གྱི་ཆ་ནས་བལྟས་ན་བོད་པའི་གེ་སར་སྒྲུང་ལས་《འཁྲུངས་གླིང་》དང་《ཧོར་གླིང་གཡུལ་འགྱེད་》 《ཁམས་གསུམ་བདེ་བཀོད་》བཅས་སྒྲུང་ཁག་གསུམ་ལས་འདེམ་གསེས་བགྱིས་ནས་སོག་ཡིག་ཏུ་འགྱུར་བར་འདོད་” ⑾ཅེས་གསུངས་འདུག སྒྲུང་དཔེ་སོག་འགྱུར་མ་འདིས་ཕྱི་སོག་དང་ནང་སོག་བཅས་ས་ཁུལ་དུ་ཤན་ཤུགས་ཤིན་ཏུ་ཆེ་ཞིང་། དཔྱད་གཏམ་སྤེལ་མཁན་གྱི་མཁས་པ་ཡང་གང་མང་མཆིས། 1905ལོར་འཇར་མན་གྱི་ཆོས་པ་ཧྥོ་ལན་ཁེས་ལ་དྭགས་ཀྱི་བུ་མོ་ལོ་བཅུ་དྲུག་ཅན་ཞིག་གིས་བཤད་པའི་གེ་སར་སྒྲུང་ཟིན་བྲིས་སུ་བཀོད་པ་དེ་རྒྱ་གར་དུ་པར་སྐྲུན་བྱས། སྒྲུང་དཔེའི་མིང་ལ་《ལ་དྭགས་ཀྱི་གེ་སར་སྒྲུང་》ཟེར། དཔེ་ཆ་འདིར་བོད་ཡིག་གི་མ་ཡིག་དང་དབྱིན་ཇིའི་སྐད་ཀྱི་འགྱུར་མ་ཡོད་པ་ལས་གཞན། ད་དུང་མཚམས་སྦྱོར་གྱི་རྩོམ་ཡིག་ཀྱང་བྲིས་འདུག སྒྲུང་དཔེ་དེ་ནི་བསྡུས་སྒྲུང་ལེའུ་མ་ཞིག་ཡིན་པ་སོགས་འབྲེལ་ཡོད་ཡིག་ཆར་བཀོད་འདུག ཇ་ན་ཏ་ཏོ་ལོང་ཏོ་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་གླིང་སྒྲུང་བཅོ་ལྔ་ཉར་ཚགས་བྱས་ཡོད། ཁོ་བོས་དངོས་སུ་མཇལ་མྱོང་། དེ་དག་ལས་དཔར་སྐྲུན་བགྱིས་མ་མྱོང་བའི་སྒྲུང་དཔེ་བཞི་བདག་གིས་བསྐྱར་པར་བརྒྱབ་ནས་ཁྱེར་ཡོང་ཡོད། འཇར་པན་ཏུང་ཅིན་ཕྱི་རྒྱལ་སྐད་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཡང་བདག་གིས་སྒྲུང་དཔེ་བཞི་མཐོང་ཞིང་དེ་དག་ལས་སྒྲུང་དཔེ་གཉིས་ཁྱེར་ཡོང་ཡོད། གོ་སྐབས་མཆིས་ན་དཔར་སྐྲུན་བྱ་རྒྱུའི་གྲ་སྒྲིག་མཆིས། ད་དུང་ཨུ་རུ་སུ་དང་མོང་གོལ། ནེ་པ་ལ་སོགས་སུའང་བོད་ཡིག་གི་གླིང་སྒྲུང་ཡོད་པར་གསུངས་ཀྱང་ཡང་སྙིང་ག་ཚོད་ཡོད་པ་ཐག་གཅོད་མི་ཐུབ། ང་ཚོས་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་གར་པ་ངྷ་སི་(达斯)ཞེས་པ་དེ་ཉིད་1879ལོ་དང་1881ལོ་ནས་1882ལོ་བར་དུ་ཐེངས་གཉིས་ལ་རང་རྒྱལ་གྱི་བོད་ལྗོངས་ས་ཁུལ་དུ་སླེབས་ཏེ། གླིང་གེ་སར་སྒྲུང་དང་བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་འབོར་ཆེན་ལག་ཏུ་སོན་བྱུང་། དེའི་རྗེས་སུ་1884ལོའི་ཟླ་8པར་སྔོན་གྱི་ཨུ་རུ་སུ་རྒྱལ་ཁབ་ཀྱི་མིང་ལ་ཕུར་རི་བར་སུའི་ཅུ་ཟེར་བ་ཞིག་གིས་རང་རེའི་མགོ་ལོག་ཁུལ་གྱི་རྨ་སྟོད་རྫོང་གི་རྨ་ཆུའི་འབྱུང་ཁུངས་ལ་རྟོག་དཔྱོད་བྱེད་པའི་སྐབས་སུ། གེ་སར་སྒྲུང་ལག་བྲིས་མའི་པར་གཞི་སྐོར་ཞིག་ལག་ཏུ་སོན་པར་མ་ཟད། ཁོ་རང་ཕྱིར་ལོག་ནས་1888ལོར་《ཆ་ཁེ་ཐུའུ་ནས་རྨ་ཆུའི་འབྱུང་ཁུངས་》ཞེས་པའི་དཔེ་ཆ་ཞིག་པར་སྐྲུན་བྱས་ཡོད། ཡང་མིང་ལ་པོ་ཐ་ཉིན་ཟེར་བའི་ཨུ་རུ་སུའི་སོག་པོའི་མཁས་པ་ཞིག་གིས་1885ལོའི་སྔ་གཞུག་ཏུ་ཐེངས་ལྔར་མཚོ་སྔོན་དང་བོད་ལྗོངས་ས་ཁུལ་དུ་ཡོང་པའི་སྐབས་སུ། བོད་ཡིག་གི་གེ་སར་སྒྲུང་གི་པར་གཞི་འབོར་ཆེན་ལག་ཏུ་འབྱོར་ཞིང་། ཕྱིར་ལོག་རྗེས་གེ་སར་སྒྲུང་སྐོར་གྱི་དཔྱད་རྩོམ་མང་བོ་བྲིས། 1931ལོར་ཧྥ་རན་སིའི་བུད་མེད་ཀྱི་མཁས་པ་ཏ་ཝེ་(达维)ཟེར་བ་དང་འབྲས་ལྗོངས་(锡金)ཀྱི་བླ་མ་ཡོན་ཏན་གཉིས་ཀྱིས་དག་སྒྲིག་དང་ཡིག་སྒྱུར་མཛད་པའི་《གླིང་གེ་སར་གྱི་ཐུན་མོང་མ་ཡིན་པའི་མི་ཚེ་》ཞེས་པ་ཧྥ་རན་སིའི་པ་ལེ་ནས་པར་སྐྲུན་བྱས་ཡོད། ཤར་ཕྱོགས་རིག་པའི་མཁས་པ་ཧྲི་ཐེ་ཨེན་ལགས་བཅིངས་འགྲོལ་མ་བྱས་པའི་སྔོན་ལ་ད་ལྟའི་དཀར་མཛེས་ཁུལ་དང་སྡེ་དགེ་སོགས་སུ་རྟོག་དཔྱོད་བགྱིས་པའི་སྐབས་སུ། ཤིང་དཔར་གྱི་གེ་སར་སྒྲུང་གི་པར་གཞི་གསུམ་ལག་ཏུ་འབྱོར་བྱུང་། ཁོས་ཧྥ་ཡིག་ཏུ་བསྒྱུར་རྗེས་པ་ལེ་ནས་པར་སྐྲུན་བྱས་པ་ལགས། སྒྲུང་དཔེའི་མིང་ལ་《བོད་ཀྱི་གེ་སར་སྒྲུང་》ཟེར།
དེ་ལས་གཞན་གླིང་སྒྲུང་པར་གཞི་ལག་བྲིས་མ་དབྱིན་ཇི་དང་འཇར་པན། ཧྥ་རན་སི། ཨུ་རུ་སུ། འཇར་མན།མོང་གོལ། རྒྱ་གར་སོགས་ཀྱི་ཡི་གེར་བསྒྱུར་ནས་སྒྲུང་དཔེ་རིགས་མི་འདྲ་བ་150ལྷག་པར་སྐྲུན་གནང་འདུག་པ་དང་། ཞིབ་འཇུག་གི་ཆེད་རྩོམ་300ལྷག་འགྲེམ་སྤེལ་བྱས། ད་དུང་ཨོ་གླིང་གི་རྒྱལ་ཁབ་མང་པོ་ལའང་པར་གཞི་སྣ་ཚོགས་དར་ཁྱབ་ཡོད་ལ། ཕལ་ཆེར་རྒྱལ་ཁབ་སུམ་ཅུ་ལྷག་གི་བོད་རིག་པའི་ཞིབ་འཇུག་ཆེད་ལས་མཁས་པས་གླིང་སྒྲུང་འཚོལ་སྡུད་དང་། དག་སྒྲིག ཡིག་སྒྱུར། པར་སྐྲུན། ཞིབ་འཇུག་བཅས་ཀྱི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་ཡོད་ཅིང་། གྲུབ་འབྲས་ཀྱང་ཅུང་ལེགས་པོ་བླངས་ཡོད། འདི་དག་ཐམས་ཅད་ལས་གསལ་བོར་རྟོགས་ཐུབ་པ་ནི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་པར་གཞི་འདི་རྒྱལ་ནང་དུ་དར་ཁྱབ་ཀྱི་རྒྱ་ཁྱོན་ཆེ་བར་མ་ཟད། ད་དུང་འཛམ་གླིང་སྟེང་ལ་སྐྱོད་བཞིན་པའི་སྒང་ཡིན། དེ་བས་མི་སྣ་རྩ་འཛུགས་བགྱིས་ནས་སྡུག་རུས་ཀྱིས་ཡོངས་ཁྱབ་ཏུ་རྟོག་དཔྱོད་དང་ཞིབ་འཇུག་གང་བཟང་བྱ་དགོས་སོ།།
བཞི། གླིང་སྒྲུང་ཡི་གེར་བཀོད་མཁན་སུ་ཡིན་པའི་སྐོར་བཤད་པ།
གླིང་སྒྲུང་འདི་དམངས་ཁྲོད་དུ་རྒྱ་ཆེར་དར་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་དུས་རབས་སོ་སོའི་མི་སྐྱའི་རིག་གནས་པ་དང་དགོན་པའི་བླ་གྲྭ་རྣམ་པས་ཕྱག་རྗེས་བླ་ལྷག་བསྐྲུན་འདུག ཁོང་རྣམ་པའི་ཟིན་བྲིས་དང་། དག་སྒྲིག་བཅས་པ་མེད་པའི་དབང་དུ་བཏང་ན་ད་ལྟའི་ལག་བྲིས་མ་དང་ཤིང་དཔར་མའི་པར་གཞི་འབོར་ཆེན་མཐོང་ཐབས་བྲལ་ལོ།། འདིར་ཆེད་དུ་བསྔགས་འོས་པ་ཞིག་སྟེ་རྙིང་མ་བའི་དགོན་སྡེའི་བླ་གྲྭ་རྣམས་ཀྱིས་གླིང་སྒྲུང་ཡིག་ཐོག་ཏུ་ཕབ་པར་ཕྱག་རྗེས་མངོན་གསལ་བཞག་ཡོད། གླིང་སྒྲུང་བརྒྱུད་སྒྲོག་གི་གོ་རིམ་ནང་དུ་ཐོག་མར་ལག་བྲིས་མ་བྱུང་པ་དང་དེར་བརྟེན་རིམ་གྱིས་ཤིང་དཔར་མ་བྱུང་པ་ལགས། ད་ལྟ་རྒྱུས་ལོན་བྱུང་བའི་ཤིང་དཔར་མ་སྒྲུང་དཔེ་བདུན་མ་གཏོགས་མེད་པ་འདྲ། དེ་ཡང་སྒྲུང་པའི་ངག་ཐོག་གི་བརྒྱུད་སྒྲོག་དང་ཡིག་ཐོག་གི་བརྒྱུད་སྒྲོག་མཉམ་གནས་དང་མཉམ་འགྲོ་ཡིན་མོད། ཡིན་ནའང་ངེད་ཅག་གིས་ཤེས་དགོས་པ་ནི་ངག་ཐོག་གི་བརྒྱུད་སྒྲོག་གཙོ་བོ་ལས་གཙོ་བོ་ཡིན། བགྲང་བྱ་གཅིག་སྟོང་ཡས་མས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ། སྒྲུང་པ་ཁྲི་སྟོང་མང་པོ་འཚར་ལོངས་བྱུང་ཡོད་ལ། སྒྲུང་གཏམ་ཡང་ཁྲི་སྟོང་མང་པོ་གསར་སྐྲུན་གནང་ཡོད་པ་བསྙོན་དུ་མེད། འོན་ཏེ་བོད་ཀྱི་ལོ་རྒྱུས་ཐོག་ཡིག་མཁན་དཀོན་པའི་དབང་གིས་སྒྲུང་གཏམ་མང་པོ་ཡིག་ཐོག་ཏུ་འགོད་མ་ཐུབ་པས་མི་མཐོང་པའི་དོང་ཞབས་སུ་ནུབ་པའང་སུས་མི་མཁྱེན། སྤྱིར་ན་གླིང་སྒྲུང་བརྒྱུད་སྒྲོག་གི་དུས་རབས་མི་འདྲ་པར་སྒྲུང་དཔེ་ལག་བྲིས་མ་དང་ཤིང་དཔར་མ་བཅས་པའི་ཡིག་ཐོག་ཐབས་ལམ་ལ་བརྟེན་ནས་དར་ཁྱབ་ཏུ་སོང་ཡོད་ནའང་ཁྱབ་རྒྱ་ཆུང་ཞིང་། རྒྱ་ཆེ་ཞིང་གྲངས་མང་པ་སྟེ་སྒྲུང་པ་ཚོས་ངག་ཐོག་གི་བརྒྱུད་སྒྲོག་གི་ཐབས་ལམ་འདིར་བརྟེན་བཞིན་འདུག་པའང་ཤེས་གསལ་ལྟར་རོ།། ངོ་མཚར་བ་ཞིག་སྟེ་རང་རེ་ཁ་བ་ཅན་གྱི་ལོ་རྒྱུས་བྱུང་བ་བརྗོད་པའི་སྙན་རྩོམ་རིང་མོ་གླིང་སྒྲུང་གི་གསར་རྩོམ་པ་སྒྲུང་པ་རིགས་མང་པོ་སྟེ། བབས་སྒྲུང་པ་དང་གཏེར་སྒྲུང་པ། པྲ་སྒྲུང་པ།ཐོས་སྒྲུང་པ། བརྒྱུད་སྒྲུང་པ། བསླབ་སྒྲུང་པ་བཅས་མང་པོ་མདོ་དབུས་ཁམས་གསུམ་གྱི་ཡུལ་ཁམས་གང་མང་ཞིག་ཏུ་བྱུང་དང་འབྱུང་བཞིན་མཆིས། སྒྲུང་མཁན་འདི་དག་གིས་གླིང་སྒྲུང་མང་པོ་བཤད་ཤེས་པ་མ་ཟད། གཏེར་སྒྲུང་ལ་གཏོགས་པའི་སྒྲུང་མཁན་དང་པྲ་སྒྲུང་ལ་གཏོགས་པའི་སྒྲུང་པ་སྐོར་ཞིག་གིས་རང་གིས་འབྲི་གནང་མཛད་ཤེས་ཤིང་། སྒྲུང་གཏམ་རེ་རེ་ཡི་གེར་ཡང་རང་གིས་དངོས་སུ་ཕབ་ཐུབ་པ་རེད། དཔེར་ན། མགོ་ལོག་གི་གཏེར་སྒྲུང་པ་གུ་རུ་རྒྱལ་མཚན་ལགས་ཀྱིས་རང་གིས་དངོས་སུ་སྒྲུང་དཔེ་ཉི་ཤུ་ལྷག་བྲིས་ཚར་བ་དང་དེ་ལས་སྒྲུང་དཔེ་བཅོ་བརྒྱད་དངོས་སུ་དཔར་སྐྲུན་བགྱིས་འདུག པྲ་སྒྲུང་པ་ཆབ་མདོའི་ཁ་ཚེ་པྲ་པས་ཀྱང་སྒྲུང་དཔེ་དྲུག་བདུན་ཙམ་འབྲི་གནང་མཛད་ཚར་བར་གསུངས། ད་དུང་བབས་སྒྲུང་བཅས་སུ་གཏོགས་པའི་སྒྲུང་པ་མང་པོའི་བློ་སྒྲུང་སྒྲ་ཕབ་ནས་ཡིག་ཐོག་ཏུ་བཀོད་ཅིང་དཔར་སྐྲུན་བགྱིས་པའི་བསྐལ་བའང་ལེགས་པོ་མངོན་འདུག སྒྲུང་མཁན་སྐད་གྲགས་ཅན་རྒན་གྲགས་པ་དང་བསམ་གྲུབ། ཚེ་རིང་དབང་འདུས་སོགས་ཀྱི་སྒྲུང་དཔེ་བདུན་ཅུ་ལྷག་དངོས་སུ་དཔར་སྐྲུན་བགྱིས་ནས་བོད་ཁུལ་ཡོངས་སུ་འགྲེམས་སྤེལ་གནང་ཡོད། བདག་གིས་ཀྱང་སྒྲུང་དཔེ་དེ་དག་དངོས་སུ་མཐོང་མྱོང་མ་ཟད་ཉར་ཚགས་བྱས་ཡོད། འདི་ཐམས་ཅད་སྒྲུང་པ་དང་ཆེད་ལས་མི་སྣའི་ལག་རྗེས་འབའ་ཞིག་ཡིན་པ་སུས་ཀྱང་ཁས་མ་བླངས་ན་ཅི་ལྟར་ཆོག འདིར་ངེད་ཅག་གིས་ཡིད་ལ་གསལ་བོ་ངེས་དགོས་པ་ཞིག་སྟེ། དུས་རབས་གང་ཞིག་ཡིན་རུང་སྒྲུང་པ་དང་ཡིག་མཁན་ཁོ་ནས་གླིང་སྒྲུང་འདི་ཉམས་པ་མེད་པར་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་རྒྱུར་ནུས་པའི་མི་འདང་སྟབས། རྒྱ་ཆེ་བའི་བོད་འབངས་ཁྲི་ཁྲི་འབུམ་འབུམ་གྱིས་གླིང་སྒྲུང་འདི་འབྲི་ཀློག་དང་རྒྱུན་འཛིན་གྱི་ནུས་པ་བླ་ལྷག་འདོན་རྒྱུ་ནི་རྩ་བ་ཞིག་ཏུ་གྱུར་ཡོད།
ལྔ། གླིང་སྒྲུང་པར་གཞིའི་ཡིག་གཟུགས་དང་དེབ་ཚད་ཤོག་བུ་བཅས་བཤད་པ།
གཅིག གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མའི་ཡིག་གཟུགས་ཐད་དུ་འཆད་ན། ལག་བྲིས་མ་ཕལ་ཆེར་དབུ་མེད་ཀྱི་ལམ་དུ་བྲིས་ཡོད་ལ། ལ་ལ་དབུ་ཅན་གྱི་ལམ་དུའང་བྲིས་ཡོད་པ་རེད། ད་དུང་རེ་འགའ་དབུ་ཅན་དང་དབུ་མེད་འདྲེས་མའི་ལམ་དུ་བྲིས་འདུག ད་ལྟ་མཐོང་པའི་ཤིང་དཔར་མ་ཐམས་ཅད་དབུ་ཅན་གྱི་ལམ་དུ་བརྐོས་འདུག སྐུ་གསུང་ཐུགས་ཀྱི་མཐའ་རྒྱན་ཅན་ཡང་ལ་ལ་མཐོང་ཐུབ།ལག་བྲིས་མ་ལ་གཉིས་ཡོད་དེ། གཅིག་ནི་ཡིག་མཁན་གྱིས་ཐད་ཀར་ཤོག་ཐོག་ཏུ་བྲིས་པ་ལ་ཟེར་ཞིང་། གཞན་གཅིག་སྟེ་བྲི་པས་ངོ་བཤུ་བགྱིས་པ་ལ་ཟེར། ལག་བྲིས་མ་ཡང་ཕལ་ཆེར་གཟབ་བྲིས་དང་གཟབ་བྲིས་ཆུང་བ། དཔེ་ཚུགས། འབྲུ་ཚ། མགོ་ལོག་སྡེར་ནང་ས་བྲིས་བཅས་ཀྱི་ཡིག་གཟུགས་ཀྱིས་བྲིས་ཡོད་ནའང་ལ་ལ་འཁྱུག་བྲིས་ཀྱི་ཡིག་གཟུགས་ཀྱང་བཀོད་ཡོད། འབྲི་བྱེད་ཀྱི་སྨྱུ་གུ་ཡང་སྨྱུག་ལེབ་ཡིན་ལ་དེ་ཡང་སྨྱུག་མ་བཟོ་སྐབས་ཐོག་མར་གཤགས་པ་དང་དེ་ནས་གཞོག་པ། བརྡར་བ། བསྲེགས་པ། བཙོ་པ་བཅས་ཀྱི་གོ་རིམ་བརྒྱུད་དགོས། ཡི་གེའི་འབྲི་ཁོག་ཆེ་ཆུང་ཡང་སྨྱུག་ཁམས་ཆེ་ཆུང་ལ་རེག་ལས། ཇི་སྐད་དུ། ཚེག་བྲིས་འབྲི་ན་མཉམ་པར་བཅད།། ཟླུམ་བྲིས་འབྲི་ན་ཉིས་ཆོད་བྱ།། སྨྱུག་ཁམས་ཆིག་ཆོད་བྱས་གྱུར་ན།། ཡི་གེ་ལེགས་པའི་གནད་ཅིག་ཡོད།། སྨྱུག་ཁམས་གཉིས་ཆོད་བྱས་གྱུར་ན།། སྨྱུག་ཁ་སྲ་བའི་གནད་ཅིག་ཡོད།། སུམ་ལྡན་ལྔ་འཛོམས་ཞེས་པའི་དོན།། སྨྱུ་གུའི་མཆུ་ལ་མཁས་གྱུར་ན།།ཡི་གེ་འབྲི་ལ་མཁས་པར་བཤད།། ཅེས་པ་ལྟར་སྨྱུ་གུའི་བཟོ་སྟངས་དང་བཀོད་སྟངས་བཅས་པ་གསལ་བྱེད་བགྱིས་ཡོད། སྨྱུག་ཆུ་སྣག་ཚའི་རྒྱུ་གཙོ་བོ་སྟེ། སྒྲོན་ཤིང་ངམ་གྲོ་གའི་ཤུན་པ་སྐམ་པོ་མེར་སྦར་བའི་དྲེག་པའམ། མར་མེའི་མེ་ཏོགགཞན་ཡང་རང་བྱུང་གཏེར་རྡོ་རིན་པོ་ཆེའི་རིགས་ཀྱི་སྡེབ་སྦྱོར་ལ། སྤྱིན་ཁུ་དང་དབང་ལག་ཁུ་བ། སྐྱེར་ཁུ་དང་ཀ་ར་སོགས་ཀྱིས་ཁ་མདོག་བསྒྱུར་བ་དང་། མདོག་སྣུམ་པ་བཅས་བརྒྱུད་ནས་གྲུབ་པའི་སྣག་ཚས་བྲིས་པའི་ཡི་གེ་ཆུས་སྦངས་ཀྱང་མི་ལྡུར་པ་དང་མེད་པར་མི་འགྱུར་བའི་ཁྱད་ཆོས་ལྡན། སྣག་བུམ་གྱི་རྒྱུ་ནི་གསེར་དངུལ་ཟངས་རག་ལི་འཁའ་ར་ལྕགས་སོགས་ལས་གྲུབ་པ་ཡིན། ད་ལྟ་མཐོང་ཐུབ་པའི་ལག་བྲིས་མ་མང་པོ་ལས་གསེར་བྲིས་མ་དང་དངུལ་བྲིས་མ་ཉུང་ཙམ་མཐོང་རྒྱུ་ཡོད་པར་གསུངས།
གཉིས། གླིང་སྒྲུང་ལག་བྲིས་མའི་ཤོག་བུ་ཕལ་ཆེར་མི་རིགས་རང་གི་ལག་རྩལ་ལས་བཟོས་པའི་ཤོག་བུ་ཡིན། བོད་པའི་ཤོག་བུ་དེ་རེའུ་ལྕག་གི་རྩ་བས་བཟོས་སྟབས་འཇམ་རྩུབ་དང་སྲ་མཉེན། སྲབ་མཐུག་བཅས་པ་དོ་མཉམ་གྱི་དགེ་མཚན་ལྡན་པ་མ་ཟད། རེའུ་ལྕག་གི་རྩ་བར་དུག་ལྡན་པས་འབུས་མི་ཟ་པ་དང་ཡུན་རིང་ལ་ཉར་ཚགས་ཐུབ་པ། ཆུས་ཀྱང་ལྡུར་མི་ནུས་པའི་ཡོན་ཏན་མཆིས། ཡིན་ནའང་ཤོག་བུའི་བཟོ་རྩལ་དར་རྒྱས་བྱུང་བ་བརྒྱུད་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཤོག་བུའང་ནང་འདྲེན་བགྱིས་ནས་བཀོལ་སྤྱོད་བྱེད་བཞིན་མཆིས། དེར་བརྟེན་ལག་བྲིས་མ་དང་ཤིང་དཔར་མའི་རྒྱུ་སྤུས་ཀྱང་ལྡེབ་འགྱུར་གྱིས་འཕེལ་རྒྱས་བྱུང་ཡོད།
གསུམ། གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མའི་ཚད་གཞི་ལྟར་ན། གླེགས་བམ་རེ་ལ་གླེགས་ཤིང་དང་གླེགས་ཐག གདོང་དར་མཆིས་ཤིང་། ད་དུང་ཕྱག་རྒྱ་བཏབ་ཡོད་དམ་མེད། གལ་སྲིད་ཕྱག་རྒྱ་བཏབ་ཡོད་ན་གདུལ་བྱ་སྣོད་ལྡན་ཞིག་མིན་ན་ཀློག་མི་ཆོག་ལ། ཕྱག་རྒྱ་བཏབ་མེད་ན་སྐྱེ་བོ་སུས་ཀྱང་ཀློག་ཆོག་གསུངས། ལག་བྲིས་མ་མང་ཆེ་ཤས་མདའ་ཚད་མ་དང་ཁྲི་གང་མ་ཡིན། ད་དུང་སྟབས་བདེ་ཆེད་དུ་མཐོ་གང་མ་ཡང་ཉུང་ཤས་ཡོད། ཡི་གེ་ཐིག་ཕྲེང་དྲུག་ནས་བདུན་ཅན་ཅུང་མང་། མདའ་ཚད་མ་ཕལ་ཆེར་ལ་གླེགས་ཤིང་ཡོད་ལ། གླེགས་ཐག་ཀྱང་འབྲོང་བུ་ཅན་མང་པོ་ཡོད། ཡིན་ནའང་ཁྲི་གང་མ་དང་མཐོ་གང་མའི་ལག་བྲིས་མ་ཕལ་ཆེར་ལ་གླེགས་ཤིང་མེད་ཅིང་། གླེགས་ཐག་ཀྱང་མེད་། ད་དུང་རས་དང་གོས་སེར་བོ་བཅས་ཀྱིས་དཀྲིས་ཡོད། གཞན་དེ་ལག་བྲིས་མ་ཚད་ལྡན་མིན་པ་ཡང་གང་མང་ཁྱབ་དང་ཁྱབ་བཞིན་མཆིས། འདི་ནི་ལག་བྲིས་མའི་ཐུན་མིན་གྱི་ཁྱད་ཆོས་ཡིན་པ་ཡང་མཁྱེན་གསལ་ལྟར་རོ།། ཤིང་དཔར་མ་མང་པོ་མེད་ཀྱང་གླེགས་ཤིང་གླེགས་ཐག་ཆ་ཚང་ཞིང་ཐིག་ཕྲེང་ལག་བྲིས་མ་དང་མཚུངས་པར་དྲུག་ནས་བདུན་དང་བདུན་ནས་དགུ་ཅན་མཆིས།
དྲུག གླིང་སྒྲུང་པར་གཞིའི་རྩོམ་སྟངས་སྐོར་བཤད་པ།
གླིང་སྒྲུང་པར་གཞི་སྣ་ཚོགས་ཀྱི་རྩོམ་སྟངས་ཏེ། ཚིག་ལྷུག་ཁོ་ན་དང་ཡང་ན་ཚིགས་བཅད་ཁོ་ནར་བརྟེན་ནས་བརྩམས་པ་མིན་ཏེ། དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་འབྲི་སྲོལ་ཏེ་བཅད་ལྷུག་སྤེལ་མར་བརྟེན་ནས་ཐོག་མར་ངག་ཐོག་ནས་རྩོམ་པ་དང་རིམ་གྱིས་ཡིག་ཐོག་ཏུ་བཀོད་པ་ཡིན། ཡིན་ནའང་སྒྲུང་གི་ཚིག་ལྷུག་དང་ཁྱད་པར་དུ་ཚིགས་བཅད་ཀྱི་སྐོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་སྟེ། སྒྲུང་དཔེ་གང་ཡིན་ཡང་ནང་དུ་ཚིག་ལྷུག་ཉུང་ཤས་ཤིག་བཀོད་ཡོད་པ་མ་གཏོགས་མང་ཆེ་ཤས་ནི་ཚིགས་བཅད་ཀྱི་འབྲི་ཐབས་ལ་བརྟེན་ནས་བརྗོད་བྱའི་དོན་རྣམས་གསལ་ལེར་བསྟན་ཡོད་ཅིང་། སྒྲུང་དཔེའི་ཚིགས་བཅད་ཀྱང་སྔོན་བྱོན་མཁས་པས་བརྩམས་པའི་སྙན་ངག་གི་ཚིགས་བཅད་དང་། ཡང་ན་མི་ལ་རས་པའི་མགུར་གླུ། ལེགས་བཤད།གཏམ་དཔེའི་སྐོར་དང་བཤད་པ་རྣམ་གསུམ་གྱི་སྐོར། དཔེ་རྒྱན་དང་གཟུགས་རྒྱན་སྒྲ་རྒྱན་གྱི་སྐོར་བཅས་པ་འབུར་ཐོན་བགྱིས་ཡོད། དེ་མིན་དམངས་ཁྲོད་ཀྱི་དར་རྒྱ་ཤིན་ཏུ་ཆེ་བའི་གླུ་གཞས་སོགས་ཀྱི་རྩོམ་གཤིས་དང་མཐུན་པའི་སྐོར་དང་མི་མཐུན་པའི་སྐོར་ཀྱང་མང་པོ་མཆིས ། དཔེར་ན། མི་སོས་ནད་པ་ཤི་ན་དགའ།། མི་སྡོད་མགྲོན་པོ་སོང་ན་དགའ།། ལྟ་བུ། ཕོ་ལོ་དགུ་བཅུས་གཉའ་ནས་མནན།། བརྒྱད་ཅུ་ཐམ་པས་ཞབས་ནས་སྐྱོར།། ལྟ་བུའི་དམངས་ཁྲོད་གཏམ་དཔེའི་བཀོད་སྤྱོད་རྒྱ་ཆེ་ཞིང་། ད་དུང་བཤད་པའི་སྐོར་ལའང་ཆང་བཤད་དང་རྟ་བཤད། སྒ་བཤད། གཉེན་བཤད། སྟོན་བཤད། མདའ་བཤད། ཞྭ་བཤད་དང་བཅས་པ་དམངས་ཁྲོད་ཀྱི་ཆང་བཤད་དང་རྟ་བཤད། སྒ་བཤད། གཉེན་བཤད། སྟོན་བཤད། མདའ་བཤད། ཞྭ་བཤད་བཅས་པའི་བཀོད་སྤྱོད་ཀྱི་རྩོམ་སྟངས་དང་བརྗོད་དོན་ཕལ་ཆེར་གཅིག་མཚུངས་ཡིན། ད་དུང་སྒྲུང་དཔེའི་ཚིག་རྒྱན་ཁྱད་པར་ཅན་གྱི་སྐོར་ཏེ། དཔེར་ན། ལིངས་སེ་ལིང་། འཐིབས་སེ་འཐིབ། ལྡེམས་སེ་ལྡེམ། ཁྲིགས་སེ་ཁྲིག ལྟ་བུ་དང་། གཞན་ཏེ། ཐ་ལ་ལ། ཤ་ར་ར། ཤུ་རུ་རུ། ཁྱི་ལི་ལི། ལྟ་བུའི་ཐུན་མིན་གྱི་མིང་བརྡའི་བཀོལ་སྤྱོད་དང་རྩོམ་སྟངས་ཧ་ལས་པ་མཐོང་ཐུབ། འདི་ནི་གླིང་སྒྲུང་གི་རྩོམ་སྟངས་དང་མིང་བརྡའི་ཁྱད་མཚར་གྱི་ཁྱད་ཆོས་ཀྱང་ཡིན།
སྒྲུང་དཔེའི་ཚིགས་བཅད་ཐམས་ཅད་བརྗོད་ཐབས་ཀྱི་རྣམ་པ་ནི་ཕན་ཚུན་ལ་གླུ་ལེན་པའི་ཚུལ་ལྟར་དོན་བརྗོད་པ་དང་། དེ་ཡང་གླུ་རེ་རེའི་འགོ་ནས་ཐོག་མར་ལྷ་ཀླུ་གཉན་གསུམ་ལ་མཆོད་བཀུར་གྱི་ཚིག་བརྗོད་མཐར། མི་རང་གི་མཚན་དང་གཡུལ་ས། ལས་དོན་སོགས་བརྗོད་པའི་སྲོལ་ཆགས་ཡོད་ཅིང་། གླུ་ཚིག་ཀྱང་རིང་ལ་གོ་བདེ་བ། རྩོམ་རྒྱུད་འཇམ་ཞིང་ལྷོད་ལ་ཁར་བདེ་བ། ངག་རྩོམ་དང་གསར་རྩོམ་འདྲེས་མའི་ཚིག་གི་ཁྱད་ཆོས་ཀྱང་ལྡན། དེ་བས་གླིང་སྒྲུང་འདི་ཡོན་ཏན་ཅན་གྱིས་བཀླགས་ན་གོ་བདེ་བ་མ་ཟད།ཡོན་ཏན་མེད་པའི་ཞིང་པ་དང་གནག་རྫི་རྒན་པོས་ཀྱང་གོ་ཐུབ་པའི་ཁྱད་ཆོས་ལྡན་ནོ།།
བདུན། གླིང་སྒྲུང་པར་གཞིའི་བརྗོད་བྱའི་དོན་གྱི་ཁྱད་ཆོས་སྐོར་བཤད་པ།
ད་ལྟ་ཡུལ་ཕྱོགས་གང་དུའང་ཁྱབ་དང་ཁྱབ་བཞིན་པའི་སྒྲུང་དཔེའི་པར་གཞི་ཡོད་དོ་ཅོག་གི་བརྗོད་བྱའི་དོན་ནི་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་འབའ་ཞིག་ཡིན་པ་སུས་ཀྱང་ཤེས་གསལ་ལྟར་ལགས། འོ་ན་ཁོང་གི་རྟོགས་བརྗོད་དམ་མཛད་རྣམ་དེ་དག་གླིང་སྒྲུང་གི་བརྗོད་དོན་ལས་ཇི་ལྟར་མཚོན་ཡོད་དམ་ཞེ་ན་འདི་ལྟ་སྟེ།
གླིང་གེ་སར་རྒྱལ་པོ་མི་ཡུལ་དུ་མ་བྱོན་སྔོན་ལ་སྟེང་ཕྱོགས་ལྷ་ཡུལ་ཁམས་སུ་ཡབ་བདེ་མཆོག་དཀར་པོ་དང་ཡུམ་བདེ་མཆོག་དམར་མོ་གཉིས་ཀྱི་སྲས་གསུམ་པར་སྐུ་འཁྲུངས་ཤིང་། མཚན་ལ་བུ་ཏོག་བཀར་པོའམ་ཐོས་པ་དགའ་ཟེར།དེར་སློབ་དཔོན་པད་མ་འབྱུང་གནས་ཀྱི་ཐུགས་སྲས་སུ་བཞུགས་སྐབས་འབྱུང་བོ་སྲིན་པོའི་ཁ་གནོན་ལ་མི་ཡུལ་ཁམས་སུ་སྐུ་འཁྲུངས་པའི་མཛད་པ་ངོ་མཚར་བ་མང་པོ་བསྟན་མྱོང་། གླིང་རྗེ་གེ་སར་རྒྱལ་པོ་སྐུ་བལྟམས་ནས་དུས་ཡུན་མ་འགྱངས་པའི་སྐབས་སུ་ཁྲོ་ཐུང་དང་རྒྱ་བཟའ་གཉིས་ཕྲག་དོག་སྐྱེས་ནས་ཐོག་མར་དུག་དྲངས། དེ་ནས་ཨ་མྱེ་སྒོམ་པ་ར་ཛ་ལ་ཇོ་རུ་བསྒྲལ་དགོས་པའི་རེ་བ་ཞུས། ཨ་མྱེ་སྒོམ་པ་ར་ཛས་ཇོ་རུ་ལ་དམོད་པའི་མཐུ་སྔགས་བཏང་། ཅི་བཅོས་ཐབས་མ་མཆིས་པས་ཇོ་རུ་མ་བུ་གཉིས་རྨ་སྨད་འདྲེ་ལུང་སུམ་མདོར་སྤྱུགས། དཀའ་སྡུག་ངན་ངོན་གྱི་འཚོ་བ་རོལ།
གེ་སར་དགུང་ལོ་བཅུ་གཉིས་སྟེང་གླིང་གི་རྟ་རྒྱུག་རྒྱལ་འཇོག་འགོ་བརྩམས་ཤིང་གེ་སར་རྒྱལ་པོ་རྟ་རྒྱུག་རྒྱལ་འཇོག་ལས་རྣམ་པར་རྒྱལ་ཞིང་གླིང་དཀར་སྟོད་ཀྱི་གསེར་ཁྲིར་མངའ་གསོལ་པ་དང་སེང་ཆེན་འབྲུག་མོ་ཁབ་ཏུ་བཞེས་ནས་ས་གཞི་ཆེན་པོར་དབང་སྒྱུར་གྱི་ལས་དོན་ལ་ཞུགས།
གེ་སར་དགུང་ལོ་བཅོ་ལྔ་བཞེས་པའི་ཐོག་ནས་བཟུང་། ནུབ་ཀྱི་ཀླུ་བཙན་རྒྱལ་པོས་དབང་བསྒྱུར་པའི་ནག་པོ་བདུད་དང་། གུར་དཀར་གུར་སེར་གུར་ནག་སོགས་ཀྱིས་དབང་བསྒྱུར་པའི་སེར་པོ་ཧོར། ས་དམ་དུག་གིས་བཟུང་བའི་སྨུག་པོ་འཇང་གི་ཡུལ། ལྷོ་བདུད་ཤིང་ཁྲིས་བདག་གིར་བཟུང་བའི་ཁ་ཤ་མོན་བཅས་ཕྱོགས་བཞིའི་དགྲ་བཞི་ཆམ་ལ་ཕབ་ནས་མི་ཁྲལ་དང་ཟོག་ཁྲལ་བཅད།
དེ་ཡང་གེ་སར་དགུང་ལོ་བཞི་བཅུ་ཐམ་པ་ནས་བཟུང་།《སྟག་གཟིག་ནོར་རྫོང་》དང་། 《ཁ་ཆེ་གཡུ་རྫོང་》 《མི་ནུབ་དར་རྫོང་》 《ཞང་ཞུང་མུ་ཏིག་རྫོང་》དང་བཅས་པའི་རྫོང་ཆེན་བཅོ་བརྒྱད་གཙོས་པའི་རྫོང་ཕྲན་གལ་ཆེན་སྐོར་ཞིག་གི་གཏེར་སྒོ་ཕྱེ་སྟེ་རིན་ཆེན་གཏེར་གཡང་མ་ལུས་པ་གངས་ཅན་བོད་ཀྱི་ཡུལ་ལ་དྲངས།
གེ་སར་དགུང་ལོ་གྱ་གཅིག་སྟེང་དུ་ཁམས་གསུམ་བདེ་ལ་བཀོད་ཅིང་། གངས་ཅན་ཡུལ་གྱི་གླིང་དཀར་སྟོད་ལ་སྔར་མེད་པའི་རིན་ཆེན་གཏེར་རྫས་ཐམས་ཅད་གང་འདོད་བཞིན་དྲངས་པས་རྒྱུ་འབྱོར་བ་ཕུན་སུམ་ཚོགས་ཤིང་སྟོབས་མངའ་ཐང་ཀུན་ལས་མཆོག་པའི་ཞིང་ཁམས་ཤིན་ཏུ་འཛོམས་པོ་ཞིག་ཏུ་གྱུར་པ་དང་། འཇིག་རྟེན་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་མ་ལུས་པ་དམ་ལ་བཏགས་ཏེ། གངས་ཅན་གྱི་ཡུལ་འདིར་ཅི་མཁོ་ཅི་དགོས་ཐམས་ཅད་བསྐྲུན་ནས། འབངས་མི་ཀུན་ལ་གཉའ་གནོན་མེད་པ་དང་སྡུག་བསྔལ་མེད་པ། ཟས་གོས་ཕུན་སུམ་ཚོགས་པའི་ཡུལ་ཁམས་འཛོམས་པོ་ལྷ་ཡུལ་ཁམས་དང་ཁྱད་པར་མ་མཆིས་པ་ཞིག་ཏུ་བཀོད་པའི་ཚེ་ན། གོང་མ་ལྷ་ཡི་ལུང་བསྟན་ཇི་བཞིན་མགོ་ནག་བོད་ཀྱི་རྒྱལ་པོར་སྲས་དགྲ་ལྷ་རྩེ་རྒྱལ་བསྐོས་ཏེ་རྗེས་ཕྱོགས་ཀྱི་ལས་དོན་མ་ལུས་པ་གླིང་དཀར་ལྷ་སྡེ་ཡོངས་ཀྱི་མདུན་སར་ཁོང་ལ་ངོ་སྤྲོད་མཛད་རྗེས། ཁོང་རིན་པོ་ཆེ་དང་བཅས་པ་ཕྱིར་ལྷ་ཡུལ་ཁམས་སུ་ཕེབས་པའི་ལོ་རྒྱུས་བརྗོད་ཡོད་དོ། །
གླིང་སྒྲུང་པར་གཞི་ཐམས་ཅད་ཀྱི་བརྗོད་དོན་གྱི་ཁྱད་ཆོས་གཙོ་བོ་ཡང་གེ་སར་རྒྱལ་པོ་སྐུ་ན་ཕྲ་བའི་དུས་ནས་རིམ་གྱིས་ནར་སོན་པའི་གོ་རིམ་ལྟར་བསྒྲིགས་ཡོད་ཅིང་། ད་དུང་ཁོང་ཉིད་ཀྱིས་བདུད་སྡེ་ཐམས་ཅད་རིམ་པར་བཏུལ་པའི་གོ་རིམ་ལྟར་བཀོད་ཡོད། གཞན་ཏེ་ད་ལྟ་སྒྲུང་པ་མང་པོས་རང་གི་འདོད་མོས་ཇི་བཞིན་གླིང་སྒྲུང་གསར་པ་གང་མང་ཕབ་ཡོད་ཀྱང་དེ་དག་ཡོད་དོ་ཅོག་གི་བརྗོད་བྱའི་དོན་དེ་དག་གེ་སར་རྒྱལ་པོའི་མཛད་རྣམ་དང་མ་འབྲེལ་པ་གཅིག་ཀྱང་མེད་ཅེས་བརྗོད་བཞིན་འདུག འདི་ནི་གླིང་སྒྲུང་གི་ཐུན་མིན་གྱི་ཁྱད་ཆོས་ཡིན་པ་གོར་མ་ཆག་གོ།
བརྒྱད། མཇུག་བསྡུ་པའི་གཏམ།
གོང་དུ་ཚན་པ་བདུན་འདྲར་བགོས་ནས་གླིང་སྒྲུང་པར་གཞིའི་བྱུང་རིམ་དང་གྲུབ་ཚུལ། པར་གཞི་སྣ་ཚོགས་ཀྱི་ཁྱབ་ཡུལ། ཁྱབ་སྟངས། ཡིག་གཟུགས། དེབ་ཚད། བརྗོད་བྱ་གཙོ་བོ་བཅས་ཐད་དུ་དཔྱད་པ་རགས་ཙམ་བཏང་ཡང་དེ་འདྲ་དཔྱིས་ཕྱིན་པ་ཞིག་ཡོང་ཁག་པོ་འདུག གང་ལྟར་ཡང་པར་གཞི་རིག་པའི་ཐད་དུ་རྟོག་དཔྱོད་དང་ཞིབ་འཇུག་ལེགས་པོ་བགྱིས་ན་གླིང་སྒྲུང་གི་འབྱུང་ཁུངས་དང་འཕེལ་རིམ། འབྲེལ་བ། ད་ལྟའི་གནས་ཡུལ་སོགས་གསལ་བོར་རྟོགས་ཐུབ་ལ། ཆེད་མཁས་པ་རྣམས་ཀྱིས་ཀྱང་ཟུར་མང་པ་དང་ཕྱོགས་མང་པོའི་སྒོ་ནས་ཞིབ་འཇུག་བགྱིད་པར་ཡང་དག་གི་ཁ་ཕྱོགས་ཡོད་པ་དང་གྲུབ་འབྲས་ལེགས་པོ་འབྱུང་ངེས་ཡིན། མི་རིགས་གང་དང་ཡིག་ཚང་ག་འདྲ་ཞིག་ཡིན་ཡང་ཐོག་མར་ཡིག་ཚང་སྣ་ཚོགས་ཀྱི་པར་གཞི་དེར་ཡོངས་ཁྱབ་ཏུ་རྟོག་དཔྱོད་དང་ཞིབ་འཇུག་བྱ་རྒྱུ་ནི་མེད་དུ་མི་རུང་ངོ།། དེའི་རྒྱུ་མཚན་གཙོ་བོ་སྟེ། པར་གཞི་གང་དང་གང་ཡིན་ན་གྲུབ་པའི་དུས་དང་བཟང་ངན་གྱི་དབྱེ་བ། དེབ་ཆ་ཚང་དང་སྤུས་ལེགས་བཅས་སུ་ཤན་འབྱེད་གསལ་བོ་ཞིག་མ་ཐོན་ན། ཡང་ན་པར་གཞི་སོ་སོར་ངོས་འཛིན་གསལ་བོ་ཞིག་མ་བྱུང་ན་ཆེད་མཁས་པ་ཡིན་ཡང་འཁྱོག་ལམ་མམ་གོ་འཛོལ་སོགས་འབྱུང་སྲིད་པས་ཐུགས་སུ་འཛིན་པར་འཚལ་ལོ།།
གླིང་སྒྲུང་ཞིབ་འཇུག་པ་ལ་མཚོན་ན་ཞིབ་འཇུག་གི་མཇུག་འབྲས་ཏེ། སྒྲུང་དཔེ་ལག་བྲིས་མ་དང་ཤིང་དཔར་མའི་པར་གཞི་བརྒྱ་ཕྲག་དུ་མ་ལས་པར་གཞི་རེ་རེ་དུས་ནམ་ཞིག་ལ་གྲུབ་པ་དང་གཏམ་རྒྱུད་ཀྱི་གོ་རིམ་ཚང་མིན། ཚིག་དོན་གཉིས་ཀ་ཤིན་ཏུ་ལེགས་པའི་པར་གཞི་བཟང་ཤོས་དེ་གང་ཡིན་པ་དག་གསལ་བོར་ཤན་འབྱེད་ཐུབ་པས་ན། ཁྱེད་ཀྱིས་པར་གཞི་ཞིབ་འཇུག་ལ་གྲུབ་འབྲས་མངོན་གསལ་ཐོབ་པར་ཁས་མི་ལེན་པ་ཡོད་རེ་སྐན། སུས་ཀྱང་མཐེ་བོང་བསྒྲེངས་ནས་བསྔགས་པའི་མེ་ཏོག་འཐོར་ངེས་ལགས། ཕྱིས་སུ་ངེད་ཅག་གིས་པར་གཞིར་རྟོག་དཔྱོད་ཞིབ་འཇུག་སྐབས་སུ་མུ་མཐུད་དུ་དོ་སྣང་བྱ་དགོས་པའི་ལས་འགན་འགའ་མཆིས་པ་གཤམ་གསལ་ལྟར་རོ།།
གཅིག རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གླིང་སྒྲུང་པར་གཞི་མི་འདྲ་བ་སྣ་ཚོགས་ཡོད་པར་རྟོག་དཔྱོད་བགྱིད་པའི་སྐབས་སུ། ཐོག་མར་ང་ཚོས་ལག་བྲིས་མ་དང་ཤིང་དཔར་མ་གང་ཡིན་དང་། དུས་ནམ་ཞིག་ལ་མི་སུ་ཞིག་གིས་མ་ཡིག་ཏུ་བཅད་པ། གླེགས་ཤིང་དང་གླེགས་ཐག་ཡོད་མེད། ཡོད་ན་རྒྱུ་གང་ཞིག་གིས་གྲུབ་པ། ད་ལྟ་ལྕགས་དཔར་ལ་བཏབ་ཡོད་མེད་བཅས་པ་འདི་དག་ལ་རྟོག་དཔྱོད་གསལ་བོ་བྱ་དགོས་སོ།།
གཉིས། གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མའི་པར་གཞི་དེ་ཡུལ་ཁམས་ག་གེ་མོ་དེར་ཡུལ་གང་ཞིག་ནས་ཁྱབ་ཡོང་པ་དང་། ཡུལ་ག་གེ་མོ་དེར་ཁྱབ་པར་ནུས་པ་ཅི་ཞིག་ཐོན་ཡོད་པ། ཡིག་རིགས་གཞན་པར་བསྒྱུར་ཡོད་མེད། ད་ལྟ་མི་རིགས་གཞན་དང་ས་ཆ་གང་ན་ཡོད་པ། གཞུང་གི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པ། མི་སྒེར་གྱི་ལག་ན་ཉར་ཚགས་བྱས་ཡོད་པ་སོགས་གསལ་བོ་རྒྱུས་ལོན་བྱ་དགོས།
གསུམ། གླིང་སྒྲུང་པར་གཞི་སྣ་མང་ལ་རྒྱུས་ལོན་གྱི་གོ་རིམ་ཁྲོད་དུ་ཡིག་གཟུགས་དང་ཤོག་བུ་སྣག་ཚ་སོགས་ལ་དོ་སྣང་ལེགས་པོ་བྱ་དགོས། ད་ལྟ་ངེད་ཅག་གིས་མིག་ལམ་དུ་མངོན་པའི་གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མའི་པར་གཞི་ཐམས་ཅད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་མེད་གཉིས་ཀྱིས་བྲིས་ཡོད། ལག་བྲིས་མ་མང་ཆེ་ཤོས་དབུ་མེད་ཀྱིས་བྲིས་འདུག་ལ། ཤིང་དཔར་མ་ཡོད་དོ་ཅོག་དབུ་ཅན་གྱིས་བྲིས་འདུག ད་དུང་ལག་བྲིས་མ་ལ་ལ་དབུ་ཅན་དང་དབུ་མེད་བསྲེས་མས་བྲིས་འདུག ཤོག་བུ་དང་སྣག་ཚ་ཡང་རང་མི་རིགས་ཀྱི་ལག་རྩལ་ལས་ཐོན་པའི་ཐོན་རྫས་ཡོད་ལ། གཞན་མི་རིགས་ལས་ནང་འདྲེན་བགྱིས་པའི་ཐོན་རྫས་ཀྱང་ཡོད། དེབ་ཚད་ཀྱང་མདའ་ཚད་མ་དང་ཁྲི་གང་མ། མཐོ་གང་མ། ད་དུང་མགོ་བཙེམ་མ་བཅས་ཡོད་དོ།། འདི་ཐམས་ཅད་རྟོག་དཔྱོད་ལེགས་པོ་བྱ་དགོས་པའི་གཞི་ཡིན།
བཞི། ངེད་ཅག་གིས་གླིང་སྒྲུང་པར་གཞིར་ཞིབ་འཇུག་སྐབས་སུ་གོང་དུ་བརྗོད་ཟིན་པ་ལས་གཞན་ཏེ་པར་གཞི་སྣ་ཚོགས་ཀྱི་གཏམ་རྒྱུད་ཀྱི་གོ་རིམ་དང་སྒྲིག་གཞི། བརྗོད་བྱའི་དོན། རྗོད་བྱེད་ཀྱི་ཚིག མི་སྣའི་གཟུགས་བརྙན་བཞེངས་སྐྲུན། ངག་རྟ་དང་འདོན་དབྱངས་བཅས་པར་ཡོངས་ཁྱབ་ཀྱིས་རྒྱུས་ལོན་དང་ཞིབ་འཇུག་བྱ་དགོས། ད་དུང་སྒྲུང་དཔེ་གཅིག་ལ་པར་གཞི་འགའ་ཡོད་པ་རྣམས་ཕན་ཚུན་གཤིབ་བསྡུར་བགྱིས་ནས་མཚུངས་པའི་ཁྱད་ཆོས་དང་མི་མཚུངས་པའི་ཁྱད་ཆོས། ལེགས་ཤོས་ཀྱི་སྒྲུང་དཔེ་དང་ཞན་པའི་སྒྲུང་དཔེ་བཅས་ཀྱི་དབྱེ་བ་འབྱེད་གང་ཐུབ་བགྱིས་ནས་སྡོམ་ཚིག་ལེགས་པོ་འཇོག་པར་བརྩོན་དགོས་སོ།།
མཆན་འགྲེལ།
①《ནང་དོན་ཐ་སྙད་རིག་གནས་ཀྱི་གཞུང་གི་དོགས་གནས་འགའ་ཞིག་བྲིས་པའི་ལན་ཕྱོགས་གཅིག་ཏུ་བྲིས་པ་རབ་དཀར་པ་སངས》སྣ་རིང་མའི་ཤོག་གྲངས13—16ནས་གསལ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་གཉེར་ཡོད།
②《མདོ་སྨད་ཆོས་འབྱུང》 བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། 1982ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་234ལས་གསལ།
③《བསྟན་རྩིས་ཀུན་ལས་བཏུས་པ》 ཚེ་ཏན་ཞབས་དྲུང་གིས་བརྩམས། 1982ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་165ལས་དྲངས།
④《བོད་མིའུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》 1992ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་86—91ལས་གསལ།
⑤《གནའ་དེང་མཁས་པའི་གེ་སར་སྒྲུང་སྐོར་གྱི་གསུང་སྒྲོས་གཟི་ཡི་མགུལ་རྒྱན》 གཅོད་པ་དོན་གྲུབ་སོགས་ཀྱིས་འདེམས་སྒྲིག་བྱས། 2003ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཤོག་ངོས་414—415ལས་གསལ།
⑥《གནའ་དེང་མཁས་པའི་གེ་སར་སྒྲུང་སྐོར་གྱི་གསུང་སྒྲོས་གཟི་ཡི་མགུལ་རྒྱན》 གཅོད་པ་དོན་གྲུབ་སོགས་ཀྱིས་འདེམས་སྒྲིག་བྱས། 2003ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཤོག་ངོས་406ལས་གསལ།
⑦《གེ་སར་ཞིབ་འཇུག》2006ལོའི་དུས་དེབ་དང་པོའི་ཤོག་ངོས་76—77ལས་གསལ།
⑧《བོད་ཀྱི་པར་སྐྲུན་ལག་རྩལ་བྱུང་འཕེལ་སྐོར་གྱི་ཐོག་མའི་བསམ་གཞིག》 སངས་རྒྱས་མཁར། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2012ལོའི་དེབ་བཞི་པའི་ཤོག་ངོས་3ལས་གསལ།
⑨《བོད་ཀྱི་པར་སྐྲུན་ལག་རྩལ་བྱུང་འཕེལ་སྐོར་གྱི་ཐོག་མའི་བསམ་གཞིག》 སངས་རྒྱས་མཁར། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2012ལོའི་དེབ་བཞི་པའི་ཤོག་ངོས་4ལས་གསལ།
⑩《ཧོར་གླིང་གཡུལ་འགྱེད》 སྟོད་ཆའི་ཤོག་གྲངས་3ལས་གསལ། གཅོད་པ་དོན་གྲུབ་ཀྱིས་བསྒྲིགས། 2000ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑾《གེ་སར་དཔྱད་གཞི་ཕྱོགས་བསྒྲིགས》དེབ་གཉིས་པའི་ཤོག་གྲངས་1223ལས་གསལ། ཀྲོའུ་པིན་ལེས་བསྒྲིགས། 1990ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།