【སྒྲིག་པ་པོའི་ཆེད་འགོད】1950ལོར། གསར་དུ་དབུ་བརྙེས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅིངས་འགྲོལ་གྱི་དགའ་སྤྲོའི་ཁྲོད་དུ་གནས་ཤིང་། རྒྱལ་ཡོངས་མི་དམངས་ཀྱིས་མེས་རྒྱལ་འཛུགས་སྐྲུན་བྱེད་ཆེད་དཔའ་ངར་ཆེར་བསྐྱེད་ཀྱིས་གྲ་སྒྲིག་བྱེད་བཞིན་ཡོད། སྐབས་དེར་མི་ཁྲི་གཅིག་ལྷག་ཙམ་ཡོད་པའི་དཔུང་ཁག་ཅིག་གིས་མེས་རྒྱལ་སྐམ་ས་ཆེན་པོའི་ཆེས་མཇུག་མཐའི་ས་གནས་བཅིངས་འགྲོལ་གཏོང་ཆེད། གངས་རི་བརྒལ་ཏེ། ཐང་རྒོད་བརྒྱུད་ནས་དྲག་ཏུ་བཞུར་བའི་ཆུ་རྒྱུན་གྱི་ཁྲོད་ནས་མདུན་དུ་བསྐྱོད། ལོ་ངོ་69སོང་རྗེས་ཀྱི་དེ་རིང་རླབས་ཆེན་གྱི་མེས་རྒྱལ་ཉིན་རེ་བཞིན་སྟོབས་ཆེར་སོང་ཞིང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་སྔར་བཞིན་རྒྱུད་འཛིན་བྱེད་དགོས་ཀྱི་ཡོད་པས། ང་ཚོ་མཉམ་གཅིག་ཏུ་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་དེ་གསར་བརྗེའི་དྲན་ཤེས་ལ་བསྐྱར་དྲན་ཞིག་བྱ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་6པའི་ཚེས་2ཉིན། ཕག་མོ་རི་བོའི་འདབས་དང་། རྒྱུ་ལ་གཙང་བོའི་འགྲམ་ངོགས་སུ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་པའི་“བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པར་རྗེས་དྲན་ཞུ་བ་སྟེ། དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ།”ཞེས་པའི་ཉིན་དྲུག་རིང་གི་བྱ་འགུལ་དེ་མཇུག་རྫོགས། “དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་ཐེངས་གཅིག་བསྐྱོད་རྗེས། ལམ་བར་གྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་མཐོང་བས། སེམས་གཏིང་ནས་དགའ་སྤྲོ་སྐྱེས།”ཞེས་དགུང་ལོ་87ལ་སོན་པའི་དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་པ་ལི་ཡོན་ཧྲའོ་ཡིས་བྱ་འགུལ་གྱི་མཇུག་སྡོམ་ཚོགས་འདུའི་སྟེང་ཁོང་གི་ལམ་བར་ནས་བྱུང་བའི་མཐོང་ཐོས་སྐོར་ཕྱོགས་སྡོམ་སྒོས་དེ་ལྟར་བརྗོད་བྱུང་།
དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་དང་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པས་ཚོགས་འདུའི་ཡུལ་དངོས་སུ་བླངས་པའི་མཉམ་པར།
ཐེངས་འདིའི་“དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ།”ཞེས་པའི་བྱ་འགུལ་ཁྲོད་ཁྲེན་ཏུའུ་གྲོང་ཁྱེར་དང་ལྕགས་ཟམ་ཁ་རྫོང་། དར་མདོ་རྫོང་། བྲག་མགོ་རྫོང་། དཀར་མཛེས་རྫོང་། སྡེ་དགེ་རྫོང་བཅས་བརྒྱུད་པ་དང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་ནས་འབྲི་ཆུའི་འགྲམ་རྒྱུད་བརྒྱུད་པ་སྟེ། ལོ་དེར་དམག་སྡེ་བཅོ་བརྒྱད་པ་གཙང་བོ་བརྒལ་ནས་བོད་ལ་བསྐྱོད་པའི་ས་ཁུལ་ཁག་ལ་སོང་།
“བཅིངས་འགྲོལ་དམག་མི་ཡག་པོ་འདུག”ས་གང་དུ་སོང་རུང་། དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་པ་དང་འཐབ་མོ་བའི་རྗེས་རབས་པ་འོངས་པ་ཐོས་འཕྲལ། ས་གནས་དེ་གའི་མང་ཚོགས་ཀྱིས་དེ་ལྟར་དགའ་འབོད་བྱེད་བཞིན་ཡོད།
བོད་ལྗོངས་དམག་ཁུལ་གྱི་སྲིད་ཨུ་གཞོན་པ་སྔོན་མ་དང་དམག་སྡེ་བཅོ་བརྒྱད་པའི་སྔོན་གཤེགས་དཔའ་བོ་ཀྲང་ཧྥོ་ལིན་གྱི་ནུ་བོ་ཀྲང་ཧྥོ་ལི་དང་ས་གནས་དེ་གའི་ལས་བྱེད་མང་ཚོགས་ཕན་ཚུན་འབྲལ་མི་ཕོད་པའི་རྣམ་པ།
བོད་ལྗོངས་དམག་ཁུལ་གྱི་སྲིད་ཨུ་གཞོན་པ་སྔོན་མ་དང་དམག་སྡེ་བཅོ་བརྒྱད་པའི་སྔོན་གཤེགས་དཔའ་བོ་ཀྲང་ཧྥོ་ལིན་གྱི་ནུ་བོ་ཀྲང་ཧྥོ་ལི་ཡིས་ཐེངས་འདིར་རང་གི་བུ་ཁྲིད་ནས་བྱ་འགུལ་ལ་ཞུགས་ཡོད། མཇུག་སྡོམ་ཚོགས་འདུའི་སྟེང་ཁོས་བརྗོད་དོན། ང་ཚོ་ནི་བོད་སྐྱོད་རྒན་རབས་པའི་སྙིང་སྟོབས་ཀྱི་རྒྱུད་འཛིན་པ་ཡིན་ལ། གསར་བརྗེའི་ཁྱིམ་སྲོལ་དར་སྤེལ་བཏང་ནས། རྗེས་རབས་པས་ལོ་རྒྱུས་ལ་ཤེས་རྟོགས་དང་། ལོ་རྒྱུས་ཡིད་ལ་ངེས་པར་བྱེད་དུ་འཇུག་རྒྱུ་ནི་འགན་འཁྲི་ཞིག་ཡིན་ཞེས་ཟེར། དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ་ཞེས་པའི་བྱ་འགུལ་ཁྲོད། ལམ་བརྒྱུད་ས་ཁུལ་གྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་མཐོང་སྐབས། ཀྲང་ཧྥོ་ལི་སེམས་འགུལ་ཐེབས་པའི་སྒོ་ནས། གསར་བརྗེའི་སྙིང་སྟོབས་དང་ལམ་གཉིས་སྙིང་སྟོབས། མི་རིགས་ཀྱི་སྙིང་སྟོབས་སོགས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་སྔོག་མི་ཚར་བའི་གསར་བརྗེའི་ཐོན་ཁུངས་དང་། ལྗང་མདོག་ཐོན་ཁུངས། མི་རིགས་སྙིང་སྟོབས་ཀྱི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་མོད་ལ། མ་འོངས་པར་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་ཚད་མེད་པ་འབྱུང་བར་ང་ལ་ཡིད་ཆེས་ཡོད་ཅེས་ཟེར།
སྔོན་ཆད་ཀྱི་བོད་སྐྱོད་ལམ་བུར། གངས་རི་བརྒལ་ཅིང་རྩྭ་ཐང་བརྒྱུད་ནས། ལམ་བར་དུ་ཕྱོགས་གཅིག་ནས་ལམ་ལས་པ་དང་ཕྱོགས་གཅིག་ནས་འཛུགས་སྐྲུན་བྱས། དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྣམས་ཀྱིས་ཟུངས་ཁྲག་དང་རྔུལ་ཆུས་གཅིག་ནས་དཀའ་ངལ་ལ་མི་སྐྲག་ཅིང་། གཉིས་ནས་འཆི་བ་ལ་མི་སྐྲག་པ། དཀའ་སྤྱད་འབད་འབུངས་དང་ལམ་ལྟ་བུའི་སེམས་པ། དམག་དམངས་ཁྱིམ་གཅིག མི་རིགས་མཐུན་སྒྲིལ་བཅས་ཀྱི་ལམ་གཉིས་སྙིང་སྟོབས་བཅས་ལ་སྲེག་བཅད་བརྡར་གསུམ་བྱས། དེ་རིང་གི་བོད་སྐྱོད་ལམ་བུར་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་གསར་བརྗེའི་ཡུལ་སྐོར་ལས་རིགས་དར་ཞིང་རྒྱས། བྲག་མགོའི་ཐོན་ལས་གླིང་གིས་གསར་གཏོད་སྒོས་ “ས་འཕུར”དབུལ་སྐྱོར་རྣམ་པ་འཚོལ་ཞིབ་བྱས་ཏེ། གེ་སར་གནམ་གྲུའི་ཐང་མྱུར་བར་ཤར་གཏོང་ཐུབ་པ་དང་། ཁྲོ་ལའི་ཕུག་ལམ་གྱིས་འགག་བཙན་རྩ་གཏོར་དུ་བཏང་བ། མང་ཚོགས་རྣམས་མཐུན་སྒྲིལ་ངང་འབྱོར་འབྲིང་གི་ལམ་དུ་བསྐྱོད་པ་སོགས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་གི་རྣམ་པས་མི་རྣམས་ཀྱི་ཡིད་ཀྱི་དང་བ་འདྲེན་པར་བྱེད།
དམག་སྡེ་བཅོ་བརྒྱད་པའི་དམག་དཔོན་ཀྲང་ཀའོ་ཧྭ་ཡི་བུ་ཀྲང་ཞའོ་ཅོན་དང་ས་གནས་དེ་གའི་མང་ཚོགས་ཕན་ཚུན་འབྲལ་མི་ཕོད་པའི་རྣམ་པ།
“ལོ་དེར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མང་ཚོགས་དང་ཕ་མེས་རྣམས་ཡིད་སེམས་གཅིག་ཏུ་འདྲེས། དེང་སྐབས་ང་ཚོས་ལྷག་ཏུ་ཐོག་མའི་ཕུགས་འདུན་བརྗེད་མི་ཉན། ངས་རྒྱུན་དུ་ཐོག་མའི་ཕུགས་འདུན་ནི་ཅི་ཞིག་ཡིན་པར་བསམ་བློ་བཏང་བ་ཡིན། ད་ལྟ་དེའི་ལན་རྙེད་སོང་། ཕ་མེས་རྣམས་ཀྱི་གསར་བརྗེའི་དད་སེམས་ནི་ང་ཚོའི་ཐོག་མའི་ཕུགས་འདུན་རེད། ”དམག་སྡེ་བཅོ་བརྒྱད་པའི་དམག་སྤྱི་ཀྲང་ཀའོ་ཧྭ་ཡི་བུ་ཀྲང་ཞའོ་ཅོན་གྱིས་བློ་བརྟན་འགྱུར་མེད་ངང་བརྗོད་དོན། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གཅེས། །མཐུན་པའི་ལག་རྡང་སྦྲེལ་ནས་འབྱོར་འབྲིང་སྙེག །ཕ་མེས་ཀྱི་ཟུངས་ཁྲག་གིས་བརྫིས་པའི་དར་དམར་ལ་ཡང་བསྐྱར་བཀྲག་མདངས་གི་གཟི་འོད་སྣོན་པ་ནི་དུས་རབས་གསར་བའི་བོད་ཁུལ་འཛུགས་སྐྲུན་གྱི་སྒུལ་ཤུགས་རེད་ཟེར།
“ལམ་བར་དུ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་རྒྱས་ཀྱི་རྣམ་པ་མཐོང་བ་དང་། དེ་མིན་ལམ་བརྒྱུད་ཡུལ་ལྗོངས་ཀྱི་མཛེས་སྡུག་མཐོང་ལ། ས་གནས་དེ་གའི་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་འཚོ་བ་ཡང་མཐོང་། འདི་ཡོད་ཚད་ཀྱིས་ང་ཚོའི་ཕ་མེས་དག་གི་རྣམ་ཤེས་བདེ་བར་འཇུག་ཐུབ།”དམག་སྡེ་བཅོ་བརྒྱད་པའི་སྲིད་ཨུ་གཞོན་པ་སྔོན་མ་ཝང་ཆི་མའེ་ཡི་བུ་མོ་ཝང་ཁྲང་གིས་ཡིད་འགུལ་ཐེབས་པའི་ངང་ནས་བརྗོད་དོན། གསར་བརྗེའི་རིག་གནས་རྒྱུད་འཛིན་དང་། ཕ་མེས་ཀྱི་སྙིང་སྟོབས་རྒྱུད་འཛིན་བྱེད་པ་ནི་ང་ཚོའི་ལྡོག་མེད་ཀྱི་འགན་འཁྲི་རེད་ཟེར།
དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་པ་དང་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པས་ “དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ།”ཞེས་པའི་རུ་ཁག་གི་དར་ཆའི་སྟེང་མིང་ཐོ་འགོད་པ།
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་འཕེལ་འགྱུར་ཆེན་པོ་བྱུང་བ་དང་། གནའ་དེང་གི་བསྡུར་བ་ལས་གནམ་ས་བླ་འོག་བསྒྱུར་བ་ལྟ་བའི་ཁྱད་པར་མཐོང་དུས། ཕ་མེས་ཀྱིས་བཏོན་པའི་ནུས་ཤུགས་བསམ་མི་ཁྱབ་པ་དང་། ཕ་མེས་ཀྱི་སྙིང་སྟོབས་རིན་ཐང་ཆེ་བ་རྟོགས་ཐུབ། དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་པ་དང་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པས་བློ་བརྟན་འགྱུར་མེད་ངང་བརྗོད་དོན། དམག་སྡེ་བཅོ་བརྒྱད་པའི་དམར་པོའི་སྙིང་སྟོབས་མུ་མཐུད་ནས་རྒྱུད་འཛིན་བྱས་ཏེ། དར་དམར་ནམ་ཡང་ཉམས་པ་མེད་པར་བྱེད་དགོས་ཟེར།